སངས་རྒྱས་ཀྱི་འཁྲུངས་སྐར་ལ་ཕུལ་བ།
ཀླུ་སྨྱོན།
དེ་དུས་ཀྱི་ཁྱེད་ནི།
བྱམས་ལྡན་ཨ་མས་བསྐྱུར་པའི་དྭ་ཕྲུག་ཅིག
བྱམས་ལྡན་ཨ་མ་དྲན་པའི་དྭ་ཕྲུག་ཅིག
ཨ་མའི་ནུ་ཞོ་མཁོ་བའི་དྭ་ཕྲུག་ཅིག
ཨ་མའི་དྲོད་ཁོལ་དགོས་པའི་དྭ་ཕྲུག་ཅིག
རྒྱལ་སྲས་ཆུང་ཆུང་ཞིག་གམ།
དྭ་ཕྲུག་སྙིང་རྗེ་བོ་ཞིག་གིས།
མིག་ཟུང་རིག་རིག་ཏུ་བལྟས་ཀྱང་།
སྐད་ངག་འཛེར་འཛེར་དུ་ངུས་ཀྱང་།
ཁྱེད་ཀྱི་ཨ་མས།
ཁྱེད་དང་ཁྱེད་ཀྱི་ཨ་ཕ་བསྐྱུར་ནས།
མཐོ་རིས་ཀྱི་འཇིག་རྟེན་དེར་གཤེགས་སོང་།
ང་རང་ལུམ་བྷི་ནིར་བསླེབས་ཐེངས་རེ་རེར།
ཨ་མས་བསྐྱུར་པའི་དྭ་ཕྲུག་ཅིག་གི་ངུ་སྐད་ཐོས་འོང་ལ།
ཨ་མས་བསྐྱུར་པའི་བུ་ཆུང་ཞིག་གི་རྐང་རྗེས་མཐོང་ཡོང་།
དེ་དང་མཉམ་དུ།
ངའི་མིག་ཆུ་དྲོན་མོ་ཐིགས་པ་འགའ་ཡང་ཁྱེད་ཀྱི་ལྟེ་ཁྲག་འཐོར་བའི་གནས་དེར་སིམ་འགྲོ
བྱང་སེམས་སྲིད་པ་ཐ་མ་བ་ཞིག་ཡིན་ཡང་རུང་།
རྒྱལ་ཕྲན་ཆུང་ཆུང་ཞིག་གི་སྲས་པོ་ཡིན་ཡང་ཆོག
བྱམས་ལྡན་ཨ་མ་མེད་ཚེ།
དྲག་ཆར་ཁྲོད་ཀྱི་མེ་ཏོག་ཆུང་ཆུང་ཞིག་ཇི་བཞིན།
ཇི་འདྲའི་ཁེར་རྐྱང་ཞིག་རེད་ཨང་།
རྒྱལ་པོ་ཟས་གཙང་ཅི་འདྲ་བྱམས་ན་ཡང་།
སྐྱེ་རྒུའི་བདག་མོ་ཅི་ཙམ་བརྩེ་ན་ཡང་།
དྲིན་ཆེན་ཨ་མ་མེད་པའི་དྭ་ཕྲུག་ཁྱེད་ཉིད།
ཉིན་མཚན་མེད་པར་མིག་མཐའ་མཆི་མས་བརླན་ཅིང་།
དུས་ཚིགས་བཞི་བོར་སེམས་རྩ་སྐྱོ་བས་ཁེངས་ཡོད་ཨང་།
དཔེ་ཁུག་ཆུང་ཆུང་དེ་ཁུར་ནས་སློབ་གྲྭར་འགྲོ་དུས་སུ།
ན་ཆུང་མཛེས་མའི་བྲང་གཞུང་ན་བདེ་བས་བཟི་དུས་སུ།
ནེ་ར་ཛྙ་ནར་ལོ་དྲུག་དཀའ་བ་སྤྱོད་དུས་སུ།
བྱང་ཆུབ་ཤིང་དྲུང་དུ་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་དུས་སུ།
ཁྱེད་ཀྱིས་རང་གི་དྲིན་ཅན་ཨ་མ་དྲན་པའི་གདུང་བ་བརྗེད་མ་མྱོང་ལ།
ཝ་ར་ན་སིར་ཆོས་ཀྱི་འཁོར་ལོ་སྐོར་དུས་སུ།
གྲོང་སྒོ་ཉུལ་ནས་བསོད་སྙོམས་སློང་དུས་སུ།
བྱ་རྒོད་ཕུང་པོའི་རི་ལ་འཛེག་དུས་སུ།
ཆུ་བོ་གངྒྰའི་ཕར་ཁར་བརྒལ་དུས་སུ།
ཁྱེད་ཀྱིས་རང་གི་མ་ཡུམ་གྱི་བརྩེ་བའི་ཞལ་རས་ནམ་ཡང་བརྗེད་མྱོང་མེད།
ཁྱེད་ཀྱིས་བསྩལ་པའི་ལེགས་བཤད་དག་ལས།
འགྲོ་དྲུག་སེམས་ཅན་རང་གི་ཕ་མ་ཡིན་པར་བསྒྲུབས་ཤིང་།
དེ་ལས་ཀྱང་།
སེམས་ཅན་ཐམས་ཅད་རང་གི་ཨ་མ་ཡིན་པར་བསྟན་ཡོད།
ཁྱེད་ཀྱིས་སུན་སྣང་ཅི་ཡང་མེད་པའི་སྒོ་ནས།
འགྲོ་དྲུག་རང་གི་ཨ་མ་ཡིན་པར་ངོ་ཤེས་དགོས་ཤིང་།
རང་གི་ཨ་མར་དྲིན་ལན་འཇལ་དགོས་ཞེས།
ཁྱེད་ཀྱི་སྐུ་ཚེ་གང་བོར་ཡང་ཡང་གདམས་ཡོད་ཨང་།
ཁྱེད་སངས་རྒྱས་པ་དེ།
གྲངས་ལས་འདས་པའི་གདུལ་བྱ་དག་གི་ཆེད་དུ་ཡིན་ཆོག་ལ།
ཁྱེད་སངས་རྒྱས་པ་དེ།
ཁྱེད་ཀྱི་ཨ་མར་ཐུག་ཕྱིར་ལྷ་ཡུལ་དུ་བགྲོད་ཐུབ་པའི་ཆེད་དུ་ཡིན་ཡང་ཆོག
ད་ལྟ།
ལུམ་བྷི་ནིའི་དྭ་ཕྲུག་ཁྱེད།
འཛམ་གླིང་འདིའི་ཏོག་ཏུ་འགྲེངས་ཏེ།
ས་ཡ་བརྒྱ་ཕྲག་བརྒལ་བའི་འགྲོ་བ་སེམས་ཅན་དག་ལ།
འོད་ཀྱིས་སྒེག་པའི་མདུན་ལམ་ཞིག་བསྟན་པར་བསམས་ན།
དེ་དུས་ཁྱེད་ཀྱི་ཞབས་འོག་ནས་མེ་ཏོག་བཞད་པའི་གཏམ་རྒྱུད་དེ་ལ་ང་རང་ཡིད་ཆེས་ཐུབ།
ཨ་ལགས་ལ་ཞུ་རྒྱུ། རླབས་ཆེན་གྱི་སྟོན་པ་མཆོག་ལ་དྭ་ཕྲུག་ཅེས་ངན་སྨྲས་མ་བྱེད་མ་གཏོགས་ཁྱེད་རང་སྐྱེ་བ་ལྔ་བརྒྱར་དྭ་ཕྲུག་ཏུ་གྱུར་ངེས
ཀླུ་སྨྱོན་མ་གོ་བར་ཡུན་རིང་སོང་ཀྱང༌། ད་ལྟ་ལུམ་བྷི་ནི་རུ་སྐུ་འཁྲུངས་ཡོད་པར་དགའ་ཚོར་དཔག་མེད་བྱུང༌། ཕལ་ཆེར་སྟོན་པ་ཤཱཀྱ་ཐུབ་པའི་ཡང་སྲིད་དུ་བསམ་བཞིན་སྐྱེ་བ་བཞེས་པ་ཞིག་ཡིན་ངེས།
དག་ཡིག་གསར་བསྒྲིགས་ལས། དྭ་ཕྲུག ཆུང་དུས་ཕ་མ་ཤི་བའི་བྱིས་པ་སྤྱིའི་མིང་།
བོད་རྒྱ་ཚིག་མཛོད་ཆེན་མོར། དྭ་ཕྲུག ཆུང་དུས་ནས་ཕ་མ་ཤི་བའི་ཕྲུ་གུ
ཡིན་ན་ཡང་དྭ་ཕྲུག་ཅེས་པའི་ཐ་སྙད་འདི་ལ་ཞེ་ས་སྦྱོར་སྟངས་མ་ཤེས།
ཨ་ཁུའི་རིག་པའི་སོར་མོ་ཡིས། །
ཨ་ཅག་སངས་རྒྱས་བཅོམ་ལྡན་གྱི། །
ཨ་མའི་མངའ་ལས་འཁྲུངས་རབས་སོགས། །
ཨ་ན་མ་ན་བྲིས་འདུག་མོད། །
ཨ་ཅག་སངས་རྒྱས་སྐུ་ན་གཞོན་གཞོན་སྐབས། །
ཨ་ཅག་ན་ཆུང་མཛེས་མར་བསྟེན་རབས་སོགས། །
ཨ་ཁུས་འདི་ཡི་ནང་ལ་མ་བྲིས་པས། །
ཨ་བུའི་སེམས་པ་ཅུང་ཙམ་ཕམ་སོང་ཐལ། །
ཨེ་མ་ཧོ། །
ན་མོ་མ་ཧྰ་གུ་རུ་ཤྰཀྱ་མུ་ནེ་ཡེ། །
ཡེ་སངས་རྒྱས་པའི་རྒྱལ་བ་བཅོམ་ལྡན་འདས། །
ཡང་སངས་རྒྱས་པའི་ཚུལ་བསྟན་བསམ་བཞིན་བྱོན། །
རྩོད་ལྡན་སྙིགས་མ་ལྔ་བདོའི་འདྲེན་པའི་བདག །
ཐུབ་དབང་ལྷ་ཡི་ལྷ་མཆོག་རྒྱལ་གྱུར་ཅིག །
དགའ་ལྡན་ལྷ་ཡི་གནས་ནས་བསམ་བཞིན་ཕེབས། །
གཟིགས་པ་རྣམ་ལྔས་སྲིད་པ་བསམ་བཞིན་བཞེས། །
སྨོན་ལམ་རྒྱ་མཚོར་མཐར་ཕྱིན་ཤྰཀྱའི་སྲས། །
བདག་ཅག་བསྟན་པའི་བདག་པོ་རྒྱལ་གྱུར་ཅིག །
ཕུན་ཚོགས་སྡེ་བཞིའི་དཔལ་ཡོན་ལྷུན་གྱིས་གྲུབ། །
འཁོར་བ་ཞེན་ལོག་ངེས་འབྱུང་བཅོས་མིན་འཁྲུངས། །
དཀའ་སྤྱད་མཛད་པའི་བྱང་སེམས་བདག་ཉིད་ཆེ། །
ཡང་གསང་བསྟན་པའི་བདག་པོ་རྒྱལ་གྱུར་ཅིག །
བདེན་བཞི་ཆོས་འཁོར་རྣམ་བཞི་འཁོར་ལ་བསྐོར། །
ཐེག་པའི་སྙིང་པོ་བྱང་སེམས་གདམས་པ་བསྩལ། །
ཚེ་གཅིག་འོད་སྐུར་གྲོལ་བའི་མྱུར་ལམ་སྟོན། །
མཉམ་མེད་ཐུབ་པའི་དབང་པོ་རྒྱལ་གྱུར་ཅིག །
བདེན་བཞིའི་གདམས་པ་དྲན་པའི་སྙིང་གྲོགས་ཚོ། །
བསླབ་གསུམ་ཉམས་ལེན་གནང་བའི་ཆོས་མཆེད་རྣམས། །
བདེན་གཉིས་མ་ནོར་མཁྱེན་པའི་དཔྱོད་ལྡན་དག །
ཚེ་གཅིག་སངས་རྒྱས་ཐོབ་རྣམས་རྒྱལ་གྱུར་ཅིག །
བཀའ་དྲིན་རྗེས་སུ་དྲན་པ་དམ་པའི་གཤིས། །
དྲིན་ལན་བརྗེད་དུ་མེད་པར་ཡ་རབས་སྲོལ། །
བཟང་ངན་ཁྱད་པར་མཐོང་བའི་ངེས་ཤེས་ཅན། །
འཁོར་འདས་ཕན་བདེའི་གྲོགས་ཀུན་རྒྱལ་གྱུར་ཅིག །
དེ་ལྟར་སྟོན་དང་བསྟན་པ་རྣམ་དག་ལ། །
མི་ཕྱེད་དད་པའི་གསོལ་འདེབས་དགེ་ཚོགས་ཀུན། །
ཀུན་བཟང་མཆོད་སྤྲིན་ཆེན་པོས་རྒྱས་བཏབ་ནས། །
རྒྱལ་བ་མཆོད་དང་འགྲོ་ཀུན་ཕན་བདེར་བསྔོ། །ཞེས་པ་འདི་ནི་མཁས་དབང་ཀླུ་སྨྱོན་པས་དྭ་ཕྲུག་གི་རྗེས་དྲན་ཞེས་པ་འདི་མཐོང་མ་ཐག་ཏུ་སེར་གཟུགས་གྱི་ན་བ་ཤྲྰི་སྨྱོན་པས་ཅི་དྲན་དུ་མྱུར་བྲིས་བགྱིས་པ་དགེའོ། །
མ་ཤི་བའི་དྭ་ལུ་དང་ཕ་ཤི་བའི་དྭ་ཕྲུག་ཅེས་དྭ་ལུ་དང་དྭ་ཕྲུག་གི་ཁྱད་པར་ཡོད་པར་སྣང་ངོ་།
ས་ག་ཟླ་བའི་ཡར་ཚེས་བཅོ་ལྔ་དུས། །
གློ་གཡས་ནས་བལྟམས་རྒྱན་དང་ན་བཟའ་རྫོགས། །
རྒྱལ་སྲས་གཞོན་ནུ་དོན་གྲུབ་ནི། །
དྭ་ཕྲུག་ཡིན་ནམ་དར་ཕྲུག་རེད། །
ཨ་མ་མེད་ཀྱང་མ་མ་མང་། །
ཨ་ཕ་རྒྱལ་པོ་ཡོད་པའི་སྲས་རེད། །
དྭ་ཕྲུག་མ་རེད་དར་ཕྲུག་རེད། །
དྭ་ཕྲུག་སྐྱོབས་ཕྱིར་ཕྱེད་དྭ་ཕྲུག །
སྟོན་པའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས། །
རྒྱལ་སྲས་གཞོན་ནུ་དོན་གྲུབ་ནི། །
དྭ་ཕྲུག་ཡིན་དང་དར་ཕྲུག་རེད། །
ཨ་མ་མེད་ཀྱང་མ་མ་མང་། །
ཨ་ཕ་རྒྱལ་པོ་ཡོད་པའི་སྲས། །
དྭ་ཕྲུག་མ་རེད་དར་ཕྲུག་རེད། །
དྭ་ཕྲུག་སྐྱོབས་ཕྱིར་ཕྱེད་དྭ་ཕྲུག །
ས་ག་ཟླ་བའི་ཡར་ཚེས་དུས་བཟང་འདིར། །
ཕྱོགས་དང་ཕྱོགས་སུ་དགའ་བའི་དཔལ་ལ་རོལ། །
གུས་པ་སྡོད་སའི་གྲོང་ཁྱེར་ཆེན་པོར་འདིར། །
ཐེ་ལན་ཌི་ཡི་ཡུལ་གྱར་ནང་བ་ཚོས། །
རིན་ཆེན་ལས་གྲུབ་ཐུབ་དབང་སྐུ་བརྙན་དྲུང་། །
མངར་ཟས་སིལ་ཏོག་མཆོད་རྫས་རིགས་སྣ་ཚོགས། །
རབ་ཏུ་སྤུངས་ཏེ་མདུན་ཐང་ངོས་ཡངས་སུ།
གླུ་དང་གར་དང་རོལ་མོའི་དགའ་སྟོན་བྱེད། །
དེས་ན་རང་རེ་བོད་མི་རྣམས་ཀྱིས་ནི། ། ། །
དགེ་འདུན་ཆོས་འཕེལ་གྱིས། བདུད་ཀྱི་མཚོན་ཆ་རྩུབ་མོ་དག་ལ་འཇམ་མཉེན་མེ་ཏོག་ལན་དུ་བྱིན། །སོགས་ཀྱིས་སྨད་པའི་ཟོལ་གྱིས་ཐུབ་པའི་དབང་པོའི་ཡོན་ཏན་གསལ་བར་བྱས་པ་འདི་འདྲ་ཞིག་བབ་དཔེ་ཤུས་ཁུལ་གྱིས་ཧེ་རུ་གང་གིས་སྤངས་རྟོགས་ཡོངས་སུ་རྫོགས་པའི་ཐུབ་པའི་དབང་པོར་དྭ་ཕྲུག་ཅེས་འབོད་ནས་མཁས་ཉམས་སྟོན་ཁུལ་གནང་འདུག་ཀྱང་། སྤྱིར་ཁ་མིག་ཡར་བལྟས་མཁས་པའི་རྗེས་སུ་འཇུག་འོས་ཀྱང་དུས་སྐབས་མ་འགྲིག་ན་སྟག་མཆོང་ས་ཝ་མཆོང་བས་རྐེད་པ་ཆག་པའི་གཏམ་བཞིན་འགྱུར་སྲིད། ངས་ནི་དཔག་ཚོག་ཀྱིས་གོ་བ་ལེནཁུལ་བྱས་ཀྱང་དྭ་ཕྲུག་ཟེར་དུས་རང་ལས་དམན་པའི་ཡུལ་ཞིག་ལ་མ་གཏོགས་གོ་མི་ཐུབ་འདུག
སྤྱིར་སྟོན་པ་ཐུབ་པའི་དབང་པོའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཤོག་བྱང་སྲོལ་གཏོད་གནང་བར་ཐུབ་པའི་རྗེས་འཇུག་ཅིག་གི་ངོས་ནས་རྗེས་སུ་ཡི་རངས་ཞུ།
ཁ་པའི་ས་ཟླའི་དགེ་གསོག
ཁ་བ་རི་པའི་ནང་པ་ཚོས། །
ཁ་ཞེ་གཉིས་མེད་སེམས་གཏིང་ནས། །
ཁ་ཟས་ཟས་ཕུད་ཡར་འབུལ་དང་། །
ཁ་ལག་དངུལ་ལྷག་མར་སྦྱིན་དགོས། །
ཁ་ནང་ཤ་ཆང་ཐ་མག་དང་། །
ཁ་ནས་ང་འཁྱལ་ཚིག་རྩུབ་སྤོངས། །
ཁ་རོགས་མ་སྡོད་མ་ཎི་དྲོངས། །
ཁ་ལ་ཁ་ཟས་མི་ཆད་ལྟར། །
ཁ་ཏོན་འདོན་པ་མ་ཆད་དགོས།
ཁ་ནས་ཞེ་ས་གང་ཐོན་གྱིས། །
ཁ་ཤས་རང་གཞན་དོན་འགྲུབ་ལྟར། །
ཁ་དང་ལག་པ་མཉམ་པར་ཤོག །