ཡོང་ཁུངས། ལྷ་ས་རྩོམ་རིག་མེ་ལོང་།
རྩོམ་རིག་མེ་ལོང་རྩོམ་སྒྲིག་ཁང་གི་སྒྲེ་བོ། དྲི་བ། ཉིད་ཀྱིས་བདག་གི་བཅར་འདྲི་འདི་དང་ལེན་དང་དུས་ཚོད་ཕུད་པར་བཀའ་དྲིན་ཆེ་ཞུ་བ་ཡིན། ད་འགོ་བཙུགས་ན་ཆོག་གམ།
རྨེ་སྲིབ་ནོར་བུའམ་རྔ་བ་མེ་རོ། ལན། ཆོག
1དྲི་བ། སྤྱིར་ཁྱོད་ནི་གླིང་སྒྲུང་ཞིབ་འཇུག་པ་ཞིག་ཡིན་རབས་འདུག ཡིན་ན། ཅིའི་ཕྱིར་སྙན་ངག་ཇ་ཁང་སྒོ་ཕྱེས་པ་ཡིན་ནམ།
ལན། རེད། ང་གླིང་སྒྲུང་ཞིབ་འཇུག་པ་ཞིག་རེད། གླིང་སྒྲུང་ཞིབ་འཇུག་གི་ཆེད་དུ་ངས་དུས་ཚོད་དང་ནུས་པ་གང་ཡོད་བསྟན་ཡོད་པ་རེད། རེད་དེ། གླིང་སྒྲུང་ཞིབ་འཇུག་གི་གླ་ཆ་ཟླ་རེར་ཧིན་སྒོར་དྲུག་སྟོང་ཙམ་ལས་ཡོད་མ་རེད། དེ་རྒྱ་ནག་གི་སྒོར་དུ་ཕབ་ན་རྒྱ་སྒོར་དྲུག་བརྒྱ་ཡན་མན་རེད། གླ་ཆ་དེས་འཚོ་བ་འཁྱོངས་ཐུབ་ཀྱི་ཡོད་མ་རེད། རེད་པས། སྙན་ངག་ཇ་ཁང་ཕྱེས་པ་རེད་ལ་དེ་འཚོ་བའི་དགོས་མཁོའི་དབང་དུ་ཕྱེས་པ་རེད། འཚོ་བ་དེ་ཡང་ཆེད་དུ་རང་ཉིད་ཀྱི་དགའ་ཕྱོགས་དང་འབྲེལ་ནས་སྤེལ་ན་གྲུབ་འབྲས་ཤིག་ཀྱང་འདུག་ལ་འཚོ་བ་དེའི་ཁྲོད་ན་བདེ་སྐྱིད་ཅིག་ཀྱང་འདུག གལ་ཏེ། འཚོ་བའི་ཆེད་དུ་སྤེལ་བའི་བྱེད་སྒོ་དེ་རང་གི་དགའ་ཕྱོགས་དང་རང་གིས་སྦྱང་ཟིན་པའི་ཤེས་ཡོན་སོགས་སུ་མ་འབྲེལ་ན། འཚོ་བ་དང་རང་གི་དགའ་ཕྱོགས། རང་གིས་སྦྱང་ཟིན་པའི་སློབ་སྦྱོང་གི་བར་དུ་བར་ཐག་ཇེ་རིང་ཇེ་རིང་བུད་འགྲོ་བ་མ་ཟད། མཐའ་བསྡོམས་ཅི་ཡང་མེད་པར་གྱུར་འགྲོ་ངེས། དེ་བས། སྙན་ངག་ཇ་ཁང་ནི་འཚོ་བའི་ཆེད་གཅིག་པུ་མ་ཡིན་པར་རང་གི་དགའ་ཕྱོགས་དང་རང་གི་སློབ་སྦྱོང་དང་འབྲེལ་བསྡད་ཡོད།
2 དྲི་བ། ཁྱོད་ཀྱིས་དུས་ཚོད་མང་ཤོས་ཏེ་ཞོགས་པ་ནས་ཕྱི་དྲོ་བར་སྙན་ངག་ཇ་ཁང་དུ་བསྐྱལ་བཞིན་འདུག་མོད། ཡིན་ཙང་། དུས་ཚོད་ཀྱི་ཆ་ནས་གླིང་སྒྲུང་ཞིབ་འཇུག་ལ་འཐུས་ཤོར་འདྲ་བྱུང་སོང་ངམ།
ལན། སྤྱིར་འདས་ཟིན་པའི་ནང་ང་ཡིས་གླིང་སྒྲུང་ཞིབ་འཇུག་གི་སྐོར་ནས་གནད་འགག་གི་དཔེ་ཆ་མང་པོ་དང་འཚོལ་བསྡུའི་རྒྱུ་ཆ་མང་པོ་བལྟས་ཟིན་པ་རེད། མ་གཞི་ནས་ཞིབ་འཇུག་ཟེར་བ་དེ་ཉིན་མཚན་གཉིས་ལ་འབྲི་བསྡད་རྒྱུ་ཞིག་ལག་ཏུ་མི་རག་གི རྒྱུ་མཚན་ཡིག་རྙིང་མང་པོ་ཞིག་དང་བདེན་དཔང་མང་པོ་ཞིག་རག་དགོས། མདོར་ན་དཔྱད་གཞིའི་རྒྱུ་ཆ་མང་པོ་ཞིག་ལག་ཏུ་འོང་ན། ད་གཟོད་བསམ་བློ་བཏང་དགོས་ལ་བསམ་གཞིག་བྱེད་དགོས། བསམ་གཞིག་རེ་རེའི་ཁྲོད་ནས་དོན་ལྡན་ཚད་ཐུབ་ཀྱི་རིག་ལམ་གསར་བ་དང་ལྟ་ཚུལ་གསར་བ། གང་ལྟར་དཔྱད་ཐབས་དང་འབྲེལ་ནས་སྐད་ཆ་གསར་བ་འདྲ་རག་ན་འབྲི་རྒྱུ་ལག་ལ་འོང་། མ་གཏོགས་ཞིབ་འཇུག་ཟེར་བ་ཉིན་མཚན་གཉིས་ལ་བརྩམས་སྒྲུང་འབྲི་འབྲི་བྱེད་རྒྱུ་ཡོད་པ་ཞིག་མ་རེད། དེའི་སྟབས་ཀྱིས་ཇ་ཁང་འདི་ཕྱེས་ཀྱང་ཞིབ་འཇུག་གི་ལས་ཀར་འཐུས་ཤོར་དེ་ཙམ་ཕྱིན་མ་སོང་། གལ་སྲིད་དཔེ་ཀློག་དང་དམིགས་བསལ་ཡིག་རྙིང་གི་ཁྲོད་ནས་བསམ་བློ་གསར་བ་རེ་རག་པའི་དབང་དུ་བཏང་ན་འདི་ནས་ཇ་བསྐོལ་བའི་ཞར་དང་ཞོར་ལ་ཞིབ་འཇུག་གི་རིག་ལམ་ལ་ཁ་སྣོན་གྱི་ངེས་ཤེས་གསར་བ་རེ་རྙེད་འོང་གི མདོར་ན་གླིང་སྒྲུང་ཞིབ་འཇུག་སྐོར་ལ་བསམ་བློ་རྒྱུན་དུ་བཏང་གི་ཡོད་མོད་འབྲི་རྒྱུ་རྒྱུན་དུ་མི་འདུག
3 དྲི་བ། དེ་ན་ཐོག་མར་ཁྱེད་ཀྱིས་སྙན་ངག་ཇ་ཁང་ངོ་སྤྲོད་དམ་དེའི་སྐོར་ནས་ཁ་བརྡ་ཞིག་བྱས་ན་ཆོག་གམ།
ལན། འདི་ནི་ང་ཡི་ལོ་ངོ་བཅུ་ཕྲག་ཅིག་གི་སྔོན་གྱི་རྨི་ལམ་ཞིག་ཡིན། སྐབས་དེར་ང་ཡིས་གྲོགས་པོ་ཚོ་ལ་ཀུ་རེའི་ཚུལ་དུ་རྗེས་མ་ཕ་ཡུལ་རྔ་ཁོག་ཏུ་སྙན་ངག་ཇ་ཁང་ཟེར་བ་ཞིག་གསར་དུ་སྒོ་ཕྱེས་ནས། དེ་རུ་དགའ་ཕྱོགས་གཅིག་པའི་གྲོགས་པོ་ཚོ་དང་ལྷན་དུ་ཇ་འཐུང་གིན་སྙན་ངག་གླེང་གིན་ལྷོད་ལྷོད་བྱས་ནས་སྡོད་ཀྱིན་ཡིན་ཞེས་ལབ་མྱོང་། ཉེ་སྔོན་ང་ཡི་རྨི་ལམ་འདི་རྡ་ས་ནས་མངོན་འགྱུར་བྱུང་སོང་། ང་རང་སྔ་མའི་འཆར་གཞི་ལྟར་ཕྱོགས་མང་པོ་ནས་ཕྱིར་ཕ་ཡུལ་དུ་འགྲོ་ཐུབ་མ་སོང་ལ་ཕ་ཡུལ་རྔ་ཁོག་གི་སྙན་ངག་ཇ་ཁང་ནི་རྨི་ལམ་ནས་རྨི་ལམ་དུ་གྱུར་སོང་། ཉེ་སྔོན་བདག་གིས་འདི་ནས་སྙན་ངག་ཇ་ཁང་སྒོ་ཕྱེས་པ་སྔོན་ཆད་ཀྱི་གྲོགས་པོ་ཚོས་གོ་དུས་ཁོ་ཚོས་ཁྱོད་ཀྱི་སྙན་ངག་ཇ་ཁང་རྡ་སའི་གད་ཁུང་ཞིག་ཏུ་ཕྱེས་འདུག་ཅེས་ཀུ་རེའི་ནང་དུ་ཟུར་ཟ་བླུགས་སོང་།
4 དྲི་བ། དེ་ན་སྙན་ངག་ཇ་ཁང་རྡ་སར་ཕྱེས་པར་ཁྱོད་རང་ལ་ལྟ་ཚུལ་ག་རེ་ཡོད་དམ།
ལན། གཅིག་ནས། རྡ་ས་ནི་བོད་ཀྱི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཚང་གི་བཞུགས་གནས་རེད་ལ་འཛམ་གླིང་ཡུལ་ལུང་མང་པོའི་མི་རིགས་སྣ་འདུས་ཀྱི་ས་ཆ་ཞིག་རེད། གཉིས་ནས། རྡ་ས་ནི་རི་བོ་རྡོག་རྡོག་ཅིག་རེད། ཡིན་ཡང་། རི་བོ་དེའི་འགོར་བོད་ཀྱི་རིག་གནས་བཅུའི་བླ་དང་སྲོག་གནས་སའི་ཆེད་མཐོའི་གཙུག་ལག་སློབ་སྦྱོང་བྱེད་སའི་ཁོར་ཡུག་ཅིག་ཡོད་རེད། དཔེར་ན། བོད་ཀྱི་རིག་གནས་ཆེ་བའི་ཕྱོགས་ནས་བཟོ་རིག་པ་ལ་མཚོན་ན་ནོར་གླིང་སོགས་སུ་ལྷ་བྲིས་དང་རི་མོའི་སྒྱུ་རྩལ་སྐོར་ནས་ཆེད་སྦྱོང་ཡོད་རེད་ལ་དེ་ཚོད་ཀྱི་གྲུབ་འབྲས་ཀྱང་ཡོད་རེད། གསོ་རིག་ལ་མཚོན་ན་བོད་ཀྱི་སྨན་རྩིས་ཁང་སོགས་ཆེད་སྦྱོང་རང་བཞིན་གྱི་ལྟེ་གནས་ཡོད་རེད། སྒྲ་རིག་པ་དང་གཏན་ཚིག་རིག་པ། ནང་དོན་རིག་པ་སོགས་ནི་དགོན་པ་ཁག་དང་ནོར་གླིང་མཐོ་སློབ། ས་རཱ་མཐོ་སློབ་སོགས་གོང་ལྟར་ཆེད་སྦྱོང་གི་གཞི་རྒྱ་ཆེན་པོ་ཡོད་རེད། ཡང་རིག་གནས་ཆུང་བ་ལྔ་ལ་མཚོན་ན་བོད་གཞུང་ཟློས་གར་ཁང་སོགས་ཆེད་སྦྱོང་གི་རིམ་པ་མཐོ་བོ་སོན་ཡོད་པ་རེད། གཞན་བོད་ཀྱི་ཆབ་སྲིད་དང་རྒྱལ་སྤྱིའི་ཆབ་སྲིད་ཀྱི་སྐོར་ནས་གངས་སྐྱིད་དུ་དབུས་བོད་མིའི་སྒྲིག་འཛུགས་ཡོད་རེད་ལ་དེར་ཆབ་སྲིད་ཀྱི་ཆེད་མཁས་མི་སྣ་མང་པོ་འདུས་ཡོད་རེད། དེ་བཞིན་ཕྱི་ལོགས་ནས་ཡོང་བའི་ཆེད་མཁས་མི་སྣ་མང་པོ་སྟེ་ཁོ་ཅག་གི་ཕ་ཡུལ་ནས་གོང་བཀུར་གྱི་མི་སྣ་མང་པོ་འདིར་ཐོན་དུས་ང་ཚོ་མི་དཀྱུས་མ་ལྟར། ཁོ་ཅག་དང་ལྷན་དུ་མི་དཀྱུས་མ་དཀྱུས་མ་ཚོས་ཁ་བརྡ་དང་བསམ་ཚུལ་བརྗེས་རེས་ཀྱི་དུས་ཚོད་ཡོད་རེད་ལ་ད་སྔོན་ང་ལའང་དེ་ལྟར་ཐེངས་མང་བྱུང་མྱོང་། མ་ཟད། རྡ་ས་ནས་སྐད་རིགས་དང་རིག་གནས་མང་པོ་གང་འདོད་དུ་སྦྱང་སའི་ཁོར་ཡུག་ཧ་ཅང་ལེགས་པོ་ཡོད། དཔེར་ན། དབྱིན་སྐད་དང་རྒྱ་སྐད། ཧྥ་སྐ་དང་ཉི་ཧོང་སྐད། དེ་བཞིན་ཕྱི་ལོགས་ནས་ཡོང་བའི་མི་རིགས་མང་པོས་འདི་ནས་བོད་སྐད་དང་བོད་ཡིག་སྦྱོང་གི་ཡོད། དེ་བཞིན་རི་མོ་དང་སྒྲ་སྙན། པར་དང་བརྙན་ལེན་སོགས་སྦྱོང་སའི་བརྡ་སྦྱོར་མང་པོ་མཐོང་ཡ་འདུག་ལ་སྦྱོང་མཁན་མང་པོ་ཡོད། གང་ལྟར། ང་ནི་དང་ཐོག་ཕ་ཡུལ་ནས་ཡོང་དུས་ནས་སློབ་སྦྱོང་གི་ཆེད་དུ་རྒྱ་གར་དུ་ཡོང་བ་ལས་དཔལ་འབྱོར་གྱི་ཕྱིར་དུ་ཡོང་བ་མིན། དཔལ་འབྱོར་གྱི་རྗེས་སུ་རྒྱུག་བསྡད་པས་དབང་དུ་བཏང་ན་ཇ་ཁང་འདིའི་ཡོང་སྒོ་ནི་འབྲུ་རྡོག་ཙམ་ལས་ཡོད་མ་རེད། རྡ་ས་ནས་བསྡད་བསྡད་ན་སློབ་སྦྱོང་གི་ཕྱོགས་ནས་གསར་དུ་རིག་རྒྱུ་གོ་རྒྱུ་མང་པོ་འདུག དེ་བས་རྡ་ས་ནི་ཤེས་རིག་གི་རི་བོ་རྡོག་རྡོག་ཅིག་རེད། ཤེས་རིག་གི་རི་བོ་རྡོག་རྡོག་འདིའི་འདབས་སུ་སྙན་ངག་ཇ་ཁང་ཟེར་བ་ཕྱེས་ན་མཛའ་མོ་ཞིག་དང་འོས་བབ་ཅིག་རེད། མ་གཞི་ནས་ང་ལ་ཇ་ཁང་དུ་ཕྱིན་ཏེ་རྩོམ་འབྲི་བ་དང་དེབ་ལ་བལྟ་ཀློག་བྱེད་པའི་གོམས་གཤིས་ཤིག་ཡོད། དེ་འདྲ་བའི་གོམས་གཤིས་ནི་མི་མང་པོ་ལ་ཡོད་སྲིད། འོན་ཏེ། སེམས་སུ་སྒོར་མོ་མ་གཏོགས་དྲན་རྒྱུ་མེད་མཁན་དང་གློའུ་ཞིག་གིས་བལྟས་ན་རྡ་ས་ནི་སྤྲང་བོའི་གྲོང་སྡེ་ཞིག་རེད།
5 དྲི་བ། སྙན་ངག་ཇ་ཁང་དུ་ཡོང་མཁན་གྱི་མགྲོན་པོ་མང་ཤོས་སུ་རེད། ཁོ་ཚོ་འདིར་སླེབས་དུས་ཁྱེད་ལ་དམིགས་བསལ་གྱི་ཚོར་སྣང་ངམ་ལྟ་ཚུལ་འདྲ་བྱུང་སོང་ངམ།
ལན། འདིར་ཡོང་མཁན་མང་ཤོས་ནི་ཕྱི་གླིང་བ་སྟེ་དབྱིན་ཇི་དང་རྒྱ་གར་བ། བོད་པ་ཡང་ཡོང་མཁན་འདུག སྤྱིར་རྡ་ས་ན་འདི་ལས་ལྡེབ་འགྱུར་གྱི་ཇ་ཁང་གྲ་དག་མོ་མང་པོ་ཡོད་ཀྱང་། ཁོ་ཚོས་སྙན་ངག་ཇ་ཁང་གི་མིང་ལ་བལྟས་ནས་འདིར་ཡོང་གི་འདུག ལར་སྙན་ངག་འབྲི་ཤེས་མི་ཤེས་སུ་ཡིན་ཡང་འདིར་སླེབས་དུས་དབྱིན་ཡིག་དང་ཧིན་རྡུའི་ཡིག་གེ་སྟེང་ནས་སྙན་ངག་ཡིན་མིན་མང་པོ་བྲིས་སོང་ལ་ཁོ་ཚོའི་སེམས་ཁམས་ཀྱང་དགའ་སྣང་ངང་འབྲི་བཞིན་འདུག དེ་དག་ཀྱང་ངོ་དེབ་སོགས་དྲ་ལམ་ཁག་ཏུ་སྤེལ་སོང་། དེ་བཞིན་ང་ལ་ཁྱོད་ཀྱི་ཇ་ཁང་གི་མིང་ཡག་རབས་བཤད་སོང་ལ་ཁྱད་ཆོས་ལྡན་རབས་བཤད་སོང་། དེ་ནི་རྒྱལ་ཁབ་གཞན་གྱི་མིའི་ལྟ་ཚུལ་ཞིག་རེད། འོན་ཏེ། བོད་པ་ཕ་སྐད་མི་ཤེས་མཁན་ཚོས་ངས་སྙན་ངག་བྲི་མི་ཤེས་ཇ་འཐུང་གི་མི་འགྲོ་དང་། ཇ་ཁང་གི་མིང་ཆོབ་ཚ་ལ་ཞེས་ཟུར་ཟའི་རྣམ་འགྱུར་དང་སྡང་མིག་བགྲད་མཁན་འདུག སྤྱིར་མི་ལ་སུ་ལ་མཚོན་ན་ཇ་འཐུང་གི་ཡོང་མིན་ནི་སོ་སོའི་ཁེ་དབང་རེད་མོད། ཕྱི་གླིང་བ་དང་རྒྱ་གར་བའི་ལྟ་ཚུལ་དང་བསྡུར་ན་བོད་པ་ཕ་སྐད་མི་ཤེས་མཁན་དག་དང་ཡིག་རྨོངས་པ་ཚོའི་བར་དུ་བར་ཐག་ཅིག་ཁད་ཀྱིས་ལུས་འདུག འོན་ཏེ། བོད་པའི་ནང་ནས་སྙན་ངག་ལ་དགའ་མཁན་ཚོ་འདིར་སླེབས་ནས་ཇ་འཐུང་ཞོར་སྙན་ངག་ཀྱང་མང་པོ་བྲིས་སོང་ལ་འདིར་འཛོམས་པར་རང་བཞིན་གྱི་སྤྲོ་བ་ཞིག་ཀྱང་སྐྱེས་འདུག ད་དུང་། བོད་ནང་ནས་ཀྱང་ང་ངོ་ཤེས་ནི་མི་ཤེས་ནི་མང་པོས་དྲ་ཐོག་ནས་ཇ་ཁང་འདི་འདྲ་ཞིག་ཕྱེས་པར་དགའ་བསུ་བྱས་བྱུང་། དེ་བས་སྐབས་དེར་ང་ལ་ཚོར་སྣང་ཞིག་བྱུང་། དེ་ནི་བོད་ལ་སྙན་ངག་པའི་ཁོར་ཡུག་ཅིག་དངོས་གནས་འདུག་བསམ་པ་དེ་རེད།
6 དྲི་བ། དེ་སྔོན་བདག་གིས་སློབ་གླིང་ནས་གོ་ཐོས་སུ་རྡ་སར་སྙན་ངག་ཇ་ཁང་ཞེས་པ་ཞིག་གསར་དུ་སྒོ་ཕྱེས་འདུག་པ་དང་དེར་སོང་ནས་ཇ་འཐུང་གིན་སྙན་ངག་རེ་བྲིས་ན་ཇ་ཡང་རིན་མེད་རེད་ཟེར། གལ་ཏེ་དེ་བདེན་ན་དེའི་རྒྱུ་མཚན་ཅི་ཡིན་ནམ།
ལན། དེ་བདེན་པ་རེད། སྤྱིར་བཙན་བྱོལ་ན་ཡོད་པའི་བོད་ཀྱི་སྙན་ངག་པ་རྒན་དར་གཞོན་གསུམ་ཆེད་དུ་འདིར་བཅར་མཁན་མང་པོ་བྱུང་སོང་། ཁོ་ཚོས་འདི་ནས་ཇ་འཐུང་གིན་བག་ལྷོད་ངང་སྙན་ངག་མང་པོ་བྲིས་སོང་། སྙན་ངག་འབྲི་མཁན་དག་ལ་ངས་ཀྱང་ཇ་རིན་མེད་ཕུལ་བཞིན་ཡོད། དེའི་རྒྱུ་མཚན་ནི་ང་ཡིས་ཆེས་དམའ་ས་ཞིག་ནས་བོད་སྐད་ཡིག་ལ་སྲི་ཞུ་ཆུང་ངུ་ཞིག་སྒྲུབ་ཁུལ་ཡིན་ཡང་། སྙན་ངག་པ་རྣམས་ཕྱིར་འགྲོ་ཁར་ཇ་རིན་ཨུ་ཚུགས་མཐའ་བསྐྱེལ་བྱས་ནས་སྤྲོད་བྱུང་ལ་ངས་ཀྱང་དང་ལེན་མ་བྱས་པའི་མཐར། ང་ཚོའི་བར་དུ་དགའ་སྐྱོ་འདྲེས་མའི་ཚོར་སྣང་ཞིག་ངང་གིས་སླེབས་བྱུང་བས་སྙན་ངག་ཇ་ཁང་ནི་སྙན་ངག་པ་རྣམས་ལ་མཚོན་ན་དགའ་སྐྱོའི་མཆི་མ་མཉམ་འདུས་ཀྱི་སྙན་ངག་ཇ་ཁང་གཞན་ཞིག་ཡིན་སོང་།
7 དྲི་བ། ད་རེས་བདག་ཀྱང་དངོས་སུ་སྙན་ངག་ཇ་ཁང་དུ་བཅར་ཞིང་སྙན་ངག་པ་ཨ་འཇམ་དང་ཙོང་ཁ་ཚེ་བརྟེན་རྒྱལ། ན་གཞོན་སྙན་ངག་པ་དབྱིན་གཉེན་སོགས་ཀྱི་སྙན་ངག་མང་པོ་ཞིག་ཇ་ཁང་གི་རྩིག་ལྡེབས་སུ་བཀལ་འདུག་པ་མཐོང་བྱུང་། དེ་ན་ཁྱོད་ཀྱིས་སྙན་ངག་འདི་དག་ཀློག་གིན་ཡོད་དམ། གལ་ཏེ་བཀླགས་ཟིན་ན་སྙན་ངག་དག་གི་བརྗོད་བྱ་ལ་འདྲ་སའི་ཆ་འདུག་གམ།
ལན། ང་རང་ཁོམ་བྱུང་དུས་སྙན་ངག་དག་ཀློག་གིན་ཡོད་ལ་སྙན་ངག་མང་པོའི་བརྗོད་བྱ་ང་རེད་འདུག དེ་ནི་སྙན་ངག་མང་ཤོས་ཀྱི་འདྲ་སའི་ཆ་རེད་འདུག་པས། དེ་ནི་སྙན་ངག་པ་རྣམས་ཀྱིས་ངའི་སྐྱོ་སྡུག་གི་འཚོ་བ་ལ་རྒྱབ་སྐྱོར་གྱི་ཚུལ་དུ་རེད་སྙམ། ངས་བསམ་ན་སྙན་ངག་གི་བརྗོད་བྱ་ནི་དེ་ལས་བརྒལ་དགོས་ལ་འདི་ནས་རང་ཉིད་ཀྱི་ཚོར་བ་མཚོན་པའི་མུ་འབྲེལ་སྙན་ངག་རེ་བྲིས་ཀྱང་ཆོག
8 དྲི་བ། ད་དུང་སྙན་ངག་ཇ་ཁང་གི་རྩིག་ལྡེབས་སུ་དབྱིན་ཡིག་གི་སྙན་ངག་མང་པོ་བཀལ་འདུག་པ་འདི་དག་སུས་བྲིས་པ་རེད།
ལན། དབྱིན་ཡིག་གི་སྙན་ངག་མང་ཤོས་དབྱིན་ཇི་བས་བྲིས་པ་རེད། སྐབས་ཤིག་དབྱིན་ཇིའི་གསར་བུ་གཉིས་འདིར་སླེབས་སོང་ལ་ཁོང་གཉིས་ཀྱིས་ཇ་འཐུང་ཞོར་རི་མོ་དང་སྙན་ངག་རེ་རེ་བྲིས་སོང་། ལྷག་ཏུ་སྙན་ངག་ནི་ཡག་པོ་བྲིས་འདུག་སྙམ། རེད་ཀྱང་། ཁོང་གཉིས་ཕྱིར་འགྲོ་ཁར་ང་གཉིས་ཀྱིས་སྙན་ངག་དང་རི་མོ་བྲིས་ཡོད། འཚིག་ཇ་ཡང་རིན་མེད་ཡིན་རྒྱུ་རེད་པ་ཞེས་ལབ་བྱུང་། ངས་ཁོ་གཉིས་ལ་དེ་ཡིན་ནི་མ་རེད་བོད་ཡིག་གི་སྙན་ངག་མ་གཏོགས་སྐད་རིགས་གཞན་དང་འབྲེལ་བ་ཡོད་མ་རེད་ཅེས་བཤད་དུས། ཁོང་གཉིས་ཅུང་མ་རངས་ཚུལ་གྱིས་དེ་ན་དབྱིན་ཡིག་གི་སྙན་ངག་སྙན་ངག་མིན་ནི་ཨེ་རེད་ཅེས་དྲིས་བྱུང་། ངས་དེ་ནས་སླར་ཡང་ཁོང་གཉིས་ལ་དབྱིན་ཡིག་གི་སྙན་ངག་དེ་སྙན་ངག་ཡིན་མིན་ངས་གང་ཡང་བཤད་ཀྱིན་མེད་མོད། མ་གཞི་ནས་དབྱིན་ཇིའི་སྐད་ཡིག་གི་བསྟན་པ་ནི་དབྱིན་ཇི་བ་མ་ཚད་འཛམ་གླིང་གིས་དར་སྤེལ་གཏོང་གིན་པའི་སྐད་རིགས་གཅིག་རེད། བོད་ཡིག་ནི་དེ་ལས་ལྡོག་སྟེ་འཛམ་བུ་གླིང་དང་རྒྱལ་ཁབ་གཞན་ལྟ་ཞོག་ཐ་ན་བོད་རང་གིས་ཀྱང་མཐོང་ཆུང་དང་དམའ་འབེབས་བྱེད་སའི་སྐད་ཡིག་ཅིག་ཡིན་པས་རེད་ཅེས་བཤད་དུས། ཁོང་གཉིས་ཀྱིས་ང་ལ་དེ་ན་ཁྱོད་ཀྱིས་འཚིག་ཇ་ཕོར་བ་གང་གིས་བོད་སྐད་ཡིག་སྐྱོབ་ཐུབ་པ་ཨེ་རེད་ཅེས་བཤད་བྱུང་། དེ་ནས་ངས་སླར་ཡང་ཁོ་གཉིས་ལ་བོད་སེམས་ཡོད་པའི་བོད་རིགས་ཤིག་ཡིན་ན་ང་ཡི་ལུས་རྟེན་འདི་ཡིས་རྒྱུད་སྐུལ་དང་བག་ཆགས་ཤིག་འཇོག་ཐུབ་ཀྱི་རེད་སྙམ་ཡོད་ཅེས་བཤད་པ་ཡིན།
9 དྲི་བ། གཞུག་མར་སྙན་ངག་འདི་དག་དང་སྙན་ངག་ཇ་ཁང་བར་འབྲེལ་བ་འདྲ་ཡོད་དམ།
ལན། སྤྱིར་ཇ་ཁང་འདི་ང་ཡི་མིན། ངའི་གྲོགས་པོ་ཞིག་གིས་ང་ལ་གཡར་ནི་ཡིན་ལ་ངས་མོས་མཐུན་བྱས་ཚེ་ང་ལ་བཤུག་ཆོག་ཅེས་བཤད་བྱུང་། གལ་ཏེ་ཇ་ཁང་འདི་མུ་མཐུད་དུ་ང་ཡིས་བདག་ཉེར་བྱས་ན། གཞུག་ནས་སྙན་ངག་འདི་དག་ལས་ལེགས་འདེམས་བྱས་ཏེ་སྙན་དེབ་ཅིག་ཕུད་འདོད་ཀྱི་རྨི་ལམ་ཡོད། འདི་ནི་ང་ཡི་འགན་འཁུར་དང་དགའ་ཕྱོགས་ཡིན་པ་མ་ཟད། ཉག་ཕྲ་བའི་ཕ་སྐད་ལ་སྒྲུབ་ནུས་ཤིང་སྒྲུབ་འོས་པའི་བྱ་བཞག་ཅིག་ལ་བརྩིས་ཡོད།
10 ད་དུས་ཚོད་ཀྱི་རྐྱེན་པས་དྲི་བ་འདོན་མཚམས་འཇོག་གི་ཡིན། ཡིན་ཡང་། སྙན་ངག་ཇ་ཁང་གི་ངོས་ནས་རྡ་སའི་ཉེ་འཁོར་གྱི་སྙན་ངག་པ་རྣམས་ལ་ཡིན་ན་ཆོག གང་ལྟར། སྙན་ངག་ཇ་ཁང་གིས་ངོས་ནས་གླེང་སྟེགས་འདི་བརྒྱུད་ནས་གླེང་ན་འདོད་པའི་སྐད་ཆ་འདྲ་ཡོད་དམ།
ལན། མཐའ་མར་བཤད་རྒྱུ་ཞིག་ལ་གཟའ་མཇུག་གམ་གཟའ་ཉི་མའི་ཉིན་ཆེད་དུ<<སྙན་ངག་པའི་གཟའ་ཉི་མ།>>ཞེས་པའི་ལེ་ཚན་ཞིག་འཆར་བཀོད་བྱས་ཡོད། ཉིན་དེར་ཉེ་འཁོར་གྱི་སྙན་ངག་པ་དག་འདུ་འཛོམས་ཀྱིས་སྙན་ངག་གི་སྐོར་ནས་ཁ་བརྡ་ཅི་རིགས་གློད་ན་ཆོག འདི་དགའ་ཕྱོགས་གཅིག་པའི་སྙན་ངག་པ་རྣམས་ཀྱིས་གོ་ན་ཡག་སྙམ། མ་ཟད་འཚིག་ཇ་དང་ཇ་ཡང་རིན་མེད་ཡིན་དབུལ་གྱི་ཡིན། སྒྲེ་བོ། ཐུགས་རྗེ་ཆེ།རྨེ་སྲིབ་ནོར་བུ། ཡ་ཡ།
རྩོམ་སྒྲིག་པ་དང་བཅར་འདྲི་བྱེད་མཁན་སྒྲེ་བོ།
སྙན་ངག་གི་ཇ་ཁང་འདིར་ཐེངས་གཅིག་ཡིན་གཅིག་འགྲོ་དགོས་འདུག ང་མི་འདི་འདྲ་པོར་ཧ་ཅང་དགའ། འདི་ཚོས་ཆབ་སྲིད་ཉ་གེ་ཉོག་གེ་དེ་བཤད་གི་མ་རེད།
ཚོང་པའི་ལྟ་བ་མི་འདུག། ཚོང་འདི་གནས་དཀའ་མོ་ཡིན་ས་རེད། མ་གཞི་མགོ་སྟོང་འགའ་ཞིག་ཚོགས་འདོད་པར་རེ་ཡོད་འགྲོ། ཡིན་ན་ཡང་ཁོང་ཚོ་ནི་ལག་སྟོང་རྐྱང་ཡིན་དུས། སྙན་ངག་གི་ཇ་ཁང་འདི་ནས་དུད་ནག་གི་གོམ་ཁ་ཞིག་མ་སྤོས་ན་ཨུ་ཙམ་ཡིན་འགྲོ།
སྔོན་མ་ཞིག་ལ་མི་སེམས་པ་ཡག་པོ་ཅན་ཞིག་གིས། བོད་རིགས་གཞོན་སྐྱེས་ཚོ་ལ་ཤ་ཚ་བྱས་ནས། ལས་མེད་ཇ་ཁང་ཟེར་བ་ཞིག་ཕྱེ་པ་རེད། ལས་མེད་ཚོ་ཡོང་ནས་དང་པོ་ཇ་འཐུང་བ་རེད། དེ་ནས་ནག་པོ་འཐེན་པ་རེད། གང་མཚམས་ནས་མི་རྒྱུ་གཉིས་གས་གྱོང་ཁུར་ནས། སྒོ་གཏན་པ་རེད།
ང་མེད་ཕྲུག་ཞིག་ཡིན་དུས། ངས་ཇ་ཁང་དེ་ནས་ཧིན་སྒོར་ལྔ་ཡིས་ཉིན་གང་གི་ཉི་མ་འཁྱོལ་ས་བྱས་མྱོང་། ད་ལྟ་ངས་ཚོང་བདག་གྱོང་ཟན་དེ་ལ་དགོངས་དག་ཞུ།
བསམ་རྒྱུ་དྲན་རྒྱུ་མང་བ་མི་ཡིས་བློ་།
སྙན་ངག་ཇ་ཁང་གོ་བ་དང་པོ་ཡིན་།
སྙན་ངག་རྒྱུད་ནས་ཚོང་ལས་གཉེར་བ་འདི་།
དོན་དངོས་གསར་གཏོད་རང་ཁ་རང་གསོའི་ལས་།
སྙན་ངག་ཇ་ཁང་ཚོང་ལས་རྒྱུགས་པ་ཤོག་།
༄༅། རྡ་སར་སྙན་ངག་་་ཇ་ཁང་་་ཟེར་བ་ཞིག་བཟུང་འདུག་པ་་་མིང་དེ་ཧ་ཅང་བློ་ལ་འགྲོ་སོང།
སྙན་ངག་མཁན་ཡང་་་ཇ་ཚོང་གི་ལས་ཀར་གཉེར་ན་་་གཞན་པ་ཚོ་ལོས་ཀྱང་ཡིན།
འདི་དངོས་གནས་་་གཞོན་པ་ཕོ་གསར་་མོ་གསར་ཚོ་ལ་ཤེམས་ཤུགས་སྐྱེ་ས་རེད། དཔེ་གསར་ཞིག་
རེད་འདུག།
བོད་ཀྱི་གཏམ་དཔེ་ལའང་་་་ཤེས་པ་དེ་ལྷ་དང་མཉམ་ཡང། སྤྱོད་པ་མི་དང་མཐུན་པ་གྱིས་ཟེེར་བ་
བཞིན་རེད། དཔེ་ཡག་པོ་འདུག་
སྔོན་མ་རྡ་ས་བོད་ཁྱིམ་ནས་འཛིན་རིམ་་་༡༠ ཐོན་ནས་མ་ཉན་པར་རྒྱུན་དུ་འཁྱམས་
ནས་བསྡད་ཅིང་་་འཚོ་བ་སློང་ནས་བསྡད་དུས་་་ཨ་མ་རྗེ་བཙུན་པད་མས་བུ་ཁྱིུམ་ཉེ་འཁོར་ལ་
ཇ་ཚོང་ཁང་ཞིག་བཟུང་དུ་བཅུག་ནས་་ཡོ་ཆས་ཚང་མ་ཉོས་པ་རེད་། ཕལ་ཆེར་ལོ་གཅིག་ཡས་མས་གཅིག་་་ཇ་ཚོང་བརྒྱབ་ནས་བསྡད་པ་རེད།
ཡག་ཐག་ཆོད་བྱུང་འདུག་དེ་རྗེས་་ཁོས་ཇ་ཚོང་དེ་གཡུགས་ནས་ལྡི་ལི་ཕྱོགས་སུ་
བྲོས་འཁྱམས་སུ་ཕྱིན་པ་རེད།
ལོ་རྒྱུས་སྒྲུང་རིང་པོ་རེད། ད་འདིར་བཞག་ན་ལེགས། བུ་དེ་ཡི་མིང་འདིར་བྲིས་མེད།
བཀྲིས་བདེ་ལེགས། སྐུ་ཁམས་བཟང།
སྙན་ངག་ལས། སྙན་དངགས་དག་པ་མི་འདུག་གམ། ལགས།
སྙན་ངག་བྲི་ཞོར་ཇ་ཚོང་ལས་ལ་བརྩོན་།
བརྩོན་འགྲུས་བརྒྱུད་ནས་ཇ་ཚོང་སྙན་ངག་རྩོམ་།
རྩོམ་སྒྲུང་ཐམས་ཅད་སྙན་ངག་གང་ནས་ཡིན་།
ཡིན་པ་ཐམས་ཅད་རྩོམ་སྒྲུང་གང་ནས་ཡིན་།
སྙན་ངག་པས་ཇ་ཁང་ཟིན་ནས་བསྡད་པ་དེ་སྙན་ངག་པ་དེའི་ལས་དབང་ཡིན་གྱི་རེད། ཚང་མས་རྒྱབ་བསྐྱོར་གནང་རོགས།
༄༅། ལས་དོན་ཡག་སྡུག་དང་། སྐྱིད་སྡུག་གང་བྱིང་ཚང་མ་ང་ཚོའི་ལས་དབང་རེད།
ལས་དབང་མེད་པ་གཅིག་རྐྱང་མེད་པ་རེད། རང་ཡུལ་བཙན་འཕྲོག་བྱས་ནས་བོད་རིག་རྣམས་མི་ཡུལ་ག་ས་ག་ལ་འཁྱམས་དགོས་པ་འདི་
ཡང་ང་ཚོའོ་ལས་དབང་རེད།
བོད་ཀྱི་གཏམ་དཔེ་ལའང། ལས་ལ་གང་བསྐོས་མ་གཏོགས།
རྣ་བས་གང་ཤར་མི་འདུག་ལྟར་རོ།
སྙན་པོ་ཐམས་བཅས་སྙན་ངག་མིན་།
ཞིམ་པོ་ཐམས་བཅས་ཇ་ཆང་མིན་།
མགྱོགས་པོ་ཐམས་བཅས་རྟ་བོ་མིན་།
དཔའ་བོ་ཐམས་བཅས་ཁེར་རྒྱུགས་མིན་།
སྙན་དངགས་པ་ཐམས་ཅད་ཅེས་འབྲི་མི་དགོས་སམ།
སྙན་ངག་དང་སྙན་དངགས་བཅས་དང་ཅད་དོན་གཅིག་ཚིག་གི་རྣམ་གྲངས་མ་རེད་དམ་?
སྙན་ངག་ནི། སྙན་པའི་ངག་གི་ཚིག་བསྡུ་རེད། སྙན་དངགས་ནི་དེ་ལས་གཞན་པ་དམིག་བསལ་ཞིག་རེད། བཀའ་བསྟན་ཡོངས་རྫོགས་ནང་། གཅིག་ཀྱང་མ་ལུས་པ་ལ། ཐམས་ཅད་ཅེས་བྲིས་ཡོད་པ་མ་གཏོགས། ཐམས་བཅས་ཞེས་པ་ཞིག་གཅིག་ཀྱང་བསྟན་ཡ་མེད་པས་སོ།།
ནང་མི་ཐམས་ཅད་འཛོམས་།
ནང་མི་གཉེན་འཁོར་དང་བཅས་པ་འཛོམས་།
ཟེར་ན་ག་འདྲ་འདུག་གམ་?
༄༅། སོ་སོའི་གནས་སྟངས་ཀྱི་ངོས་ནས་འདི་མ་གཏོགས་ཞུ་ཚོད་མ་གཏོགས།