འབྲིང་བ་འཇིགས་མེད།
༄༅།། བྱ་བྱེད་ལས་གསུམ་ནི་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་དང་ལག་ལེན་གཉིས་ཀའི་ནང་གི་དོན་གནད་གལ་ཆེ་བ་ཞིག་ཡིན་ལ། མཁས་པ་འགའ་ཞིག་གིས་འདིའི་བྱ་ནི་བྱ་བའི་ཡུལ་དང་། བྱེད་ནི་བྱེད་པ་པོ། ལས་ནི་བྱ་ལས་བྱེད་ལས་གཉིས་འདུས་ཀྱི་བྱ་བ་ལ་བཞེད་པ་ཡོད་ཀྱང་། འདིར་ནི། ས་སྐྱ་པཎྜིཏའི་མཁས་འཇུག་ཏུ། ལས་དང་བྱེད་པོ་བྱ་བ་ཡི། །ཚིག་དོན་སྦྲེལ་ལ་ངག་དོན་བླང། །ལས་ནི་འབྲས་ཆན་ལ་སོགས་པའོ།། བྱེད་པ་པོ་ནི་ལྷས་བྱིན་ལ་སོགས་པའོ།། བྱ་བ་ནི་འཚེད་པར་བྱེད་པའོ།། དེ་བཞིན་དུ་ཕྱག་འཚལ་བའི་བཤད་པར་བྱ་བ་ལ་ཡང་། ལས་ནི་སངས་རྒྱས་ལ་སོགས་པ། བྱེད་པ་པོ་ནི་བརྒྱ་བྱིན་ལ་སོགས་པའི་གང་ཟག བྱ་བ་ནི་ཕྱག་འཚལ་བ་ལ་སོགས་པའོ།། དེ་བཞིན་དུ་བཤད་པར་བྱ་བ་ལ་ཡང་། གང་བཤད། གང་གིས་བཤད། ཇི་ལྟར་བཤད་ཅེས་བྱ་བ་ལ་སོགས་པ་ཐམས་ཅད་དུ་སྦྱར་ལ་ཤེས་པར་བྱའོ།། ཞེས་དང་། གསེར་ཏོག་སུམ་རྟགས་ལས། བྱེད་པ་པོས་ལས་སུ་བྱ་བ་གང་བྱ་རྒྱུ་དེ་བགྱི་བ་ལ་བྱ་བ་དང། བྱ་བ་དེ་བྱེད་པ་པོ་གཙོ་བོ་དང་བྱེད་པ་ཕལ་བ་གཉིས་ལ་བྱེད་པ་དང་། ལས་གང་བྱ་བའི་ཡུལ་ལ་ལས་ཞེས་བྱའོ།།ཞེས་སོགས་མཁས་པ་སྔ་ཕྱི་སྤྱིའི་བཞེད་སྲོལ་ཡོངས་གྲགས་སུ་གྱུར་པ་འདིའི་དབང་དུ་བྱས་ནས། བྱ་ནི་བྱ་བ། བྱེད་ནི་བྱེད་པ་པོ། ལས་ནི་བྱ་བའི་ཡུལ་ལམ་ལས་ཀྱི་དངོས་པོ་ལ་བྱས་ཏེ། ཐ་སྙད་དེ་གསུམ་གཙོར་བྱས་པའི་འབྲེལ་ཡོད་ཐ་སྙད་གཙོ་ཆེ་བ་འགའ་ཞིག་གི་དོན་གོ་བདེ་བར་བཤད་ན།
༡ ༽ བྱ་བ།
འདི་ནི་དོན་བཞི་ལ་འཇུག་སྟེ། ༡ ལས་ཀའམ་དོན་དག་གང་རུང་གི་སྤྱི་ལྡོག་ཙམ་ལ་གོ་བ་ནི། དཔེར་ན། ཁྱེད་ལ་དེ་རིང་བྱ་བ་ཅི་ཞིག་ཡོད་ཅེས་པའམ། ཡང་ན་ཁྱེད་ཀྱིས་བྱ་བ་ཅི་ཞིག་བྱེད་ཀྱི་ཡོད་ཅེས་དྲིས་པར། ངས་དེ་རིང་གྲོགས་པོ་འགའ་ལ་འཕྲིན་ཡིག་རེ་གཏང་དགོས། དེ་མིན་བྱ་བ་གཞན་མེད། ཅེས་པ་ལྟ་བུའམ། ཡང་ན། ངས་འཕྲིན་ཡིག་གཏོང་གིི་ཡོད། ངས་འཕྲིན་ཡིག་བཏང་བ་ཡིན། ཞེས་པ་ལྟར་འཕྲིན་ཡིག་གཏོང་བའི་ལས་ཀ་ཧྲིལ་པོའམ་སྤྱི་ལྡོག་ཙམ་ལ་བྱ་བ་ཞེས་བརྗོད་པ་ལྟར་ཡིན། སྤྱིར་བྱ་བ་ལ་བྱ་བྱེད་ཐ་དད་མི་དད་ཀྱི་བྱ་བ་རིགས་གཉིས་ཡོད་པ་འོག་ཏུ་འཆད་པར་འགྱུར།
༢ བྱ་བའི་ཡུལ་ལམ་ལས་ཀྱི་དངོས་པོ་སྟེ་བསྒྲུབ་བྱའི་དངོས་པོ་ལ་འཇུག་པ་ནི། གཅད་བྱའི་ཤིང་ལ་བྱ་བ་ཞེས་བརྗོད་པ་ལྟ་བུ་སྟེ། དེའང་སི་ཏུའི་འགྲེལ་ཆེན་ལས། སྐབས་འདིའི་བདག་གཞན་གྱི་སྒྲ་ནི་དངོས་སུ་བྱེད་པོ་དང་བྱ་བ་ངེས་པར་ཐ་དད་པ་ཞིག་གི་སྒོ་ནས་གཞག་དགོས་པ་བཤད་ཟིན་དང་འཆད་འགྱུར་ལྟར་ངེས་པའི་ཕྱིར། དངོས་སུ་བྱེད་པོ་དང་བྱ་བ་ཐ་མི་དད་པའི་ལས་ཀྱི་ཚིག་རྣམས་ལ་ནི་ལས་དེ་དག་གང་རུང་སྟོན་པའི་ཚིག་ཡིན་པས་ཁྱབ་ཀྱང་ངོ་བོ་གཅིག་པ་ལ་བདག་གཞན་གྱི་དབྱེ་བ་མི་རུང་བས་འདིར་བསྟན་བདག་གཞན་གྱི་སྒྲ་མི་འཇུག་པའི་ཕྱིར་རོ།། ཞེས་གསུངས་པའི་ནང་གི་བྱ་བ་ཞེས་པའི་ཚིག་འདི་དག་ནི་བྱ་བའི་ཡུལ་ལ་གོ་དགོས་པ་ཤིན་ཏུ་གསལ་བ་བཞིན་ནོ།།
༣ བྱ་ལས་ལ་འཇུག་པ་ནི། དཔེར་ན། སི་ཏུའི་འགྲེལ་ཆེན་དུ། དེས་བསྒྲུབ་པར་བྱ་བའི་ཡུལ་གྱི་དངོས་པོ་བྱ་བ་དང་བཅས་པ་ལ་ནི་གཞན་ཞེས་བྱའོ། ཞེས་དང་། བྱེད་པོ་གཞན་དང་འབྲེལ་བའི་བྱེད་པ་བདག་དང་བྱ་བ་གཞན་ཡིན་པ་བཤད་མ་ཐག་པ་ལྟར་རོ། ཞེས་གསུངས་པའི་བྱ་བ་ཞེས་པ་འདི་དག་ནི་བྱ་ལས་ལ་གོ་དགོས་པ་ལྟ་བུའོ།། ལས་དོན་གྱི་སྤྱི་ལྡོག་ཙམ་ལ་གོ་བ་དང་། ལས་ཀྱི་དངོས་པོ་ལ་གོ་བ། བྱ་ལས་ལ་གོ་བ་འདི་གསུམ་གྱི་སྐབས་སུ། བྱ་བ་ཞེས་བརྗོད་པའི་སྒྲའི་ཆ་ཤས་སྔ་ཕྱི་གཉིས་ཀ་དམ་ལྷོད་ཀྱི་ཁྱད་མེད་པར་སྙོམས་པོར་ཀློག་དགོས་པ་ཡིན་ནོ།།
༤ ལས་ཀ་གང་ཞིག་བྱེད་པའམ་བགྱི་བ་ལ་འཇུག་པ་ནི། དཔེར་ན་འཕྲིན་ཡིག་གཏོང་བ་ལ་འཕྲིན་གཏོང་གི་ལས་ཀ་བྱ་བ་ཞེས་དང་། ཤིང་གཅོད་པ་སོགས་ལ་ཤིང་ལས་བྱ་བ། དེ་བཞིན་ཞིང་ལས་བྱ་བ། སློབ་སྦྱོང་བྱ་བ་ཞེས་བརྗོད་པ་ལྟ་བུ་སྟེ། འདི་ལ་དུས་ཀྱི་ཆ་ནས། བྱས་པ། བྱ་བ། བྱེད་པ་ཞེས་འདས་མ་འོངས་ད་ལྟ་གསུམ་ཡོད་ཅིང་། འདི་དག་ཀློག་སྐབས་སོ་སོའི་སྒྲའི་ཆ་ཤས་སྔ་མ་སྔ་མ་དམ་ཞིང་ཕྱི་མ་ཕྱི་མ་ལྷོད་པའི་ཚུལ་དུ་ཀློག་དགོས་པ་སྟེ་གོང་གི་བྱ་བ་ཞེས་པའི་ཚིག་དེ་དག་དང་ཀློག་ཚུལ་མི་འདྲ་བའི་ཁྱད་ཡོད་པ་འདིའང་ཤེས་དགོས། འདིའི་མིང་མཐའ་བ་ཡིག་བསྡུས་ནས། ཤིང་ལས་བྱ། ཞིང་ལས་བྱ། སློབ་སྦྱོང་བྱ་ཞེས་བརྗོད་ཚེ་དོན་ཅུང་ཟད་གཞན་དུ་འགྱུར་ཏེ་འོག་ཏུ་འཆད། ལས་དོན་ཞིག་བགྱི་བ་ལ་གོ་བའི་བྱ་བ་རང་ཉིད་ལ་དུས་གསུམ་གྱི་དབྱེ་བ་ཡོད་པ་ལྟར། འདིའི་དོན་ཅན་ཐམས་ཅད་ལ་དབྱེ་བ་དེ་གཅིག་མཚུངས་སུ་ཡོད་དེ། དཔེར་ན་ཤིང་གཅོད་པ་ལ་མཚོན་ན། ཤིང་བཅད་ཟིན། གཅད་པར་འགྱུར། གཅོད་བཞིན་པ་ཞེས་འདས་མ་འོངས་ད་ལྟ་གསུམ་དང་། ཡང་འབྲེལ་ཡུལ་གྱི་ཆ་ནས་བྱེད་ལས་དང་བྱ་ལས་གཉིས་ཏེ། ཤིང་གཅོད་པར་བྱེད་དང་། ཤིང་གཅད་པར་བྱ་ཞེས་པས་མཚོན་ནོ།།
༢ ༽ བྱ།
འདི་ནི་དོན་གསུམ་ཙམ་ལ་འཇུག་སྟེ། ༡ རང་གིས་བྱེད་རྒྱུའམ་གཞན་ལ་བྱེད་དུ་འཇུག་པའི་དོན་སྟོན་པ་ནི། དཔེར་ན། ཞིང་ལས་བྱ། སློབ་སྦྱོང་བྱ། ཞེས་ཞིང་ལས་དང་སློབ་སྦྱོང་རང་གིས་བྱེད་རྒྱུའམ། གཞན་ལ་བྱེད་དུ་འཇུག་པའི་དོན་ལ་གོ་བ་ལྟ་བུ།
༢ བྱ་བའི་ཡུལ་དང་འབྲེལ་བའི་བྱ་ལས་ཙམ་སྟོན་པ་ནི། འཕྲིན་ཡིག་གཏང་བར་བྱ། ཤིང་གཅད་པར་བྱ། ཞེས་པ་ལྟ་བུ།
༣ སྐུལ་བའི་དོན་ལ་འཇུག་པ་ནི། ཁྱེད་ཀྱིས་ཤིང་དེ་གཅད་པར་བྱ། གཞུང་གཞན་ལ་བལྟ་བར་བྱའོ། ཞེས་པ་ལྟ་བུ་སྟེ། འདི་ནི། ཆོད་ཅིག་དང་། ལྟོས་ཤིག་ཅེས་པའི་དོན་ནོ།།
༣ ༽ བྱ་བའི་ཡུལ།
བསྒྲུབ་པར་བྱ་བའི་དངོས་པོའམ་ལས་ཀྱི་དངོས་པོ་དང་བྱ་བའི་འཇུག་ཡུལ་སོགས་དོན་དུ་མ་ལ་འཇུག་ཚུལ་གཤམ་དུ་ལས་ཀྱི་སྐབས་སུ་འཆད་པར་འགྱུར་རོ།།
༤ ༽ བྱ་ལས།
བྱ་བའི་ཡུལ་དང་འབྲེལ་བའི་བྱ་བ་ལ་བྱ་ལས་ཟེར། དཔེར་ན། ཤིང་གཅད་པར་བྱ་ལྟ་བུ་སྟེ། བྱ་ལས་མཚོན་བྱེད་ཀྱི་དཔེར་བརྗོད་འཇོག་སྟངས་ལ་མཁས་པའི་བཞེད་པ་མི་མཐུན་པ་མེད་ཀྱང་། བྱ་ལས་ངོས་འཛིན་སྐབས། ཨ་ཀྱཱ་ཡོངས་འཛིན་སོགས་ཀྱིས་ཤིང་དུམ་བུར་ཆད་པ་དང་ཆག་པ་སོགས་ཤིང་སྟེང་གི་འགྱུར་བ་དེ་དག་ལ་ངོས་འཛིན་ཅིང་། ཨ་ལགས་དོར་ཞི་ཚང་གིས་ཤིང་དུམ་བུར་ཆད་པ་སོགས་ནི་བྱ་བྱེད་ཐ་མི་དད་པའི་བྱ་བ་ཡིན་པས་བྱ་བྱེད་ཐ་དད་པའི་བྱ་ལས་སུ་ངོས་འཛིན་པ་མི་འཐད་ཚུལ་དང་། བྱ་བ་ལ་དམིགས་པའམ་དེ་བརྗོད་པའི་སྐབས་རྟོག་པའི་འཛིན་ཕྱོགས་སམ་བརྗོད་ཕྱོགས་བྱ་བའི་ཡུལ་ལ་ཕྱོགས་ཚེ་བྱ་བའི་ཡུལ་དང་འབྲེལ་བའི་བྱ་བ་ཞེས་བཏགས་པ་ཙམ་ལས་དོན་གྱིས་བྱེད་ལས་མ་ཡིན་པའི་བྱ་ལས་མེད་པར་གསུངས། སི་ཏུ་པཎ་ཆེན་དང་པྲ་ཏི་དགེ་བཤེས་སོགས་ཀྱིས་ནི་བྱ་ལས་ངོས་འཛིན་གནང་བ་མེད་པས་དཔྱད་གཞི་ཆེ་ནའང་ཨ་ལགས་དོར་ཞིའི་བཞེད་པ་དེ་རྒྱུ་མཚན་ཆེ་བར་སྙམ།
༥ ༽ བྱ་བྱེད་ཐ་དད་པ།
འདིའི་བྱ་ནི་བྱ་བའི་ཡུལ་ལམ་ལས་ཀྱི་དངོས་པོ་དང་། བྱེད་ནི་བྱེད་པ་པོོ་གཙོ་བོ་ལ་གོ་དགོས། དཔེར་ན། བཀྲ་ཤིས་ཀྱིས་ཤིང་གཅོད་པ་ལྟ་བུར་མཚོན་ན་ཤིང་གཅོད་པའི་བྱ་བ་བྱེད་པ་པོ་གཙོ་བོ་བཀྲ་ཤིས་དང་། གཅད་བྱའི་ལས་ཀྱི་དངོས་པོ་ཤིང་གཉིས་ཐ་དད་དུ་ཡོད་པས་བྱ་བྱེད་ཐ་དད་ཅེས་བྱ། ཡང་དཔེར་ན། རླུང་ལྟ་བུ་ཞིག་གི་སྟོབས་ཀྱིས་ཤིང་ཆད་པའམ་ཆག་པའི་ཚེ་རླུང་གིས་ཤིང་ཆག་ཅེས་བརྗོད་ལ། ཤིང་ཆག་བྱེད་ཀྱི་རླུང་དང་ཆག་བྱའི་ཤིང་གཉིས་ཐ་དད་དུ་ཡོད་ཀྱང་། རླུང་དེ་ནི་བྱེད་པ་པོ་གཙོ་བོ་སྟེ་ཆག་པ་པོ་མིན་པར། ཆག་བྱེད་དེ་བྱེད་པོ་ཕལ་པ་ཡིན་པས། དེ་དང་ཤིང་གཉིས་ཐ་དད་དུ་ཡོད་ཀྱང་བྱ་བྱེད་ཐ་དད་དུ་མི་འགྱུར། ཡང་རླུང་གིས་ཤིང་བཅག་ཅེས་བརྗོད་པའི་ཚེ་རླུང་ནི་ཤིང་གཅོག་པ་པོ་ཡིན་ཞིང་བྱ་བྱེད་ཐ་དད་དུ་འགྱུར་བས་མི་འདྲ། ད་དུང་དཔེར་ན། དུག་གིས་བྱི་བ་ཤི་བའི་ཚེ་འཆི་བྱེད་དུག་དང་འཆི་བྱ་བྱི་བ་གཉིས་ཐ་དད་དུ་ཡོད་པས་འཆི་བྱ་འཆི་བྱེད་ཐ་དད་དུ་ཡོད་ཀྱང་བྱ་བྱེད་ཐ་དད་མི་ཟེར་ཏེ། འཆི་བ་པོ་བྱི་བ་ཡིན་ལ་འཆི་བྱའང་བྱི་བ་ཡིན་པས་འཆི་བ་པོ་དང་འཆི་བྱ་གཉིས་ཐ་དད་དུ་མེད་པར་བརྟེན་བྱ་བྱེད་ཐ་མི་དད་ཅེས་ཟེར། མདོར་ན། བྱ་བྱེད་ཐ་དད་ལ་ངེས་པར་དུ་བྱེད་པ་པོ་གཙོ་བོ་དང་བྱ་བའི་ཡུལ་གཉིས་ཐ་དད་དུ་ཡོད་དགོས་པ་ལས། བྱེད་པ་པོ་ཕལ་པ་དང་བྱ་བའི་ཡུལ་གཉིས་ཐ་དད་དུ་ཡོད་ཀྱང་དེས་བྱ་བྱེད་ཐ་དད་དུ་མི་འགྱུར།
༦ ༽ བྱ་བྱེད་ཐ་མི་དད་པ།
བྱ་བའི་ཡུལ་དང་བྱེད་པ་པོ་གཉིས་ངོ་བོ་གཅིག་ཏུ་གྱུར་པ་སྟེ། དཔེར་ན། བཀྲ་ཤིས་ཀྱིས་ཤིང་བཅད་ནས་ཆད་པའི་སྐབས་སུ་འཆད་བྱ་ཤིང་ཡིན་ལ། འཆད་པ་པོའང་དེ་ལས་གཞན་དུ་མེད་ཅིང་། འདིར་བཀྲ་ཤིས་ལ་གཅོད་པ་པོོ་ཟེར་བ་ལས་འཆད་པ་པོ་མི་ཟེར། དེས་ན་འཆད་པ་པོ་དང་འཆད་བྱ་གཉིས་ཀ་ཐ་མི་དད་དུ་གྱུར་པས་བྱ་བྱེད་ཐ་མི་དད་ཅེས་ཟེར། བྱ་བྱེད་ཐ་མི་དད་པའི་དོན་ཅུང་ཟད་ཞིབ་པར་བཤད་ན།
བྱ་བ་གང་དེ་བྱེད་པའི་གནས་སྐབས་ངེས་ཅན་ཞིག་གི་ཚེ་དེ་བྱེད་མཁན་གྱི་བྱེད་པ་པོ་མེད་པའམ། ཡོད་ཀྱང་དེ་བྱ་བའི་ཡུལ་ལས་ཐ་དད་པའི་གཞན་མིན་པའམ། གཞན་ཡིན་ཡང་ཐུན་མོང་སྣང་ཚོད་ལ་དངོས་སུ་མི་སྣང་བ་ཞིག་ཡིན་ཚེ་བྱ་བྱེད་ཐ་མི་དད་དུ་འགྱུར་ཏེ། དཔེར་ན།
(1) བཀྲ་ཤིས་ཀྱིས་ཤིང་བཅད་ནས་ཆད་པ་ན། ཤིང་ཆད་པ་དེ་སྤྱིར་བཀྲ་ཤིས་ཀྱིས་བཅད་པ་ལ་བརྟེན་ནས་བྱུང་བ་ཡིན་པས་བྱེད་པ་པོ་གཞན་བཀྲ་ཤིས་དང་འབྲེལ་མོད་ཀྱི། འོན་ཀྱང་ཤིང་འཆད་བཞིན་པའི་གནས་སྐབས་ངེས་ཅན་དེར་བཀྲ་ཤིས་དང་འབྲེལ་བ་མེད་པར་ཤིང་རང་སྟེང་ནས་ཆད་པའི་བྱ་བ་འབྱུང་བཞིན་པ་སྟེ། ཤིང་རང་ཉིད་ངང་གིས་འཆད་བཞིན་པ་ཡིན་པས། གནས་སྐབས་དེའི་བྱ་བ་དེ་ལ་ཤིང་ཆད་ཅེས་བརྗོད་པ་ལས་ཤིང་བཅད་ཅེས་མི་བརྗོད་ལ་བྱ་བྱེད་ཐ་མི་དད་དུ་གྱུར་པ་ནི་གནས་སྐབས་ངེས་ཅན་ལ་ལྟོས་པའི་ཚུལ་དང་།
(2) ཤིང་ཆད་པའི་སྐབས་སུ་ཤིང་ནི་འཆད་པའི་བྱ་བ་གང་ལ་འབྱུང་བའི་ཡུལ་གྱི་དངོས་པོ་སྟེ་འཆད་བྱ་ཡིན་ལ། འཆད་པ་པོའང་དེ་ལས་ལོགས་སུ་མེད་ནའང་དེ་ལ་འཆད་བྱ་མ་གཏོགས་འཆད་པ་པོ་ཞེས་བརྗོད་སྲོལ་མེད་པས་བྱ་བྱེད་ཐ་མི་དད་དུ་གྱུར་པ་ནི་བྱེད་པ་པོ་མེད་པའི་ཚུལ་དང་།
(3) བཀྲ་ཤིས་ནགས་ཚལ་དུ་འགྲོ་ལྟ་བུའི་ཚེ་འགྲོ་ཡུལ་ནགས་ཚལ་ཡིན་ནའང་དེ་འགྲོ་བྱ་མིན། འགྲོ་བྱའམ་འགྲོ་རྒྱུ་ནི་བཀྲ་ཤིས་ཡིན་ལ། འགྲོ་བ་པོའང་བཀྲ་ཤིས་ཡིན་པས་བྱ་བྱེད་ཐ་མི་དད་དུ་གྱུར་པ་སྟེ། བྱེད་པ་པོ་ཡོད་ཀྱང་བྱ་བའི་ཡུལ་ལས་གཞན་དུ་མེད་པའི་ཚུལ་དང་།
(4) བཀྲ་ཤིས་ཀྱི་བསོད་ནམས་ཀྱི་སྟོབས་ཀྱིས་རང་མདུན་དུ་ལྕགས་གོང་ཞིག་གསེར་དུ་གྱུར་པའི་སྐབས། བཀྲ་ཤིས་ཀྱི་བསོད་ནམས་ནི་ལྕགས་གསེར་དུ་འགྱུར་བར་བྱེད་པའི་བྱེད་པ་པོ་ཡིན་པར་མ་ཟད་ལྕགས་ལས་ཐ་དད་པའི་གཞན་ཡང་ཡིན་མོད་ཀྱི། (སི་ཏུའི་བཞེད་པ་ལྟར་ན་འདི་བཞིན་ཡིན་ཀྱང་འདིའི་བསོད་ནམས་ནི་བྱེད་པོ་ཕལ་པ་ལས་གཙོ་བོ་མིན་པས་ཀྱང་བྱ་བྱེད་ཐ་མི་དད་དུ་འགྱུར།) དེ་ནི་ཐུན་མོང་བར་དངོས་སུ་མི་སྣང་བས་བྱ་བྱེད་ཐ་མི་དད་དུ་གྱུར་པ་ནི་བྱེད་པ་པོ་གཞན་ཡོད་ཀྱང་དངོས་སུ་མི་སྣང་བའི་ཚུལ་ཏེ། དོན་གྱི་གནད་དེ་དག་ལ་དགོངས་ནས་སི་ཏུའི་ཞལ་ལུང་དུ། བྱ་བ་བྱེད་པའི་གནས་སྐབས་སུ་བྱེད་པ་པོ་གཞན་དངོས་སུ་མི་སྣང་བ་ཞེས་གསུངས་སོ།།
༧༽ བྱ་བྱེད་ཤེད་མཚུངས།
བྱ་ལས་དང་བྱེད་ལས་སྟོན་པའི་ཚིག་གཉིས་ཕན་ཚུན་ནུས་པ་མཚུངས་པའི་དོན་ཏེ། དཔེར་ན། ཤིང་གཅོད་པར་བྱེད་དང་། ཤིང་གཅད་པར་བྱ་ཞེས་པའི་ཚིག་གཉིས་དོན་སྟོན་པའི་ནུས་པ་འདྲ་མཚུངས་སུ་ཡོད་པས་ཤེད་མཚུངས་ཡིན་ཏེ། སྔ་མས་བདག་གི་ཁོངས་སུ་གཏོགས་པའི་བྱེད་ལས་དང་ཕྱི་མས་གཞན་གྱི་ཁོངས་སུ་གཏོགས་པའི་བྱ་ལས་སྟོན་ཅིང་། ཕན་ཚུན་ཁ་གཏད་ལྟ་བུར་འདྲ་མཉམ་དུ་ཡོད་པའི་དོན་དེ་གཉིས་སོ་སོར་སྟོན་པའི་ནུས་པ་ནི་ཚིག་འདི་གཉིས་ལ་འདྲ་མཚུངས་སུ་ཡོད་པས་བྱ་བྱེད་ཤེད་མཚུངས་ཞེས་ཟེར། འགའ་ཞིག་གིས་བྱ་ལས་ནི་བྱ་བའི་ཡུལ་དང་ཤེད་མཚུངས། བྱེད་ལས་ནི་བྱེད་པ་པོ་དང་ཤེད་མཚུངས་ཞེས་བཤད་པ་ནི། སི་ཏུའི་འགྲེལ་ཆེན་དུ། ཞར་ལས་བདག་གཞན་དང་འབྲེལ་བའི་བྱ་བྱེད་ཀྱི་ཚིག་ཕན་ཚུན་ཤེད་མཚུངས་པ་རྣམས་ཀྱང་བསྡུས་པ་ཡིན་ནོ།། ཞེས་བྱ་བྱེད་ཀྱི་ཚིག་ཕན་ཚུན་ཞེས་གསལ་བར་གསུངས་པ་དང་འགལ་བས་མི་འཐད་དོ།།
༨༽ བྱ་ཚིག
འདི་ལ་གོ་ཚུལ་གཉིས་ཡོད་དེ། ༡ བྱ་ཞེས་པ་བྱ་བ་སྤྱི་ལ་གོ་བའི་དབང་དུ་བྱས་ཏེ་ལས་ཚིག་དང་དོན་གཅིག་ཏུ་འགྱུར་བ་ནི། ལས་ཚིག་ཐམས་ཅད་ལ་བྱ་ཚིག་ཅེས་བརྗོད་པ་ལྟ་བུ།
༢ སྐབས་རེར་འདས་མ་འོངས་ད་ལྟ་གསུམ་གྱི་ལས་ཚིག་ལ་བྱས་ཚིག བྱ་ཚིག བྱེད་ཚིག་ཅེས་བརྗོད་པའི་སྐབས་སུ་བྱ་ཚིག་ནི་མ་འོངས་པའི་ཚིག་ལ་གོ་བ་ཡིན་ནོ།།
༩༽ བྱེད་པ་པོ།
འདི་ནི་དོན་གཉིས་ལ་འཇུག་སྟེ། ༡ བྱེད་པ་པོ་གཙོ་བོ་ལ་འཇུག་པ་ནི། ཤིང་གཅོད་པ་པོ་བཀྲ་ཤིས་ལ་བྱེད་པ་པོ་བཀྲ་ཤིས་ཞེས་བརྗོད་པ་ལྟ་བུ།
༢ བྱེད་པ་པོ་ཕལ་པའམ་བྱེད་པ་ཙམ་ལ་འཇུག་པ་ནི། ཤིང་གཅོད་བྱེད་ཀྱི་སྟ་རེ་ལ་བྱེད་པ་པོ་ཕལ་པ་ཞེས་བརྗོད་པ་ལྟ་བུ་སྟེ། དེའང་སི་ཏུའི་འགྲེལ་ཆེན་ལས། བདག་གིས་རིག་སྔགས་ཀྱིས་ཚེ་སྒྲུབ་ལྟ་བུར་བདག་དང་རིག་སྔགས་གཉི་ག་སྤྱིར་བྱེད་པ་པོ་ཡིན་པས་གཉིས་ཀ་ལ་རྣམ་དབྱེ་གསུམ་པ་འཇུག་ཀྱང་། བདག་བྱེད་པོ་གཙོ་བོ་དང་རིག་སྔགས་བྱེད་པོ་ཕལ་པ་ཡིན་པའི་དབྱེ་བ་ཡོད་ཅིང་། ཡང་ན་བདག་བྱེད་པ་པོ་དང་རིག་སྔགས་ནི་བྱེད་པ་ཙམ་ཡིན་པའི་བྱེ་བྲག་ཤེས་པར་བྱ་དགོས་སོ།། ཞེས་གསལ་བར་གསུངས། བྱ་བ་གང་ཞིག་བསྒྲུབ་པར་བྱ་བའི་ཡུལ་གྱི་དངོས་པོ་ལས་གཞན་ཡིན་པའི་བྱེད་པ་པོ་ཞིག་གིས་སྒྲུབ་པ་ཡིན་མིན་གྱིས་བྱ་བ་ལ་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་མ་འབྲེལ་རིགས་གཉིས་ཡོད་དེ་གཤམ་དུ་འཆད་པར་འགྱུར།
༡༠༽ བྱེད་པ།
འདིའང་དོན་གཉིས་ལ་འཇུག་སྟེ། ༡ བྱེད་པ་པོ་དང་འབྲེལ་བའི་བྱེད་ལས་ལ་འཇུག་པ་ནི། སི་ཏུའི་འགྲེལ་ཆེན་དུ། བྱེད་པ་པོའི་དངོས་པོ་དེ་ཉིད་དང་དེའི་བྱེད་པ་དང་བཅས་པ་ལ་བདག་ཅེས་བྱ་ཞིང་། ཞེས་དང་། བྱེད་པོ་གཞན་དང་འབྲེལ་བའི་བྱེད་པ་བདག་དང་བྱ་བ་གཞན་ཡིན་པ་བཤད་མ་ཐག་པ་ལྟར་རོ། ཞེས་གསུངས་པའི་བྱེད་པ་ཞེས་པ་འདི་དག་ནི་བྱེད་ལས་ཀྱི་དོན་ཡིན་པ་ལྟ་བུའོ།།
༢ བྱེད་པ་པོ་ཕལ་པ་ལ་འཇུག་པ་ཡོད་དེ། གོང་དུ་བདག་ལ་བྱེད་པ་པོ་གཙོ་བོ་དང་རིག་སྔགས་ལ་བྱེད་པ་ཙམ་ཞེས་གསུངས་པ་ལྟར། ཤིང་གཅོད་མཁན་བཀྲ་ཤིས་ལ་བྱེད་པ་པོ་བཀྲ་ཤིས་དང་། གཅོད་བྱེད་སྟ་རེ་ལ་བྱེད་པ་སྟ་རེ་ཞེས་བརྗོད་པ་ལྟ་བུའོ།།
༡༡༽ བྱེད་ལས།
བྱེད་པ་པོོ་དང་འབྲེལ་བའི་ལས་སམ་བྱ་བ་ལ་བྱེད་ལས་ཞེས་བྱ། དཔེར་ན། ཤིང་མཁན་གྱི་སྟ་རེ་འདེགས་འཇོག་ལ་སོགས་པའི་རྩོལ་བ་ལྟ་བུ་སྟེ། ཤིང་གཅོད་པར་བྱེད་ཅེས་པས་མཚོན་ནོ།། སྨན་གྱི་ནུས་པ་ལ་སྨན་གྱི་བྱེད་ལས་ཟེར་བ་སོགས་ནུས་པ་ལ་གོ་བ་ཡོད་ཀྱང་སྐབས་འདིར་འབྲེལ་བ་མེད།
༡༢༽ བྱེད།
འདིའང་དོན་གཉིས་ལ་འཇུག་སྟེ། ༡ བྱེད་པ་པོ་དང་འབྲེལ་བའི་བྱེད་ལས་ལ་འཇུག་པ་ནི། ཤིང་གཅོད་པར་བྱེད། ཡི་གེ་འབྲི་བར་བྱེད་ཅེས་པ་ལྟ་བུ།
༢ བྱ་བ་ཞིག་བྱེད་བཞིན་པའི་ད་ལྟ་བ་ལ་འཇུག་པ་ནི། ཤིང་གཅོད་པའི་ལས་ཀ་བྱེད་བཞིན་ཡོད་ཅེས་དང་། བྱེད་ཀྱི་འདུག་ཅེས་པ་ལྟ་བུ།
༡༣༽ བྱེད་ཚིག
ད་ལྟ་བའི་ཚིག་གི་དོན་ཏེ། དུས་གསུམ་གྱི་ལས་ཚིག་ལ་བྱས་ཚིག བྱ་ཚིག བྱེད་ཚིག་ཅེས་བརྗོད་པའི་སྐབས་ཀྱི་བྱེད་ཚིག་ཅེས་པ་ལྟ་བུ།
༡༤༽ བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའམ། བྱེད་འབྲེལ།
འདི་ནི་དཔེར་ན། ཤིང་གཅོད་པའི་བྱ་བ་ནི་བྱ་བའི་ཡུལ་གྱི་དངོས་པོ་ཤིང་རང་སྟེང་ནས་རང་གི་ངང་གིས་བྱུང་བ་མིན་པར། ཤིང་ལས་ཐ་དད་པའམ་གཞན་ཡིན་པའི་བྱེད་པ་པོ་བཀྲ་ཤིས་ཀྱིས་དངོས་སུ་བྱེད་པའམ་སྒྲུབ་པ་ཡིན་པས། བྱེད་པ་པོ་གཞན་འབྲེལ་ལམ་བྱེད་འབྲེལ་ཞེས་ཟེར། བྱེད་པ་པོ་གཞན་འབྲེལ་དང་བྱ་བྱེད་ཐ་དད་པ་གཉིས་དོན་གཅིག དངོས་པོ་བདག་གཞན་གྱི་དབྱེ་བའང་བྱེད་པ་པོ་གཞན་འབྲེལ་གྱི་བྱ་བ་འདིའི་རིགས་ཁོ་ན་ལ་དབྱེ་བ་ལས་བྱ་བ་ཐམས་ཅད་ལ་དབྱེར་ཡོད་པ་ཞིག་མིན་ཏེ། དཔེར་ན། ཤིང་གཅོད་པའི་བྱ་བ་བྱེད་པ་པོ་གཙོ་བོ་དང་ཕལ་པ། དེ་དང་འབྲེལ་བའི་བྱེད་ལས་བཅས་ལ་དངོས་པོ་བདག་དང་། དེས་བསྒྲུབ་པར་བྱ་བའི་ཡུལ་གྱི་དངོས་པོ་ཤིང་དང་། དེ་དང་འབྲེལ་བའི་བྱ་ལས་བཅས་ལ་དངོས་པོ་གཞན་ཞེས་བྱ། དེ་མིན་དཔེར་ན། ཤིང་ཆད་པ་ལྟ་བུར་བྱ་བའི་ཡུལ་ཏེ་འཆད་བྱའི་ཤིང་ལས་ལོགས་སུ་འཆད་པ་པོ་མེད་ཅིང་། བཀྲ་ཤིས་འགྲོ་བ་ལྟ་བུར་བྱེད་པ་པོ་སྟེ་འགྲོ་བ་པོ་བཀྲ་ཤིས་ལས་ལོགས་སུ་འགྲོ་བྱ་མེད་པས། དེ་རིགས་ལ་དངོས་པོ་བདག་གཞན་གྱི་དབྱེ་བ་མེད། འགྲོ་བ་པོ་དང། འཆི་བ་པོ། འཁོར་བ་པོ་སོགས་བྱ་བའི་ཡུལ་དང་ཐ་མི་དད་པའི་བྱེད་པ་པོ་འདི་རིགས་ལ་བདག་དོན་ཕལ་པའམ་བྱེད་ལས་ཙམ་དང་འབྲེལ་བའི་དངོས་པོ་བདག་ཅེས་དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེས་བརྡ་མཛད་དེ། འདིའི་ཕལ་སྒྲ་དང་ཙམ་སྒྲས་བདག་དངོས་ཡིན་པ་གཅོད་དོ།།
༡༥༽ བྱེད་པ་པོ་གཞན་དང་དངོས་སུ་མ་འབྲེལ་བའམ། བྱེད་མེད།
འདི་ནི་དཔེར་ན། ཤིང་འཆད་བཞིན་པའི་གནས་སྐབས་སུ་ཤིང་རང་བཞིན་གྱིས་འཆད་བཞིན་པ་དང་། དེ་ནི་ཤིང་རང་སྟེང་གི་འགྱུར་ལྡོག་གམ་བྱ་བ་ཙམ་ཡིན་པ་ལས། ཤིང་གཅོད་མཁན་བཀྲ་ཤིས་ཀྱི་རྩོལ་བ་མིན་ཞིང་བཀྲ་ཤིས་དང་དངོས་སུ་འབྲེལ་བ་མེད། དེའི་དབང་གིས་བྱེད་པ་པོ་གཞན་དང་དངོས་སུ་མ་འབྲེལ་བའམ། བྱེད་མེད་ཅེས་ཟེར། འདི་དང་བྱ་བྱེད་ཐ་མི་དད་པ་གཉིས་དོན་གཅིག
༡༦༽ ལས།
འདི་ནི་ལས་ཀ་དང་། ལས་ཀ་དེ་ལས་པའི་དོན་ཏེ་གཉིས་ལ་འཇུག
༡ ལས་ཀ་ཞེས་པའང་ལས་ཀ་གང་ཡང་རུང་བའམ་བྱ་བ་གང་ཞིག་གི་སྤྱི་ལྡོག་ཙམ་ལ་གོ་བ་དང་། ལས་རྒྱུའི་དངོས་པོའམ་བྱ་བའི་ཡུལ་ལ་གོ་བ་སྟེ་གཉིས་ཡོད་པ་ལས། དང་པོ་ནི། གོང་དུ་བྱ་བ་ཞེས་པའི་དོན་དང་པོ་དེ་དང་གཅིག་མཚུངས་ཏེ། ཁྱེད་ལ་དེ་རིང་ལས་ཀ་ཅི་ཞིག་ཡོད་ཅེས་སོགས་ལྟར་བྱ་བ་གང་རུང་གི་སྤྱི་ལྡོག་ཙམ་མམ་ལས་དོན་ཧྲིལ་པོ་དེ་ལ་ལས་ཀ་ཞེས་བརྗོད་པ་ལྟར་ཡིན། ལས་དགེ་སྡིག་དང་ལས་བཟང་ངན་ཞེས་པའི་ལས་ཀྱི་དོན་ཡང་འདི་ཡིན་ཏེ། བྱ་བ་སྒྲུབ་པ་ལ་ལས་གསོག་པ་ཞེས་དང་། བྱ་བ་དེའི་འབྲས་བུ་ལ་ལས་ཀྱི་འབྲས་བུ་ཞེས་བརྗོད་པས་མཚོན་ནོ།།
གཉིས་པ་ལས་རྒྱུའི་དངོས་པོའམ་བྱ་བའི་ཡུལ་ལ་འཇུག་པ་ནི། རྟགས་འཇུག་དཀའ་གནད་གསལ་མེར། ལས་དང་བྱ་ཡུལ་དོན་གཅིག་སྟེ།།དེ་ལྟའི་བྱ་བའི་ཡུལ་ཞིག་ལ།།བྱ་བ་བྱས་པར་སྟོན་པ་ལ།།གཉིས་པ་ལས་སུ་བྱ་བ་དང་།།གཉིས་པའི་ནང་ཚན་དེ་ཉིད་དང་།།བཞི་པ་དགོས་ཆེད་གསུམ་འདྲ་ཡང།།ཞེས་སོགས་གསུངས་པ་ལྟར་ལས་དང་བྱ་བའི་ཡུལ་གཉིས་འདིར་དོན་གཅིག་ཡིན་ནའང་། ཞིབ་ཏུ་ཕྱེ་ན་ལས་སམ་བྱ་བའི་ཡུལ་ལ་གོ་སྟངས་མི་འདྲ་བ་དུ་མ་ཡོད་དེ།
( 1 )བྱ་བའི་འཇུག་ཡུལ་ལ་གོ་བ་ནི། བཀྲ་ཤིས་ཤར་ཕྱོགས་སུ་འགྲོ་ལྟ་བུའི་ཤར་ཕྱོགས་ནི། འགྲོ་བའི་བྱ་བ་འཇུག་པའི་ཡུལ་ཡིན་ལ། བྱ་བའི་ཡུལ་ཤར་ཕྱོགས་དང་བྱ་བ་འགྲོ་བ་གཉིས་ཐ་དད་དུ་ཡོད་པས་ལས་ཀྱི་དོན་དངོས་སམ་ལས་སུ་བྱ་བ་དངོས་ཡིན། འོད་དུ་འཚེར་ལྟ་བུའི་འོད་ནི་འཚེར་བའི་བྱ་བ་འཇུག་པའི་ཡུལ་ཡིན་ནའང་། བྱ་བའི་ཡུལ་འོད་དང་བྱ་བ་འཚེར་བ་གཉིས་ཐ་དད་དུ་མེད་པར་ངོ་བོ་གཅིག་ཏུ་གྱུར་པས་ལས་ཀྱི་དོན་ཕལ་པའམ་རྣམ་དབྱེ་གཉིས་པའི་ནང་ཚན་དེ་ཉིད་ཡིན།
( 2 )ཆེད་དུ་བྱ་བའི་ཡུལ་ལམ་དམིགས་ཡུལ་ལ་གོ་བ་ནི། ཤིང་ལ་ཆུ་འདྲེན་ལྟ་བུའི་ཤིང་ནི་ཆུ་འདྲེན་པའི་བྱ་བ་གང་གི་ཆེད་དུ་བྱེད་སའི་དམིགས་ཡུལ་ཏེ་ཆེད་དུ་བྱ་བའི་ཡུལ་ཡིན།
( 3 )བྱ་བའི་གནས་ཡུལ་ལམ་རྟེན་གཞི་ལ་གོ་བ་ནི། བྱི་བ་ཁུང་དུ་འཛུལ་ལྟ་བུའི་ཁུང་ནི་འཛུལ་བའི་བྱ་བ་གང་ལ་གནས་པའམ་བརྟེན་པའི་ཡུལ་ཏེ་བྱ་བའི་གནས་ཡུལ་ཡིན། འདི་ནི་འཛུལ་བའི་བྱ་བའི་གནས་ཡུལ་ཡིན་པ་ལས་འཛུལ་མཁན་བྱི་བའི་གནས་ཡུལ་ཡིན་པའི་དོན་མིན། བརྡ་སྤྲོད་སྨྲ་བ་ཕལ་མོ་ཆེས་དཔེར་བརྗོད་འདིའི་རིགས་ནི་རྣམ་དབྱེ་གཉིས་པ་ལས་སུ་བྱ་བར་བཞེད་ཀྱང་། སི་ཏུའི་འགྲེལ་ཆེན་དུ། ཆུ་ལ་ཞུགས། ཁུང་དུ་འཛུལ། གཡུལ་དུ་གོ་བགོས། གཡུལ་དུ་བསད། ལྟ་བུ་རྣམས་ཀྱང་ཞུགས་པ་དང་འཛུལ་བ་དང་གོ་བགོས་པ་དང་བསད་པ་རྣམས་ཀྱི་བྱ་བ་དེ་དག་གི་རྟེན་རིམ་བཞིན་དུ་ཆུ་ལ་སོགས་པ་དེ་དག་ཡིན་པས་ལ་དོན་གྱི་རྣམ་དབྱེ་དེ་རྣམས་བདུན་པའི་དོན་དུ་འགྱུར་བ་ཡིན་གྱི་རྣམ་དབྱེ་གཉིས་པ་ལས་ཀྱི་དོན་མ་ཡིན་པར་ཤེས་པར་བྱའོ།།ཞེས་གསུངས་ཤིང་། དེའི་ཁུངས་ནི་གནས་བརྒྱད་རྩ་འགྲེལ་དུ། ཚང་མང་དུ་འབྲས་ཆན་འཚེད་པ་རྣམ་དབྱེ་བདུན་པར་གསུངས་པ་དང་། དབྱངས་ཅན་སྒྲ་ཊཱིཀ་ཏུ། དཔའ་བོ་གཡུལ་དུ་གོ་ཆ་གྱོན་པར་བྱེད།།གཞོན་ནུ་འདི་དག་རྩྭ་ལྷས་ལ་ཉལ་ལ།།བ་ལང་པ་ཊ་ལ་ནི་ཉལ་བར་བྱེད།།ཅེས་སོགས་རྣམ་དབྱེ་བདུན་པའི་དཔེར་བཀོད་ཡོད་པ་དེ་དག་ལ་བརྟེན་པ་ཡིན་ཞིང་། ལུགས་འདིའི་བཞེད་ཚུལ་ལྟར་ན་རྣམ་དབྱེ་གཉིས་པ་དང་བདུན་པ་འདི་གཉིས་ཀྱི་ཁྱད་པར་ནི། དཔེར་ན། ཤར་དུ་འགྲོ་དང་། ལམ་དུ་འགྲོ་གཉིས་ཀྱི་ཤར་ནི་འགྲོ་བའི་བྱ་བ་འཇུག་པའི་ཡུལ་ཡིན་པ་ལས་འགྲོ་བའི་བྱ་བ་བརྟེན་པའི་ཡུལ་མིན་པ་དང་། ལམ་ནི་འགྲོ་བའི་བྱ་བ་བརྟེན་པའི་ཡུལ་ཡིན་པ་ལས་འགྲོ་བའི་བྱ་བ་འཇུག་པའི་ཡུལ་མ་ཡིན་པའི་ཁྱད་ཡོད་པ་འདིས་མཚོན་ནོ།།
( 4 )བསྒྲུབ་པར་བྱ་བའི་ཡུལ་ལམ་ལས་ཀྱི་དངོས་པོ་ལ་འཇུག་པ་ནི། གཅད་བྱའི་ཤིང་དང་། བྲི་བྱའི་ཡི་གེ་ལྟ་བུ་སྟེ། འདི་ནི་དངོས་པོ་བདག་གཞན་སྐབས་ཀྱི་གཞན་བྱ་བའི་ཡུལ་དེ་ཡིན་ལ། འདི་ལ་བྱ་རྒྱུ་དང་། ལས་ཀྱི་དངོས་པོའང་ཟེར།
༢ ལས་ཀ་ལས་པའི་དོན་ལ་འཇུག་པ་ནི། བྱ་བ་སྒྲུབ་པའི་དོན་ཏེ། ཤིང་གཅོད་པ། ཡི་གེ་འབྲི་བ། འགྲོ་བ་དང་སྡོད་པ་སོགས་བྱ་བ་བྱེད་པ་ཐམས་ཅད་དོ།། ལས་ལ་བྱ་ལས་དང་བྱེད་ལས་གཉིས་སུ་དབྱེ་བའང་འདིར་འདུས་སོ།།
འདི་ནི་གསར་སློབ་དག་ལ་ཕན་ཕྱིར་འབྲིང་བ་འཇིགས་མེད་ཀྱིས། ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༩ ཉིན་བྲིས།
བྱ་བྱེད་ལས་གསུམ་ནི། བྱ་བ། བྱེད་པ་པོ། བྱ་བའི་ཡུལ་ལམ། ལས་ལ་སྦྱར་བ་མང་ན་ཡང་། ཡང་། བྱ་བྱེད་ལས་གསུམ་ཞེས་བསྡུས་ཚིག་འདིས། བྱ་དེ་བྱ་བའི་ཡུལ། བྱེད་དེ་བྱེད་པ་པོ། ལས་དེ་བྱ་བ་ལ་རྩ་བ་ཉིད་ནས་མི་འཇུག་པ་ཡིན་ནམ། འཇུག་པའི་སྐབས་ཡོད་སྲིད་དམ་ཞེས་འདྲི་འདོད་བྱུང་།
ང་ཚོའི་སུམ་རྟགས་སམ། བརྡ་སྤྲོད་ཀྱི་འགྲེལ་པ་མང་བ་ནི་ལེགས་ཀྱང་། བཞེད་པ་མང་་བནི་ངན་ནོ། འདིར་འབྲིང་བ་འཇིགས་མེད་ལགས་ཀྱིས། འགྲེལ་རྗོད་དགོས་པ་ནི། ད་བར་བོད་ཀྱི་མཁས་པའི་བསྡུས་ཚིག་བེད་སྤྱོད་འདྲ་མིན་བྱེད་དྲགས་པའི་སྐྱོན་དུ་སྣང་ངོ་།།
བྱ་ཞེས་པ་བྱ་ཡུལ་དང་། ལས་ཞེས་པ་བྱ་བ་ལ་གོ་བར་བྱས་ན། སྐབས་འདིའི་འཁྲུལ་གཞི་འགའ་འབད་མེད་དུ་ཁེགས་པར་འགྱུར་མོད་་་་་་་
ཀ་རྡོ་རབ་འབྱམས་པ་ལགས། བྱ་དེ་བྱ་བའི་ཡུལ་དང་། བྱེད་དེ་བྱེད་པ་པོ། ལས་དེ་བྱ་བ་ལ་རྩ་བ་ཉིད་ནས་མི་འཇུག་པ་མ་ཡིན་ཏེ། དེ་ལྟར་འདོད་མཁན་གྱི་མཁས་པ་ཡོད་ཚུལ་མགོ་དེར་བཤད་ཡོད་པ་ལྟར་ཡིན། བོད་ཀྱི་མཁས་པ་དག་གིས་བསྡུས་ཚིག་བེད་སྤྱོད་བྱས་དྲགས་པའི་སྐྱོན་ཕལ་ཆེར་མིན་སྙམ། སྐད་ཡིག་གང་ལ་བསྡུས་ཚིག་མང་བ་ནི་སྐད་ཡིག་དེའི་ཁྱད་ཆོས་ཤིག་ཏུ་བརྩི། གཙོ་བོ་ནི་བསྡུས་ཚིག་ལ་སྐབས་སོ་སོར་འགྲེལ་བཤད་ཆ་ཚང་བ་ཞིག་མ་གནང་བས་ཡིན་སྙམ།
དགེ་བསྟན་ལགས། བྱ་ཞེས་པ་བྱ་ཡུལ་དང་། ལས་ཞེས་པ་བྱ་བ་ལ་གོ་ན་འཁྲུལ་གཞི་འགའ་ཁེགས་སྲིད་ཀྱང་། དེ་ལས་མང་བའི་འཁྲུལ་གཞི་གཞན་འབྱུང་བས་ལུགས་དེ་འཐད་ལྡན་དུ་འགྱུར་དཀའ།
བྱ། བྱེད། བྱས། བྱོས། བཞིའི་ནང་ལ། ལས། དེ་འཚང་ཀ་བརྒྱབས་པ་འདྲ་བོ་མི་འདུག་གམ། ཧ་ཧ། རྩེད་པོ་ཡིན།
རྩོམ་ཡིག་འདིའི་རིགས་ནི་སློབ་ཁྲིད་ཀྱི་ཡུལ་དངོས་ལ་ཧ་ཅང་མཁོ་བ་ལས་དྲ་རྩོམ་ལ་དེ་ཙམ་གྱིས་ཕན་པོ་མཐོང་མ་སོང་། མ་ཟད་ཧ་ཅང་མང་དྲགས་ནས་ཀློག་ཡ་ལ་སྟབས་བདེ་རང་མི་འདུག
ལགས་རེད། ཆེད་རྩོམ་གྱི་རིགས་མང་ན་དེབ་ཆུང་ཆགས་བགྱི་རེད། དེབ་ཀློག་པར་དུས་ཚོད་མང་པོ་་དགོས་པས། ཀློག་མཁན་ཉུང་། རྩོམ་ཐུང་ཐུང་བས་ཀློག་མགྱོགས། སྔར་མེད་ལེགས་བཤད་མང་བས་ཀློག་མཁན་མང་ལ། ཕན་ཐོགས་ཆེ།
རྒྱ་ཞིང་མྱི་དཀར་དང་ཀ་རྡོ་རབ་འབྱམས་པ་ལགས། དྲ་རྩོམ་ལ་རིང་ཐུང་སྣ་ཚོགས་ཡོད་པས་ཐུང་དགོས་པའི་ངེས་པ་མེད་ཀྱང་ཐུང་ན་ཀློག་སླ་བ་སོགས་བདེན། གཙོ་བོ་ནི་བརྗོད་བྱའི་ཁྱད་པར་ཏེ། ཆབ་སྲིད་དང་འབྲེལ་བའམ་སྤྱི་ཚོགས་ནང་གི་རྙོག་དྲའི་རིགས་ཡིན་ན་རྩོམ་རིང་ཡང་ཀློག་མཁན་མང་། རིག་གཞུང་དང་འབྲེལ་བ་འདི་འདྲའི་རིགས་ཡིན་ན་རྩོམ་ཐུང་ཡང་ཀློག་མཁན་ཉུང་བ་ནི་ད་ལྟའི་དྲ་རྩོམ་ཀློག་མཁན་ཕལ་ཆེ་བའི་རང་བཞིན་ལྟ་བུར་གྱུར་ཡོད་པ་མིན་ནམ།
འབྲིང་བ་འཇིགས་མེད་ལགས། བཀྲིན་ཆེ། འདིའི་རིགས་སློབ་ཁྲིད་ངོ་མ་བྱེད་མཁན་ཞིག་ལ་ཤིན་ཏུ་མཁོ་གལ་ཆེ། ད་དུང་མཁས་དབང་དོར་ཞི་གདོང་དྲུག་སྙེམས་བློས། “བྱ་བྱེད་ལས་གསུམ་ཞེས་པའི་བྱ་ནི་བྱ་བ་དང་། བྱེད་པ་ནི་བྱེད་པ་པོ་དང་བྱེད་པ་གཉིས་ཀྱི་དོན་དང་། ལས་ནི་བྱ་བའི་ལྟོས་གཞིའམ་བྱ་ཡུལ་གྱི་དོན་ལ་གོ་དགོས་་་་་” ཞེས་དང་། ཡང་། ཁོང་གིས། “བྱེད་པའི་ངོས་ནས་བཤད་ན། བྱ་ཡུལ་གཞན་ཞིག་དང་འབྲེལ་དགོས་ཤིང་། བྱ་ཡུལ་ངོས་ནས་བཤད་ན་བྱེད་པ་གཞན་ཞིག་དང་འབྲེལ་དགོས་པས་གཞན་དང་འབྲེལ་བའི་ལས་སམ། གཞན་དང་འབྲེལ་བའི་བྱ་བ་ཞེས་གོ་བ་བླངས་ན་གཞན་འབྲེལ་ཞེས་པའི་ཚིག་དེ་ལ་གོ་རྒྱུ་ལྷག་པར་ཞིག་ཡོད་སྙམ་ཞིང་། བདག་གཞན་བྱ་བྱེད་ལས་གསུམ་ཞེས་པའི་བདག་གཞན་གྱི་གཞན་དེས་ཀྱང་བདག་གིས་ཟླས་ཕྱེ་བའི་ཡུལ་ཙམ་སྟོན་པ་ཡིན་ན་གོ་རྒྱུ་ཆེར་མེད་པས། ཡུལ་སྟེང་གི་བྱ་བ་དེ་རང་ལས་ཐ་དད་པའི་བྱེད་པོ་གཞན་ཞིག་གིས་བྱས་པ་ཡིན་པའི་ཆ་ནས་ཡུལ་དེ་ལ་གཞན་ནམ་གཞན་གྱི་དངོས་པོ་དང་། དེའི་བྱ་བ་ལ་གཞན་དང་འབྲེལ་བའི་བྱ་བའམ་ལས་ཟེར་བ་རེད་ཅེས་གོ་བ་བླངས་ན་བྱ་ཚིག་སྟེང་གི་དཀའ་གནད་ཀྱི་མདུད་པ་མང་པོ་ཞིག་ཁྲོལ་བར་འགྱུར་རོ།།” གསུངས་པས། དོན་ལ་ཁོང་གིས། དགོས་པ་གཅིག་ནི། སྤྱི་ཡོངས་ནས་བདག་གི་དངོས་པོ་མཚོན་བྱེད་དུ་ཡིག་གཟུགས་ལ་དུས་ད་ལྟ་བ་དང་། གཞན་(ཡུལ་)གྱི་དངོས་པོ་མཚོན་སླད་དུ་དག་ཆ་མ་འོངས་པ་བཀོལ་དགོས་པར་ཡོངས་སུ་གྲགས་ནའང་། གཞི་གཅིག་གི་སྟེང་དུ་བྱ་བྱེད་ལས་གསུམ་ཡུལ་དུས་གཅིག་ཏུ་འཛོམས་(འཐད་)དགོས་པ་ངོ་འཕྲོད་དགོས་པར་གདམས་པ་ཡིན་འདུག་པས་གོ་རྒྱུ་ལྷག་པར་ཡོད་གསུངས་པའི་དཀའ་གནད་འདི་ཉིད་མིན་ནམ་སྙམ། །ཞར་བྱུང་དུ། དེང་སྐབས་སློབ་གྲྭ་ཁག་ཏུ་རིགས་ལམ་སྦྱོང་བརྡར་གནང་གིན་ཡོད་སྟབས་གོང་གི་སུམ་རྟགས་ཀྱི་ཐ་སྙད་དང་དོན་ལ་གོ་རྟོགས་ལེགས་པར་བསྐྱེད་སླད་དེ་དག་མུ་གསུམ་མུ་བཞིའི་ལམ་ནས་སློབ་ཁྲིད་དང་རྩོད་པ་བརྒྱག་ཏུ་བཅུག་གནང་ཐུབ་ཚེ་སློབ་མ་ཚོས་དོ་སྣང་འཕར་མ་ངེས་པར་གནང་སྲིད།།
བསེ་རུ་ཟང་ཐལ་ལགས། ཨ་ལགས་དོར་ཞིས་གསུངས་པ་འདིའི་དོན་གྱི་སྙིང་པོ་ནི་བྱ་བའི་ཡུལ་ལ་གཞན་ཞེས་བརྗོད་པའི་རྒྱུ་མཚན་ཅི་ཡིན་སྐོར་ཡིན་ནའང་། “ཡུལ་སྟེང་གི་བྱ་བ་དེ་རང་ལས་ཐ་དད་པའི་བྱེད་པོ་གཞན་ཞིག་གིས་བྱས་པ་ཡིན་པའི་ཆ་ནས་ཡུལ་དེ་ལ་གཞན་ནམ་གཞན་གྱི་དངོས་པོ་དང་།” ཞེས་གསུངས་པ་ནི་འཐད་དཀའ། དེ་ལ་གཞན་ཞེས་བརྗོད་པའི་རྒྱུ་མཚན་གྱི་ངེས་ཚིག་ལྟ་བུ་བཤད་དུ་མེད། སྤྱིར་བྱ་བྱེད་གཉིས། བདག་གཞན་གཉིས། ཕར་ཚུར་གཉིས། དགྲ་གཉེན་གཉིས་ཞེས་སོགས་ཕན་ཚུན་ཁ་གཏད་ལྟ་བུར་ཡོད་པའི་དངོས་པོ་ཆ་ཅན་འདི་རིགས་ཀྱི་ཅིག་ཤོས་ཡོད་ཚེ་ཅིག་ཤོས་ཀྱང་མཉམ་དུ་ཡོད་པ་ལྟ་བུར་བརྟེན། བྱེད་པ་པོ་ལ་བདག་ཅེས་བརྗོད་ཚེ་བྱ་བའི་ཡུལ་ལ་བདག་གི་ཆ་ཡ་གཞན་ཞེས་བརྗོད་པ་ཙམ་ལས་རྒྱུ་མཚན་གཞན་མེད་དོ།།
འཇིགས་མེད་ལགས། ཁྱེད་ཀྱིས་བརྡ་སྤྲོད་ཀྱི་གཞུང་ཕལ་ཆེ་བས། བྱེད་པ་པོས་སྟ་རེ་འཕྱར་ནས་ཤིང་སྟེང་བརྒྱབ་པ་དེ་བྱེད་པའི་ལས། ཤིང་ཆད་ནས་དུམ་བུར་སོང་བ་དེ་བྱ་བའི་ལས་ཡིན་པར་ཁས་ལེན་རྒྱུ་བ་དེ་རང་ཡིན་ཚོད་འདུག དེ་ནི་ཡོངས་གྲགས་ཀྱི་ཁས་ཚུལ་ཞིག་ལགས། དེ་ཡིན་ན། ཨ་ལགས་རིན་པོ་ཆེས། འདི་ལ། བྱེད་པ་པོ་ལ་ཡོད་པའི་བྱ་བའམ་བྱེད་པའི་ལས་ངོས་འཛིན་སྟངས་འགྲིགས་ཡོད་ནའང། བྱ་བའི་ཡུལ་ལ་ཡོད་པའི་བྱ་བའམ་བྱ་བའི་ལས་ངོས་འཛིན་སྟངས་དེ་འགྲིག་གི་མི་འདུག་ཞེས་གསུངས་ཀྱི་ཡོད་པ་རེད། དེ་གང་ཡིན་ཟེར་ན། ཁོང་གི་ཟིན་མཚམས་ནི། དོན་དངོས་ལ། བྱ་བྱེད་ལས་གསུམ་གཞི་གཅིག་གི་སྟེང་དུ་དུས་གཅིག་ཏུ་སྒྲུབ་དགོས་སམ་མི་དགོས་ཞེས་པའི་དྲི་བ་འདི་ལ་”འདོད་”ཅེས་ལན་འདེབས་ཀྱི་ཡིན་ན་ནི། འདི་ལ་ཕྲ་ས་ནས་དཀའ་གནད་དང་གོ་བ་ལྷག་པོ་ཞིག་ཡོད་དགོས་ལ། ལེགས་པར་སོམས་ཤིག་གསུངས་པ་རེད། ཁྱེད་རིགས་ལམ་ཆགས་ཟིན་པའི་མཚན་ཉིད་པ་ཞིག་ཡིན་ན་ཕྲན་བསེ་རུས་ཨུ་ཚུགས་བརྒྱག་མི་དགོས་ལ་ད་ཚོད་གོ་བར་འགྱུར་ཡོད་པ་ལ་ཆ་འཇོག་བྱེད། ད་ནས་དགེ་བཤེས་ལ་རྩོད་པ་མི་བརྒྱག། རྫོགས་དུས་མེད། །
བསེ་རུ་ཟང་ཐལ་ལགས་ཀྱིས་གོང་གི་རྩོམ་དངོས་གཞི་ལ་ཡག་པོར་གཟིགས་མི་འདུག
སྐད་ཡིག་འདི་མིའི་འཚོ་བ་ལེགས་བཅོས་དང་སྟབས་བདེ་རུ་གཏོང་རྒྱུ་དེ་རེད། ཁྱེད་ཚོས་བོད་སྐད་སྟབས་བདེ་པོ། གོ་བདེ་པོ་འདི་ཁྲིམས་འདྲ་མིན་བཟོས་ནས། མགོ་རྙོག་ཅན་ཞིག་ཏུ་བསྒྱུར། དེ་ལ་མཁས་པའི་གོ་འཕང་ཐོབ་རེ་བྱེད་པ་ནི་ཤིན་དུ་མ་རུང་བའི་བྱ་སྤྱོད་རེད།
དགེ་ཆོས་ཀྱིས་གསུངས་པ་བཞིན། རྙོག་ཟིང་ཅན་གྱི་ལས་དེ་ཚོ་གོ་བདེ་དང་སྟབས་བདེར་མི་གཏོང་བར། མགོ་རྙོག་ཇེ་མང་དུ་བཏང་ན། སྐད་ཡིག་དེ་སྦྱོང་བར་དཀའ་ངལ་ཇེ་ཆེ་དང་།་སྐད་ཡིག་དེའི་རིན་ཐང་ཇེ་ཉུང་དུ་སོང་ནས། མཐར་སྐད་ཡིག་འདི་ངེད་ཚའི་ཁ་ནས་འབུད་འགྲོ། བྱས་ཙང་རྙོག་ཁྲ་མ་ཤོད།
གོ་བདེ་རུ་ཐོངས། སྦྱོང་བདེ་རུ་ཐོངས།
འཇིགས་མེད་ལགས། ཧ་ཧ། རྩོམ་འདིའི་མགོ་ནས་མཇུག་བར་ཐེངས་གསུམ་བཀླགས་ཟིན། འདིར་བྱ་བྱེད་ལས་གསུམ་སྤྱི་ལྡོག་ནས་བཤད་པ་མ་གཏོགས། བྱ་བྱེད་ལས་གསུམ་གཞི་གཅིག་གི་སྟེང་དུ་དུས་གཅིག་ཏུ་སྒྲུབ་དགོས་སམ་མི་དགོས་ཞེས་པ་མི་འདུག གནད་འགག་ཅིག་འདི་རེད། ཡང་། ཨ་ལགས་ཚང་གིས། གཞན་འབྲེལ་ལས་ཚིག་ལ་བྱེད་ལས་མ་ཡིན་པའི་བྱ་ལས་མེད་པར་བཞེད། ཧྲག་བསྡུས་ཤིག་གོང་གི་ཨང་༤༽པར་གཟིགས་རོགས། འདི་མཁས་པ་མང་པོར་གཏམ་གསར་དང་བློ་སྐྱེད་ཞིག་ཡིན་དགོས་པར་སྙམ། ཐུགས་རྗེ་ཆེ་དྲྭ་གྲོགས་ལགས། མ་གཞི་ནས་ང་ཚོ་བོད་པ་ཚང་མང་ཆེ་བས་ཤེས་བྱ་ཐམས་ཅད་སྤྱི་ལྡོག་ནས་བཤད་པ་དང་བསླབ་པར་དགའ་སོང་ནས་སྐྱོན་ཆ་ཞིག་ཡོད་ས་རེད། །
འབྲིང་བ་འཇིགས་མེད་ལགས་་་་་མ་གཞི་ཁྱོད་རང་བདེན་པ་རེད་དྲ་རྩོམ་གང་ཡིན་ན་ཡང་ཀློག་དང་མི་ཀློག་ཟེར་བ་དེ་གཙོ་བོ་རང་ཉིད་ལ་མོས་བ་ཡོད་མེད་དང་ལྷག་དོན་དུས་དང་སྐབས་ལ་འབྲེལ་བ་སྤྱི་ཚོགས་དང་འཁོར་ཡུག་ལ་བསྟུན་པའམ་ཉེ་བ་སྔར་ཟས་ལྷག་འཕྲོ་ཡང་དང་སྐྱར་དུ་ཟ་བའམ་དགེ་སློང་བ་ལང་བདག་ལྟ་བུའི་སྤྱོད་ལམ་གྱི་རིགས་ལ་དེང་སང་དེ་ཙམ་གྱིས་མོས་བ་མེད་པ་ཧ་ཅང་གསལ་བོ་རེད། གཞུང་ལུགས་ཤིག་གི་སྙིང་བཅུད་ཡིན་མདོག་ཟེར་ན་བདེན་ན་སོ་ཐང་ཡིན་ན་ཡང་དེ་ནི་ངས་གོང་དུ་བཤད་པ་ལས་མ་འདས།
ཟུར་གནས་ལགས། ཧ་ཅང་གོ་བདེ་བར་བཤད་ཡོད། ད་དུང་ཡང་མ་གོ་ན། ཀློག་མཁན་རང་ཉིད་ལ་དྲི་དགོས་པར་མངོན།
སྐད་ཡིག་ལ་ཁྲིམས་མི་དགོས་ཞེས་བརྡ་སྤྲོད་གཞུང་ལུགས་མེད་པར་བཟོ་རྒྱུ་ཡིན་ནམ། གོ་བདེ་བ་དགོས་ཞེས་ཡིག་སྐད་ཐམས་ཅད་ཁ་སྐད་དམ་ཡུལ་སྐད་དུ་བསྒྱུར་རྒྱུ་ཡིན་ནམ། དེ་འདྲ་ཡིན་ཚེ། དེ་ནི་བུ་གླེན་པས་ཕ་ཡི་ཀླད་པ་བཅོམ་པའི་དཔེ་ལས་མ་འདས་སོ།།
བསེ་རུ་ཟང་ཐལ་ལགས། བྱ་ལས་ཀྱི་སྐོར་ལ་ཨ་ལགས་དོར་ཞིའི་གསུང་སྟངས་དེ་རྩོམ་དངོས་གཞིའི་ནང་དུ་གསལ་པོ་བྲིས་ཡོད་ལབ་པ་ཡིན།
གཞན་ཡང་། བཀྲ་ཤིས་ཀྱིས་ཤིང་བཅད་པ་ལྟ་བུར་བྱེད་ལས་གསུམ་ག་དབྱེར་ཡོད་པ་དེ་ལས་ལྷག་པའི་བྱ་བྱེད་ལས་གསུམ་གཞི་གཅིག་ཏུ་འཛོམས་སྟངས་ཤིག་མེད། དེ་ལ་དམིགས་བསལ་གྱི་གནད་འགག་དང་གོ་རྒྱུ་ཟབ་པོ་དེ་འདྲ་ཡོད་གསུངས་པ་མ་རེད།
རྒྱ་ཞིང་མྱི་དཀར་ལགས། ད་ ཁྱེད་རང་གིས་དྲ་རྩོམ་ཞིག་སྤེལ་ན་ཏག་ཏག་རེད།
ང་དུ་ཅན་པོ་ཡིན་ནི་མ་རེད་ཡིན་ན་ཡང་ངས་མི་རྟ་མཐོང་མྱུང་ཏོག་ཙམ་ཡོད་་་་་གང་ལྟར་རང་གི་རྩོམ་ཡིག་ལ་ཡི་རང་ཡོད་ཡིན་ན་ཡང་གོང་ནས་ནས་བཤད་པ་དུ་རེད་
འཇིགས་མེད་ལགས། གོ་ཁག་པོ་འདུག སྟབས་བདེ་རུ་གཏོང་དགོས་འདུག
ངས་བལྟས་ན། ཁྱེད་ཀྱི་གོང་དུ་བཤད་པ་དེ་དག་ཚིག་གཅིག་ནང་འདུས་ན།
བྱེད་པ་པོ། བྱ་བའི་ཡུལ། བྱ་བ། དེ་དག་རེད།
འཇིགས་མེད་སློབ་གྲྭར་འགྲོ་བཞིན་འདུག ༼ད་ལྟ་བ།༽
འཇིགས་མེད་སློབ་གྲྭར་ཕྱིན། ༼འདས་པ།༽
འཇིགས་མེད་སློབ་གྲྭར་འགྲོ། ༼མ་འོངས་པ།༽
ད་དེ་ལ་རྒྱས་བཤད་དགོས་ཀྱི་མིན་འདུག
ཁྱེད་ཀྱིས་སྐད་ཡིག་གི་དོན་དུ་སྐུ་ལས་བསྐྱོན་པ་དེར་ཁྱེད་ལ་ཕྱག་བཙལ་བ་ཡིན། བཀའ་དྲིན་ཆེ་ཞུ། འོན་ཀྱང་འགྲེལ་སྟངས་དེ་རྙོག་ཟིང་ཚ་དྲག་འདུག སློབ་མ་མང་པོ་ཞིག་ཐང་ཆད་པ་འདུག ད་དུང་གོ་བདེ་བ་དང་སྟབས་བདེ་རུ་གཏོང་ཐུབ་ན། ངོ་མ་ཁྱེད་ལ་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ།
དུས་རབས་ཀྱི་རྗེས་ཟིན་ཐུབ་པའི་སྐད་ཡིག་ཞིག་མཁས་པ་ཚོའི་གསར་གཏོད་མ་ཐུབ་ཚེ་མ་འོང་མི་རབས་གསར་པ་ཚོའི་ད་ལྟའི་ང་ཚོའི་སྐད་ཡིག་ལ་འགན་འཁུར་མཁན་ག་ཚོད་འདུག་ཕྱོགས་ཀུན་ནས་ཐུགས་སྣང་གནང་མཁན་ཡོད་ན་དེ་ནས་ངོ་འཕྲོད་ཐུབ་པ་ཞིག་མ་རེད་དམ་?