ཡོང་ཁུངས། བོད་མིའི་སྒྲིག་འཛུགས་དྲ་རྒྱ
༄༅། །ཕྱི་ལོ་༢༠༡༧ ཟླ་༧ ཚེས་༡༣ ཉིན་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཝཱ་ཎ་བོད་ཀྱི་མཐོ་སློབ་ཨ་ཏི་ཤའི་ཚོགས་ཁང་ནང་དུ་ངེས་སྟོན་པ་ཉེ་བའི་རིག་བདག་དགེ་བཤེས་ངག་དབང་བསམ་གཏན་ལགས་ཀྱིས་གཙོས་དགེ་ལས་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་དོན།
རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ས་བཙན་བཟུང་བྱས་ཀྱང་༸གོང་ས་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་བོད་མི་རྣམས་ཀྱིས་བཙན་བྱོལ་གྱི་གནས་བབ་ཐོག་ནས་དཔལ་ནལེནྡྲ་ནས་བརྒྱུད་པའི་བོད་བརྒྱུད་ནང་བསྟན་འཛིན་སྐྱོང་སྤེལ་གསུམ་ཧྲ་ཏག་ཏག་བྱས་ཐུབ་ཡོད་པར་བརྟེན་རྒྱ་ནག་དམར་ཤོག་ཚོགས་པའི་རིག་གནས་གསར་བརྗེ་ཟེར་བ་ལས་རྣམ་པར་རྒྱལ་ཐུབ་པ་བྱུང་ཡོད།
དཔེར་ན་པཎ་ཆེན་རིན་པོ་ཆེ་སྐུ་གོང་མས་ཡིག་འབྲུ་ཁྲི་བདུན་གྱི་ཞུ་ཡིག ཅེས་པ་རྒྱ་ནག་དམར་པོའི་འགོ་གཙོར་ཕུལ་བ་དེའི་ནང་རྒྱ་ནག་དམར་པོའི་དབང་བསྒྱུར་འོག་བོད་ནང་རིག་གནས་གསར་བརྗེ་ཟེར་བ་ལག་བསྟར་བྱས་རྐྱེན་བོད་བརྒྱུད་ནང་བསྟན་གྱི་ཆོས་བྱེད་དགེ་འདུན་གྱི་སྡེ་དང་གཞན་ཡང་བཙུན་དགོན་དང་། ལྷ་ཁང་སོགས་བསྟན་པ་བཤད་སྒྲུབ་སྤེལ་གསུམ་ཐོག་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་སའི་བསྟི་གནས་ཁང་ལོ་རྒྱུས་རང་བཞིན་ལྡན་པ་སྟོང་ཕྲག་མང་པོ་འཛེམ་ཟོན་སྤུ་ཙམ་མེད་པའི་ཐོག་ནས་གཏོར་བཤིག་བཏང་ཡོད་སྐོར་འཁོད་ཡོད། ཆོས་མེད་སྨྲ་བ་རྒྱ་ནག་གུང་ཁྲན་ཏང་གིས་བོད་མི་རིགས་རིག་གཞུང་དང་བཅས་པ་རྩ་མེད་བཟོ་ཐབས་བྱ་རྒྱུའི་ངན་གཡོའི་སྲིད་བྱུས་དེར་མཐར་ལམ་ལྷོང་ལྡན་པ་ཞིག་བྱུང་སོང་བསམས་ནས་རེ་སྟོང་ཁོག་བཅུག་བྱས་ཡོད་ཀྱང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ཀྱི་འཆར་སྣང་ལྟར་ད་ཆ་གཙོ་བོ་རྒྱ་གར་ཧི་མཱ་ལ་ཡི་རི་རྒྱུད་དང་ཕྱི་རྒྱལ་ཡུལ་གྲུ་ཙམ་མ་ཟད། རྒྱ་ནག་སྐམ་ས་དང་བོད་ནང་དུའང་བོད་བརྒྱུད་ནང་བསྟན་ལ་དད་གུས་ཞུ་རྒྱུ་ཙམ་མ་ཟད། རྗེས་སུ་འབྲང་མཁན་ཡང་ཇེ་མང་དུ་འགྲོ་བཞིན་ཡོད་པ་ནི་དཔེར་ན།
དེང་སྐབས་ཉམས་ཞིབ་པ་ཁག་གཅིག་གིས་རྒྱ་ནག་ནང་དུ་ནང་པ་མི་གྲངས་ས་ཡ་ ༣༠༠ ནས་ ༤༠༠ བར་ཡོད་སྐོར་བརྗོད་བཞིན་པ་དང་། ལྷག་པར་དེ་ཁྲོད་མང་པོ་ཞིག་བོད་བརྒྱུད་ནང་བསྟན་གྱི་རྗེས་འབྲང་པ་ཡིན་པར་བརྟེན་རྒྱ་ནག་ནང་དུ་རྒྱ་རིགས་དམར་ཤོག་འགོ་ཁྲིད་ས་ཡ་ ༨༢ ལས་མེད་སྟབས་ནང་པའི་གྲངས་འབོར་ས་ཡ་ ༤༠༠ བར་ཡོད་པ་བརྗོད་སྐབས་གྲངས་འབོར་ཆ་ནས་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ལས་ནང་པ་མང་བ་ཡོད་པ་གསལ་པོ་ཆགས་ཡོད།
དེར་བརྟེན་རྒྱ་ནག་དམར་ཤོག་འགོ་ཁྲིད་ཚོས་༸གོང་ས་མཆོག་གི་འཇམ་པོའི་སྟོབས་ཤུགས་ལ་ཧ་ཅང་ཞེད་སྣང་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་བཀའ་ཤག་གི་ལྔ་དང་ལྔ་བཅུའི་འཐབ་བྱུས་སྐོར་སོགས་གསུངས། དེ་རྗེས་ལྡི་ལི་བརྒྱུད་བཞུགས་སྒར་དུ་ཕེབས་ཐོན་གནང་ཡོད་པ་བཅས།།
http://bod.asia/2017/07/%E0%BD%A2%E0%BE%92%E0%BE%B1%E0%BC%8B%E0%BD%93%E0%BD%82%E0%BC%8B%E0%BD%91%E0%BD%98%E0%BD%A2%E0%BC%8B%E0%BD%A4%E0%BD%BC%E0%BD%82%E0%BC%8B%E0%BD%A0%E0%BD%82%E0%BD%BC%E0%BC%8B%E0%BD%81%E0%BE%B2%E0%BD%B2/
༄༅། །གལ་ཏེ་སྲིད་སྐྱོང་གི་གཏམ་བཤད་དེ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་ཐོག་སྤེལ་ཡོད་པ་བདེན་ན། དེ་ནི་ལོང་བས་ལོང་བ་ཁྲིད་པ་དང་ཆེས་སྐྱུག་བྲོ་བའི་ཞབས་འདྲེན་རང་མ་རེད་དམ། སྲིད་སྐྱོང་འདི་པ་མ་ཤེས་ཤེས་མདོག་བྱེད་མཁན་ཞིག་དང་ངན་བྱས་ངོ་སོར་ཁྱེར་མཁན་གྱི་མི་ཧམ་པ་ཚ་པོ་ཞིག་རེད། ༸པཎ་ཆེན་སྐུ་གོང་མས་ལྗགས་རྩོམ་མཛད་པའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་དེ་ནི་རྒྱ་དམར་གྱིས་བོད་ལ་བཙན་འཛུལ་བྱས་པ་ནས་བཟུང་ཕྱི་ལོ་༡༩༦༢ བར་མདོ་སྟོད་སྨད་གཙོ་བོར་གྱུར་པའི་བོད་ས་ཡོངས་ཀྱི་ཆེད་དངོས་ཡོད་གནས་ཚུལ་བདེ་སྡུག་ཞུས་པའི་སྙན་ཞུ་ཞིག་ཡིན། སྙན་ཞུ་དེ་ནི་པཎ་ཆེན་སྐུ་གོང་མས་བོད་ཡིག་ནང་བྲིས་རྗེས་རྒྱ་ཡིག་ཐོག་ཕབ་བསྒྱུར་བྱས་ཏེ་ཕྱི་ལོ་༡༩༦༢ ལོའི་ཟླ ༥ ཚེས་༡༨ ཉིན་སྐབས་དེའི་རྒྱ་ནག་གི་སྲིད་བློན་ཀྲའོ་ཨན་ལའི་ཡི་མིང་ཐོག་ལ་ཕུལ་བ་ཞིག་ཡིན། སྙན་ཞུ་འདིའི་ནང་དོན་དང་རིག་གནས་གསར་བརྗེའི་དབར་འབྲེལ་བ་རྩ་བ་མེད། རིག་གནས་གསར་བརྗེ་ནི་སྙན་ཞུ་འདི་ཕུལ་བའི་ལོ་བཞིའི་རྗེས་ཏེ། ཕྱི་ལོ་༡༩༦༦ ནས་འགོ་ཚུགས་པ་ཞིག་རེད། དེར་བརྟེན་ང་ཚོའི་སྲིད་སྐྱོང་འདི་པས་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ལ་རྒྱུས་མངའ་རྩ་བ་ནས་མེད་པ་མཚོན་ཐུབ་ལ། རིག་གནས་གསར་བརྗེ་ལ་རྒྱུས་མངའ་དེ་བས་ཀྱང་མེད་པ་མཚོན་ཐུབ། རྗེ་སོར་ནས་ཧམ་བཤད་མ་མཛད་པར་རང་གིས་གང་བཤད་ཤེས་པ་ཞིག་དང་། ཤེས་ནས་བཤད་པའི་གཏམ་ལ་འགན་ཁྱེར་ནུས་པ་ཞིག་གནང་དགོས། དེ་ལྟར་མ་གནང་ཚེ་ཉིན་ཞིག་ཞབས་འདྲེན་དེ་བས་ཆེ་བ་ཞུ་སྲིད་པ་རེད་དོ། །
ལྷུན་གྲུབ་ལགས་ཀྱི་བསམ་ཚུལ་དེ་ཤིན་ཏུ་དྲང་བདེན་རེད། རྒྱ་རིགས་ནང་བ་ཇི་ཙམ་མང་ན་ཡང་དེ་ཚོའི་ཁྲོད་དུ་བོད་ལ་དགོས་ངེས་ཀྱི་ཤ་ཚ་དང་རྒྱབ་སྐྱོར་བྱེད་མཁན་ཧ་ཅང་ཉུང་ཉུང་ཡིན་སྟབས། དེ་ཐད་ནས་ང་ཚོར་སྤོབས་སེམས་བསྐྱེད་རྒྱུ་ཅི་ཡང་ལྷག་མེད།
གཞན་སྲིད་སྐྱོང་ལ་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུའི་ཐད་ལ་རྒྱུས་མངའ་གསལ་བོ་མ་བྱུང་ན་ཡང་། ཁོང་གི་གཏམ་བཤད་ལ་ཉན་མཁན་གྱི་ཝར་ནའི་དགེ་སློབ་ཚོས་ཀྱང་་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་་དེ་རིག་གསར་ལ་བརྟེན་ནས་བརྩམས་པ་ལྟ་བུར་གནང་ཡོད་པ་དེ་ཁྱད་མཚར་རེད།
རྒྱ་ནག་གི་ནང་པ་ཡོང་གིས་བོད་ལ་རྒྱབ་སྐྱོར་བྱེད་ཀྱི་རེད་པེ་་་་རྒྱ་ནག་གི་ནང་པ་ཡིན་ན་གུང་ཁྲན་ཏང་ལ་མི་དགའ་བའི་རྒྱུ་མཚན་ཡོད་ན། ཅི ཡང་ཆ་རྒྱུས་མེད་པའི་རྟགས་རེད། སྐད་ཆ་སྐྱིད་པོ་བཤད་འདུག
ད་ལྟ་ཨ་རི་ན་ཡོད་པའི་རྒྱ་རིགས་ཕྱུག་བདག་ཀུའོ་ཝུ་ཀོས་བཤད་ན། སྲིད་སྐྱོང་ཕར་ཞོག ༧གོང་ས་མཆོག་གིས་ཀྱང་རྒྱ་ནག་ནང་གི་དངོས་ཡོད་གནས་ཚུལ་མང་པོ་ཞིག་མཁྱེན་གྱི་མི་འདུག་ཟེར། རྒྱ་ནག་གིས་ཀྱང་སྐུ་མདུན་གྱི་དགོངས་གཞི་དངོས་དེ་ཤེས་ཀི་མི་འདུག ཕན་ཚུན་བར་གོ་བརྡ་འཕྲོད་ཀི་མི་འདུག་ཟེར། དེ་མིན། ནང་པ་མིན་པ་ལས་ཅི་ཙམ་ཡོད་པའམ་མང་ན། དེ་ཙམ་གྱིས་བོད་དོན་ལ་ཕན་ཐོགས་ཡོད་མིན་དེ། ངས་ད་བར་རྒྱ་རིགས་བརྒྱ་ཕྲག་ཁ་ཤས་ལ་འབྲེལ་བ་བྱས་པ་ལས་ཤེས་རྟོགས་ཟབ་མོ་བྱུང་། ནང་པ་ཡིན་ཕྱིན་ཉུང་མཐར་ཡང་གོང་ས་མཆོག་མ་དགའ་བ་གནང་གི་མི་འདུག མཚན་སྨད་ཞུ་གི་མི་འདུག དེ་ངས་ཤེས་སོང་།
ཧྲ་ཏག་ཏག་དག་གམ། སྲ་ཐག་ཐག་དག དཔྱད་དགོས་འདུག
དོན་དངོས་ཐོག་སྲིད་སྐྱོང་གིས་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུར་རྒྱུས་མངའ་མེད་པར་དེའི་ནང་རིག་གསར་སྐབས་ཀྱི་གཏོར་བཤིག་བཀོད་ཡོད་པ་རེད་ཅེས་བཤད་པ་དེ། རྒྱ་ནག་གིས་དྲི་བ་བཏང་ན་སྲིད་སྐྱོང་ལ་ལན་རྒྱག་ཡས་མེད་པ་དང་ངོ་ཚ་པོ་བཟོ་སྲིད། །
ད་ལྟའི་རྒྱ་ནག་དམར་གཞུང་གིས་རིག་གནས་གསར་བརྗེ་སྐོར་ལ་གླེང་རྒྱུ་ངོ་ཚ་ནས་་བསྡད་ཡོད་རེད། མགྱོགས་པོར་མའོ་ཅར་ཏུང་གི་སྐོར་ལ་གླེང་ཡ་ལ་ཡང་ངོ་ཚ་བའི་དུས་ཤིག་མགྱོགས་པོར་ཤར་ངེས། རྒྱ་ཧན་མི་རིགས་གཉིད་སད་ཤོག བོད་མི་རིགས་ཡར་ལོངས་ཤོག །