ཆབ་མདོ་ངག་ཕུན་གྱིས།
གངས་རི་ཞིང་ལ་འཁྲུངས་པའི་གངས་རིའི་མགོན།།
གངས་ལྗོངས་བོད་མིའི་ཡོངས་ཀྱི་གཙུག་ནོར་མཆོག།།
འདི་ཕྱི་གཉིས་ཀྱི་མགོན་སྐྱབས་དྲིན་ཅན་རྗེ།།
འགྲོ་ཀུན་སྡུག་བསྔལ་མུན་པ་སེལ་པོ་མཆོག།།
གནས་མཆོག་སྟག་འཚེར་ཞེས་པའི་ཡུལ་ཕྱོགས་ལ།།
གངས་ཅན་སྲོག་ཤིང་༸མཐོང་བ་དོན་ལྡན་མཆོག།།
འཁྲུངས་ཏེ་གངས་ཅན་བོད་འབངས་ཡོངས་རྫོགས་ལ།།
དགའ་བདེའི་སྲོག་དབུགས་གསར་པ་སྦྱིན་གནང་མཛད།།
རྐང་ལམ་ཀྱག་ཀྱོག་རྒྱུད་དེ་དབུས་སུ་ཕེབས།།
ཡང་སྲིད་བཅོ་ལྔའི་དུང་ཟླའི་ངོས་འཛིན་དང་།།
གདོང་ལྔ་འབར་བའི་ཁྲི་ལ་མངལ་གསོལ་མཛད།།
༸རྒྱལ་མཆོག་ན་རིམ་མཛད་འགན་ཡོངས་སུ་བཞེས།།
གངས་ཅན་པ་རྣམས་ཞི་བདེ་བག་ཕེབས་ཀྱིས།།
རྟག་ཏུ་ནང་ཆོས་ཁོ་ནོར་བརྩོན་པ་ཡིན།།
འོན་ཀྱང་བཙན་རྒྱལ་དམར་པོའི་རིང་ལུགས་ཀྱིས།།
ཁ་དབྱངས་འཐེན་ནས་གངས་ལྗོངས་བཙན་གྱིས་འཕྲོག །
གངས་ལྗོངས་ཞིང་ལ་སྡུག་གི་མུན་པ་རུབ།།
ཆབ་སྲིད་ཛ་དྲག་འགྱུར་སྐབས་སྲིད་སྣེ་ཚོས།།
ང་མིན་ཁོ་མིན་བརྗོད་དེ་སྲིད་ལ་གཡོལ།།
གཞོན་ནུའི་ལག་ཏུ་སྲིད་དབང་བཙན་གྱིས་སྤྲད།།
གངས་ཅན་པ་ཡི་ཆབ་སྲིད་ཛ་དྲག་སྐབས།།
ཞུམ་མེད་ཆབ་སྲིད་ཐུགས་འགན་ཡོངས་སུ་བཞེས།།
དེང་མཐུན་ཆབ་སྲིད་བཅོས་བསྒྱུར་འགོ་བརྩམས་མཛད།།
གངས་ཅན་པ་ལ་སྲོག་དབུགས་གསར་པ་སྦྱིན།།
ཆོས་སྲིད་ཐུགས་འགན་ལེགས་པར་ཡོངས་སུ་བཞེས།།
བོད་རྒྱལ་ཞི་འགྲིགས་ཡོང་བ་རིམ་པར་མཛད།།
འོན་ཀྱང་རྒྱ་གཞུང་གཡོ་སྒྱུའི་སྣ་ཚོགས་ཀྱིས།།
མི་ཡུལ་ལུང་ལ་བཙན་བྱོལ་ཕེབས་དགོས་བྱུང་།།
མི་ཡུལ་ས་ཆ་ལག་མཐིལ་ཙམ་མེད་ཀྱང་།།
ཞུམ་མེད་བདེན་པའི་དར་ཆེན་དཀར་པོ་འཕྱར།།
འཆར་གཞི་ལྡན་པའི་བཙན་བྱོལ་སྒྲིག་འཛུགས་བཙུགས།།
གངས་ཅན་བདེན་དོན་འཛིན་མའི་ཁྱོན་དུ་ཁྱབ།།
ཉིན་མཚན་རྟག་ཏུ་གཞན་དོན་ཁོ་ནར་མཛད།།
བྱང་ཆུབ་སེམས་དཔའི་སྤྱོད་པའི་མཛད་པར་བསྐྱངས།།
ཆོས་མེད་པ་ལ་ཆོས་ཀྱི་སྒྲོན་མེ་སྤར།།
འཛིན་མའི་ཁྱོན་ལ་ཕན་བདེའི་ལམ་བཟང་བསྐྲུན།།
མགོན་པོའི་མཛད་པ་འཛིན་མའི་ཁྱོན་ལ་ཁྱབ།།
འཛམ་གླིང་ཞི་བདེའི་དེད་དཔོན་ངོས་འཛིན་གྱིས།།
སྙན་གྲགས་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད།།
མགོན་ཁྱེད་མཛད་པ་ས་གསུམ་ཁྱབ་པར་གྱུར།།
གངས་ཅན་པ་ཡི་ན་གཞོན་ཕོ་མོ་ལ།།
གནའ་དེང་བྲལ་མེད་ཤེས་རིག་བརྩོན་ས་ལ།།
ཁོར་ཡུག་བཟང་པོ་ཡོངས་སུ་ལེགས་བསྐྲུན་མཛད།།
བཀའ་དྲིན་ཆེ་འོ་ཞི་བདེ་དེད་དཔོན་མཆོག།།
དེང་རབས་མཐུན་པའི་ཡང་དག་མང་གཙོའི་ལམ།།
གངས་ཅན་པ་ལ་མང་གཙོའི་གསོལ་རས་གནང་།།
ཁྱེད་ཀྱི་མཛད་འཕྲིན་འཛིན་མའི་ཁྱོན་དུ་ཁྱབ།།
བཀའ་དྲིན་ཆེ་འོ་ཞི་བདེ་དེད་དཔོན་མཆོག།།
སྐྱེ་འགྲོ་ཀུན་ལ་ཕན་བདེ་བསྒྲུབ་ཆེད་དུ།།
ངལ་བ་ལྷོད་མེད་ཡུལ་གྲུ་ཁག་ལ་ཕེབས།།
འཚེ་མེད་ཞི་བའི་ལམ་བཟང་སྟོན་གནང་མཛད།།
བཀའ་དྲིན་ཆེ་འོ་ཞི་བདེ་དེད་དཔོན་མཆོག།།
འཚེ་མེད་ཞི་བའི་འོད་སྣང་ཕྱོགས་ཀུན་ཁྱབ།།
རང་ལྟ་མཆོག་འཛིན་མུན་པ་ཕར་མཐར་བྲོས།།
རང་ལས་གཞན་གཅེས་ལྟ་བ་གོང་དུ་འཕེལ།།
བཀའ་དྲིན་ཆེ་འོ་ཞི་བདེ་དེད་དཔོན་མཆོག།།
དགུང་གྲངས་གྱ་གཉིས་ཕེབས་པའི་མགོན་མཆོག་གིས།།
གཞན་དོན་ལྷག་བསམ་དཀར་པོའི་དར་ཆེན་འཕྱར།།
བརྩོན་འགྲུས་ལྷོད་པ་མེད་པར་རླུང་གིས་བསྐྱོད།།
འགྲོ་ཀུན་ཉེ་རིང་མེད་པ་ཐར་ལམ་བསྟན།།
གངས་རི་ལྗོངས་ཀྱི་༸ཡིད་བཞིན་ནོར་བུ་མཆོག།།
དགུང་གྲངས་གྱ་གཉིས་ཕེབས་པའི་འཁྲུངས་སྐར་ལ།།
སེམས་ནང་གང་ཤར་རྗེས་དྲན་མཚོན་སླད་དུ།།
ཚིགས་སུ་བཅད་དེ་ལྷུག་པར་བརྗོད་འདི་དགེ།།
ཞེས་པ་འདི་ནི་བོད་མི་རིགས་ལ་བཀའ་དྲིན་བླ་མེད་དུ་༸རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་གྱ་གཉིས་ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་བཀའ་དྲིན་རྗེས་དྲན་མཚོན་སླད་དུ་ཤར་མཐའི་སྤྲང་འཁྱམས་པ་ཆབ་མདོ་ངག་ཕུན་གྱིས། ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༥ ཕུལ།
ལྷག་བསམ་དཀར་པོའི་བསྟོད་པའི་སྨོན་ཚིག་ལ་།
ཡང་དག་དོན་གྱིས་ནུས་པ་ཆེ་ཆེར་གསལ་།
གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་མཆོག་།
དགུང་གྲངས་གྱ་གཉིས་བསུ་བའི་རྟེན་འབྲེལ་ཞུ་།
ས་གསུམ་ཆོས་ཀྱིས་གྲང་ཆར་བསིལ་མས་ཁྱབ་།
ཡང་དག་ལྟ་བ་གཞན་ཕན་བྱང་སེམས་བསྟན་།
ལས་ངན་སྨོན་ལོག་ནག་ཕྱོགས་བདུད་དཔུང་ལ་།
རྒྱལ་སྲས་སྤྱོད་པས་སྙིང་རྗེའི་སྤྱན་འོག་བཟུང་།
ཐབས་མཁས་ཐུགས་རྗེ་གཞན་ཕན་བྱང་ཆུབ་སེམས་།
འགྲོ་དྲུག་སེམས་ཅན་མཐར་ལམ་སྟོན་མཛད་ལ་།
ཉིན་ཚན་དུས་དྲུག་ཆོས་ཀྱིས་འཁོར་ལོ་བསྐོར་།
འཛམ་གླིང་ཞི་བདེའི་ས་བོན་གང་གིས་བསྐྲུན་།
སྔོན་སྐལ་བ་སྟོང་གི་སྔ་རོལ་ན་།
ལས་སྨོན་ལམ་རྟེན་འབྲེལ་འགྲིག་པ་ནས་།
བོད་གངས་ལྗོངས་ལུས་ཅན་གང་གི་འདུལ་།
བསམ་བཞིན་དུ་བོད་འབངས་བསོད་ནམས་འཐུ་།
༄༅། གསེར་གསེར་པོའི་ཉི་མ་ཤར་འདྲ་བོ།།
ཁོང་རྒྱལ་བ་བསྟན་འཛིན་རྒྱ་མཚོ་རེད།།
ས་གོ་ལར་ཞི་བདེ་སྤེལ་མཛད་ཅིང།།
མགོན་ཁོང་གི་ཐུགས་བཞེད་འགྲུབ་གྱུར་ན།།
བོད་ཁ་བའི་ལྗོངས་ལ་ངེས་ཕེབས་མཛོད།།