ཨེ་མ་ཧོ།
ན་མོ་གུ་རུ་བུདྡྷ་ཛྙཱ་ན་ཡེ།
༼༡༽ ཀ་དག་སྤྲོས་བྲལ་གཉུག་མའི་གཞི་དབྱིངས་སུ།།
ཁ་སྦྱོར་རིག་པ་རང་བྱན་བྱང་ཆུབ་པའི།།
ཉ་གང་གདངས་འཛིན་རིག་འཛིན་རྒྱུད་པ་བཅས།།
སྔ་འགྱུར་ཡབ་མེས་དམ་པས་དགེ་ལེགས་སྩོལ།།
༼༢༽ སྨྲ་བསམ་བརྗོད་བྲལ་ལས་འདས་དོན་དམ་ངང་།།
ཆོས་ལུགས་གདོད་མའི་གནས་ལུགས་དཔལ་ལ་སྤྱོད།།
དཀར་ཟས་འཚོ་བའི་ལོངས་སྤྱོད་གང་དགར་རོལ།།
ཡབ་མེས་རྒྱལ་རྔ་སྲིད་འདིར་སྣང་བ་རྒྱས།།
༼༣༽ བཟང་དྲུག་སྨན་པའི་གཤིས་འཛིན་དམ་པ་གང་།།
གསང་རྒྱུད་དྲུག་ཅུ་རྩ་བཞིའི་གཏེར་མཛོད་སྐྱོང་།།
སྒྲ་ཚད་བཟོ་གསོ་བཀའ་གཏེར་དམ་ཆོས་སྤེལ།།
ཁྱད་པར་བསྐྱེད་རྫོགས་རྫོགས་ཆེན་རྣལ་འབྱོར་རྒྱལ།།
༼༤༽ བསྟན་བཅོས་ལེགས་བཤད་དོན་ལ་མཁས་པའི་ཚུལ།།
འཆི་བ་བཙན་ས་ཟིན་པའི་ཉམས་ལེན་ཅན།།
མ་གྱུར་འགྲོ་ཁམས་འདྲེན་པའི་རྒྱལ་སྲས་དང་།།
གསང་ཆེན་སྨིན་གྲོལ་ཐོབ་པའི་རིག་འཛིན་རྒྱལ།།
༼༥༽ གསང་གསུམ་རྒྱལ་བའི་བསྟན་པའི་འདས་མཆོད་འབུལ།།
སྒོ་གསུམ་སྨིན་གྲོལ་འདས་རྟགས་ནམ་མཁར་བཞགས།།
སྐུ་གསུམ་རྒྱལ་བའི་ཞིང་ཁམས་བགྲོད་པའི་མགོན།།
དབུ་མཛོད་འཇམ་དབྱངས་བློ་གྲོས་དགོངས་རྫོགས་སྨོན།།
༼༦༽ སྣང་གྲགས་རིག་པ་སྐུ་གསུམ་ངང་དུ་གནས།།
སྣང་མཆེད་ཐོབ་པ་ཆོས་ཉིད་དབྱིངས་སུ་གཟིམས།།
སྣང་སྲིད་རྣམ་དག་རང་རིག་བླ་མའི་ཐུགས།།
ཐུགས་རྗེ་མཚུངས་མེད་མངོན་སངས་རྒྱས་གྱུར་ཅིག།
ཅེས་པ་འདི་ཡང་རབ་རྒྱན་མེ་བྱའི་སྣྲོན་ཟླའི་གཟའ་ཚེས་དགེ་བའི་ཆར་འཛམ་གླིང་སྤྱི་བསང་གི་ཉིན་མོར་མཛའ་གྲོགས་དཔལ་ལྡན་ལྷ་མོས་འབོད་སྐུལ་བ་དང་། སྒྲ་འཛིན་དབང་པོས་ཚོར་སྣང་གིས་དབྱིན་ཡུལ་རྒྱལ་ས་ལན་དྲོན་གྱི་ཡུས་སི་ཏྲོན་མེ་འཁོར་ས་ཚིགས་ཀྱི་ཉེ་འགྲམས་ནས་ཚོགས་བསགས་བདུད་རྩིས་དཔལ་ལ་སྤྱོད་པའི་ངང་ཚུལ་གྱིས་ཚོར་སྣང་ཟབ་མོ་དག་གང་ཤར་དུ་ཤྲཱི་ཨེ་མ་ཧོས་སྨོན་ཚིག་ཏུ་བགྱིས་པ་དོན་དང་ལྡན་པར་གྱུར་ཅིག་གུ།། དགེའོ། དགེའོ། དགེའོ།།