སྐྱོ་བྲག་དགའ་དབང་།
བོད་བརྒྱུད་ནང་བསྟན་པའི་ཁ་རྒྱུན་ལ་རྟག་པར་ཡོད་པའི་ཐ་སྙད་རྩ་བའི་བླ་མ་ཞེས་པ་འདི། ངེས་ཚིག་འཇུག་པའི་དབང་དུ་བྱས་ན་ནི། གང་ལས་དགེ་བློ་ཐོབ་པའི་བླ་མ་ཀུན་ལ་འཇུག་ཏུ་རུང་བ་སྟེ། ཀརྨ་པ་མི་བསྐྱོད་རྡོ་རྗེས་ཕྱག་ཆེན་སྒྲོས་འབུལ་ལས། འོ་ན་རྩ་བའི་བླ་མ་དམ་པ་ཞེས་པའི་རྩ་བར་འཇོག་བྱེད་དེ་གང་ཞེ་ན། དང་པོའམ་རབ་མཆོག་གི་བླ་མ་ཞེས་པའི་དོན་ཡིན་ལ། བདག་གི་རྒྱུད་ལ་རྣམ་དཀར་གྱི་ཡོན་ཏན་དང་པོར་བསྐྱེད་པར་མཛད་པའི་དགེ་རྩའི་ས་བོན་གྱི་རྩ་བ་བརྟན་པོ་ཐོག་མར་རྒྱུད་ལ་གཟུགས་པ་པོའི་བླ་མ་དེ་ཉིད་ཡིན་ལ། དེ་ཉིད་བདག་ཅག་ལ་ལྟོས་ན་བླ་མ་དཀོན་མཆོག་མཁའ་མཉམ་དུ་བཞུགས་པ་ཐམས་ཅད་ལས་ཀྱང་མཁྱེན་བརྩེ་ནུས་པ་རབ་དང་མཆོག་ཏུ་གྱུར་པ་ཡིན་ཏེ། རང་རེ་འཁོར་བ་ཐོག་མེད་ནས་ཐ་མ་ད་ལྟ་ལ་ཐུག་གི་བར་དུ་བླ་མ་དཀོན་མཆོག་དེ་སྙེད་དུ་བཞུགས་པས་བདག་ལ་དགེ་འབྲེལ་འཇོག་མ་ཐུབ་པ་དེ་བླ་མ་དམ་པ་འདི་ཉིད་ཀྱིས་འཇོག་ཐུབ་པས་བླ་མ་དཀོན་མཆོག་མཁའ་ཁྱབ་ཏུ་བཞུགས་པ་ལས་བླ་མ་དཀོན་མཆོག་འདི་ཉིད་རབ་མཆོག་ཕུལ་དུ་ཕྱིན་པར་གྲུབ་པའི་ཕྱིར་རོ། །
དེས་ན་དེ་ལྟའི་བླ་མ་དེ་ཉིད་དང་མཁྱེན་བརྩེ་ནུས་པས་བདག་ཅག་གི་རྒྱུད་སྒྲིབ་པ་སྤང་རུང་གཉེན་པོ་བསྐྱེད་རུང་དུ་སྨིན་པར་མཛད་པའི་བདག་རྐྱེན་གྱི་བླ་མ་རབ་འབྱམས་གང་ན་བཞུགས་པ་དེ་ཐམས་ཅད་ཀྱང་རྩ་བའི་བླ་མ་ཡིན་པས། རྩ་བའི་བླ་མ་ཞེས་གཅིག་ཁོ་ན་ངེས་བཟུང་དུ་སྨོས་པ་ནི་མ་ཡིན་ནོ། །ཞེས་གསུངས་སོ། །
སྡོམ་པ་ཐོབ་པའི་དབང་དུ་བྱས་ན་ནི། སོར་སྡོམ་ཐོབ་པ་ཙམ་གྱིས་མི་འཇུག་པར་ཆགས་མེད་རི་ཆོས་ལས། དིང་སང་སེར་མོ་འཛིན་པ་ཕལ་ཆེར་གྱིས། །ཆོས་སྒོར་བཅུག་མཁན་སྐྲ་ཕུད་ལེན་མཁན་དང་། །རབ་བྱུང་བསྙེན་རྫོགས་ཞུ་སའི་མཁན་པོ་དེ། །རྩ་བའི་བླ་མ་ཡིན་པར་བརྩི་ལགས་ཏེ། །དེ་འདྲ་མདོ་རྒྱུད་གང་ནས་བཤད་པ་མེད། །ཅེས་གསུངས་ཤིང་།
སོ་བྱང་སྔགས་ཀྱི་སྡོམ་པ་ཡོངས་རྫོགས་ཐོབ་པ་ལ་འཇུག་པར་ཆགས་མེད་རི་ཆོས་ལས། གྲུབ་མཐའ་སྤྱི་ལུགས་སུམ་ལྡན་རྡོ་རྗེ་འཛིན། །སོ་ཐར་དགེ་བསྙེན་དགེ་ཚུལ་བསྙེན་རྫོགས་གསུམ། །གསུམ་ཀའམ་ནི་གང་རུང་ཞུས་དང་གཅིག །བྱང་ཆུབ་སེམས་དཔའི་སྡོམ་པ་ཞུས་དང་གཉིས། །གསང་སྔགས་དབང་བཞི་རྫོགས་པར་ཞུས་དང་གསུམ། །སུམ་ལྡན་རྡོ་རྗེ་འཛིན་པ་ཞེས་བྱ་སྟེ། །རྩ་བའི་བླ་མ་ཡིན་པར་བཞེད་པ་སྟེ། །ཞེས་སོ། །
སྔགས་ལུགས་ཀྱི་དབང་དུ་བྱས་ན་ནི། ཡི་དམ་ལྷ་ཡི་དབང་ལུང་མན་ངག་ཚང་བར་ཐོབ་པ་ལ་འཇུག་པར་ཆགས་མེད་རི་ཆོས་ལས། སྔགས་ལུགས་རང་གི་ཡི་དམ་གང་ཡིན་གྱི། །དབང་བཞི་ཡོངས་སུ་རྫོགས་པར་ཐོབ་པ་དང་། །དེ་ཡི་རྒྱུད་ཀྱི་ལུང་དང་བཤད་པ་ཐོབ། །དེ་ཡི་སྒྲུབ་ཐབས་མན་ངག་ཟབ་མོ་ཐོབ། །དེ་དག་སྔགས་ཀྱི་སུམ་ལྡན་རྡོ་རྗེ་འཛིན། །ཡིན་ཕྱིར་རྩ་བའི་བླ་མ་མང་པོ་འབྱུང་། །ཞེས་གསུངས་སོ། །
རྟོགས་པ་དོན་བརྒྱུད་ཀྱི་དབང་དུ་བྱས་ན་ནི། དགེ་བློ་ཐོབ་པ་ཙམ་གྱིས་མི་འཇུག་པ་མ་ཚད། སོ་བྱང་སྔགས་ཀྱི་སྡོམ་པ་ཐོབ་པ་དང་། ཡི་དམ་ལྷ་ཡི་དབང་ལུང་མན་ངག་ཐོབ་པ་ལའང་མི་འཇུག་པར་ཆགས་མེད་རི་ཆོས་ལས། བཀའ་བརྒྱུད་ལུགས་ཀྱི་རྟོགས་པ་དོན་བརྒྱུད་ནི། །སྡོམ་པ་ཞུས་དང་དབང་ལུང་རྒྱ་མཚོ་ཐོབ། །རིག་གནས་ཡོན་ཏན་དཔག་མེད་བསླབ་ན་ཡང་། །དྲིན་ཐོབ་ཡིན་གྱི་རྩ་བའི་བླ་མ་མིན། །དེ་བཞིན་ཁྲིད་རིམ་མང་པོ་ཐོབ་པ་དང་། །གནས་འགྱུ་བདེ་གསལ་མི་རྟོག་ངོ་འཕྲོད་ཀྱང་། །དྲིན་ཅན་ཡིན་གྱི་རྩ་བའི་བླ་མ་མིན། །ཞེས་གསུངས་ཡོད།
འོ་ན་གང་ལ་འཇུག་པ་ནི། གང་ལས་ཕྱག་ཆེན་གྱི་རྟོགས་པ་སྐྱེས་པ་དེ་ཁོ་ནར་ངེས་པ་སྟེ། དེབ་ཐེར་སྔོན་པོ་ལས། དཔལ་དྭགས་པོ་བཀའ་བརྒྱུད་ཅེས་གྲགས་པ་འདི་ནི་ཚིག་གི་བརྒྱུད་པ་མ་ཡིན་གྱི། དོན་གྱི་བརྒྱུད་པ་ཡིན་ལ། དོན་ཡང་ཕྱག་རྒྱ་ཆེན་པོ་དྲི་མ་མེད་པ་རྟོགས་པའི་བརྒྱུད་པ་ཡིན་ཏེ། བླ་མ་གང་ལས་ཕྱག་རྒྱ་ཆེན་པོའི་རྟོགས་པ་ཐོབ་པ་དེ་ལ་རྩ་བའི་བླ་མའོ་ཞེས་རྣམ་པར་འཇོག་གོ །ཞེས་དང་། ཆོས་བྱུང་མཁས་པའི་དགའ་སྟོན་ལས། བཀའ་རྒྱུད་རིན་པོ་ཆེ་འདི་ནི་གང་ལས་ཕྱག་ཆེན་གྱི་རྟོགས་པ་སྐྱེས་པ་དེ་ཁོ་ན་རྩ་བའི་དཔོན་སློབ་ཏུ་འཇོག་པ་སྟེ། དཔལ་ཕག་མོ་གྲུ་པ་ཆོས་གསན་པ་གཞན་དུ་མང་ཡང་སེམས་ཀྱི་སྒྲོ་འདོགས་རྗེ་དྭགས་པོས་བཅད་པས་རྩ་བའི་བླ་མར་འཛིན་པ་ལྟ་བུ་དེའི་ཕྱིར་རྩ་བའི་སློབ་མར་བགྲངས་སོ། །ཞེས་དང་། ཆགས་མེད་རི་ཆོས་ལས། ཞལ་མཐོང་གསུང་ཐོས་ཕྱག་དབང་ཐོབ་པའམ། །ཆོས་འབྲེལ་དབང་འབྲེལ་མང་ཉུང་གང་ཡང་རུང་། །མ་མཇལ་བཀའ་ཤོག་གནང་བ་ཡན་ཆད་ཀྱིས། །རང་སེམས་ངོ་བོ་རྗེན་པར་རྟོགས་གྱུར་ན། །དེ་ཉིད་རྩ་བའི་བླ་མར་འཛིན་པ་སྟེ། །དྭགས་པོས་བཀའ་གདམས་བླ་མ་རྣམས་བསྟེན་པས། །ཞག་བདུན་ཙམ་ལ་མི་འཕྲོའི་ཞི་གནས་ཐོབ། །ཕག་གྲུས་ས་སྐྱ་གྲགས་རྒྱལ་བསྟེན་པ་ཡིས། །བདེ་གསལ་མི་རྟོག་ཏིང་འཛིན་མཐར་ཕྱིན་ཏེ། །འོན་ཀྱང་ངོ་བོ་ཕྱིས་ནས་མཐོང་བའི་ཕྱིར། །མི་ལ་དྭགས་པོ་རྩ་བའི་བླ་མར་བཟུང་། །ཞེས་གསུངས་སོ། །
རྡོ་རྗེ་ཐེག་པའི་ལམ་གྱི་སྙིང་པོ་བླ་མའི་མོས་གུས་ལ་གཙོར་བྱེད་པ་ཞིག་ཡིན་ན་ནི། ཆགས་མེད་རི་ཆོས་ལས། རྩ་བའི་བླ་མ་དཀོན་མཆོག་ཀུན་འདུས་སུ། །སྒོམ་ཚུལ་རྩ་བའི་བླ་མ་ངོས་འཛིན་དགོས། །ཞེས་གསུངས་པ་ལྟར། གསོལ་བ་འདེབས་ཡུལ་གྱི་རྩ་བའི་བླ་མ་གང་ཡིན་ཤེས་པ་ནི་གལ་ཆེན་པོ་ཡིན་ནོ། །
དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། །
སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་། །
ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །
བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །
སྐྱོ་བྲག་དགའ་དབང་ལེགས་ཀྱིས་ལེགས་པར་བཏུས་ཏེ། བདག་ཅག་གི་མིག་ཡུལ་དུ་བཞུགས་པའི་དོན་འདི་རྣམས་བདག་སོགས་ཀྱིས་ཡང་ཡང་བཀླགས་ཏེ། ཡིད་དུ་འཇོག་དགོས་པ་མཆིས་སོ།
དབང་ལུང་མན་ངག་འབྲེལ་ཐོབ་བླ་མ་ལ་།
ནམ་ཡང་ལོག་ལྟ་མི་བྱ་དད་གུས་བརྟན་།
བླ་མའི་སྦྱིན་རླབས་རང་བརྒྱུད་སྨིན་པ་ལ་།
ཉིན་ཚན་ཀུན་ཏུ་བླ་མ་སྤྱི་བོར་སྒོམ་།
ཕ་བླ་མ་མེད་པའི་གོང་རོལ་ན་།
སངས་རྒྱས་ཞེས་པའི་མིང་ཡང་མེད་།
སྐལ་པ་སྟོང་གི་སངས་རྒྱས་ཡང་།
དང་པོའི་བླ་མ་དེ་ནས་བྱུང་།
ཉིན་ཚན་ཀུན་ཏུ་བླ་མ་སྤྱི་བོར་སྒོམ་།
འདི།
ཉིན་མཚན་ཀུན་ཏུ་བླ་མ་སྤྱི་བོར་སྒོམས།