སྲིད་རྡོ།
བོད་མིའི་སྒྲིག་འཛུགས་དྲ་བའི་སྟེང་རང་ལུས་མེར་བསྲེགས་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་བསྟན་འཛིན་ཆོས་དབྱིངས་ལགས་ཀྱི་གནས་ཚུལ་མི་འདུག ཇི་ལྟར་མ་ཡོད་པ་རེད། ཡང་ན་ཅིའི་ཕྱིར་རང་ལུས་མེར་བསྲེགས་གནང་མཁན་གྲས་སུ་མ་ཚུད་པ་རེད། འོ་ན་རྒྱལ་གཅེས་དཔའ་བོ་ཞིག་མིན་པ་རེད་དམ། འདི་ནི་ང་ཚོས་ག་ལེར་དཔྱད་དགོས་ཀྱི་འདུག་ལ། ང་ཚོས་གནས་ཚུལ་ཚབས་ཆེན་ལ་བོད་གཞུང་གིས་ཇི་ལྟར་བདག་པོ་རྒྱག་གི་ཡོད་མེད་སྐོར་ལ་དོ་ཁུར་བྱེད་དགོས་ཀྱི་འདུག
ཉིན་དེ་ནི་ཟླ་ ༧ པའི་ཚེས་ ༡༤ ཡི་སྔ་དྲོ་རེད། བོད་མིའི་སྒྲིག་འཛུགས་དྲ་ཐོག་ཏུ། ༼དཔལ་ལྡན་སྲིད་སྐྱོང་མཆོག་ལ་ཝཱ་ཎ་བོད་ཀྱི་མཐོ་སློབ་ཏུ་ཕེབས་སུ་གཟབ་རྒྱས་ཞུས་པ།༽ཞེས་པའི་གསར་འགྱུར་ཞིག་ཉིན་འདིར་དྲ་འགོད་བྱས་འདུག་པའི་ནང་དུ། “ཕྱི་ཚེས་ ༡༤ སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་མཐོ་སློབ་ཀྱི་དགེ་སློབ་ཡོངས་ལ་གསུང་བཤད་གནང་རྒྱུ་དང་ཉིན་རྒྱབ་མཁའ་ལམ་བརྒྱུད་དིལླཱི་དང་དེ་ནས་བཞུགས་སྒར་དུ་ཕེབས་ཐོན་གནང་རྒྱུ་ཡིན་པ་བཅས་པར་དང་མཉམ་དུ་”འཁོད་འདུག མང་ཚོགས་ཀྱིས་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཉིན་རེའི་འགྲོ་འདུག་སྤྱོད་གསུམ་དྲ་རྒྱའི་བརྒྱུད་ལམ་ཁག་ཏུ་ཐོན་པར་ནམ་རྒྱུན་གཟིགས་ཀྱི་ཡོད་མོད། ཉིན་འདིའི་ཆེས་གལ་ཆེ་བའི་གནས་ཚུལ་ནི་རང་ལུས་མེར་བསྲེགས་གནང་བ་དེ་རེད། འོན་ཀྱང་བོད་གཞུང་དྲ་བའི་སྒང་དུ་སྲིད་སྐྱོང་གི་པར་མ་གཏོགས་བཀོད་མི་འདུག་པ་མ་ཟད། རང་ལུས་མེར་བསྲེགས་གནང་མཁན་གྱི་ཟུར་ཙམ་ཡང་གླེང་མི་འདུག ག་རེ་བྱས་ཏེ་མ་གླེང་བ་རེད།
གལ་སྲིད་བོད་ནང་གི་གནས་ཚུལ་ཡིན་ན། ང་ཚོས་ཁ་གསལ་བོ་ཡིན་མིན་གྱི་དབང་གིས་ལམ་སང་གནས་ཚུལ་འགོད་པར་དཀའ་ལས་འདུག་མོད། དེ་མིན་པར་གནས་ཚུལ་འདི་ནི་དངོས་ཡོད་གནས་ཚུལ་དང་སྲིད་སྐྱོང་ཡོད་ས་ནས་བྱུང་བ་རེད། འདི་ལ་སྲིད་སྐྱོང་གིས་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་པ་མ་ཟད། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བའི་ཐོག་ཏུ་ཡང་མ་ཐོན་པ་ནི་གནད་དོན་ཞིག་རེད། ང་ཚོའི་བོད་དོན་འཐབ་རྩོད་ཁྲོད་ཀྱི་ཆེས་རྣོ་ངར་ལྡན་ཞིང་འཛམ་གླིང་གི་ཡུལ་གྲུ་ཚང་མས་གཟབ་ནན་གྱིས་ལྟ་ས་ནི། བོད་ནང་གཙོས་བཙན་བྱོལ་ནང་དུ་རང་ལུས་མེར་བསྲེགས་གནང་སྟེ་བོད་ཀྱི་བདེན་དོན་རྩོད་ཀྱི་ཡོད་པ་དེ་རེད།
སྲིད་སྐྱོང་ཕྱོགས་བསྐྱོད་བྱས་པའི་གོ་རིམ་ཁྲོད་དུ། རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་བྱུང་བ་ནི་སྲིད་སྐྱོང་ལ་ངོ་རྒོལ་ཡིན་པ་ཞིག་སྤྱི་ཚོགས་དྲ་རྒྱའི་བརྒྱུད་ལམ་ཁག་ཏུ་ཡིག་འཁྱམས་གང་མང་ཞིག་ཐོན་གྱི་ཡོད་མོད། དེ་ནི་སྣང་མེད་བྱས་ཆོག་པའི་གཏམ་ཞིག་སྟེ་ཁུངས་ལུང་ཅི་ཡང་མེད་པའི་དྲ་འབུ་དག་གི་ལས་ཀ་རེད། འོན་ཀྱང་། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱལ་གཅེས་པ་ཁོང་གི་མཚན་དང་ལོ་རྒྱུས། དངོས་སུ་སྟོན་རྒྱུ་ཡོད་པའི་ཁ་ཆེམས་སོགས་འཁོད་པའི་གནས་ཚུལ་མ་བཏང་བའི་རྐྱེན་ནི་སྲིད་སྐྱོང་ལ་ངོ་རྒོལ་བྱས་པ་ཞེས་པའི་ཡིག་འཁྱམས་དེ་བཞིན་ཡིན་ནམ་སྙམ་པའི་ཚོར་བ་ཞིག་སྤྲོད་ཀྱི་འདུག
རྒྱལ་གཅེས་པ་ཁོང་གིས་རང་ལུས་མེར་བསྲེགས་མ་བཏང་བའི་ཉིན་སྔོན་མ་དེར། “དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་མྱ་ངན་གུས་འདུད་ཞུས་པ།”ཞེས་པ་ཞིག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱས་བཀོད་འདུག ཉིན་གཉིས་པ་དེར་བོད་ཀྱི་ཤ་ཁྲག་རུས་གསུམ་ནས་མཆེད་པའི་མཐོ་རིམ་སློབ་མ་ཞིག་གིས་རང་ལུས་མེར་བསྲེགས་བྱུང་བ་དེར་བཀའ་སྤྱི་གཉིས་གང་གིས་ཀྱང་གདུང་སེམས་མཉམ་བསྐྱེད་ཙམ་ཡང་བྱས་མེད་པ་ཟད། དེ་རིང་ཕྱི་ཚེས་ ༢༠ སྟེ་བདུན་ཕྲག་གཅིག་རྗེས་སུ་ད་དུང་གཞུང་འབྲེལ་དྲ་རྒྱའི་སྟེང་དུ་ཁོང་གི་གནས་ཚུལ་ཙམ་ཡང་མེད་པ་འདི་ནི་བོད་གཞུང་གི་རྣམ་འགྱུར་ཞིག་རེད་དམ།
གཞུང་དང་གཞུང་འབྲེལ་མིན་ཚོགས་པ་ཁག་གིས་ག་དུས་ཡིན་ཀྱང་བོད་དོན་བཤད་དུས་སུ། རང་ལུས་མེར་བསྲེགས་ཀྱི་གྲངས་ཀ་ཕྱོགས་བསྡོམས་ཀྱིས་ཁྱབ་བསྒྲགས་དང་དྲིལ་བསྒྲགས་བྱེད་ཀྱི་ཡོད། ད་ཐེངས་ཀྱི་འདི་ནི་བོད་གཞུང་གིས་དྲ་ཐོག་ཏུ་མ་བཀོད་པ་ཡིས་བོད་གཞུང་གིས་ངོས་འཛིན་ཡོད་པའི་བོད་དོན་ཆེད་རང་ལུས་མེར་བསྲེགས་བཏང་བའི་འདས་གྲོངས་གཉིས་ཀྱི་གྲས་སུ་ཚུད་ཀྱི་ཡོད་དམ། ད་ལྟའི་གནས་བབ་སུ་བལྟས་ན་ཚུད་ཀྱི་མེད་པའི་རྣམ་འགྱུར་ཞིག་འདུག
རྒྱལ་གཅེས་དཔའ་བོ་བསྟན་འཛིན་ཆོས་དབྱིངས་ལགས་ཀྱིས་བོད་ཀྱི་སྐད་ཡིག་གཙོས་བདེན་དོན་གྱི་ཆེད་དུ་རང་ལུས་མེར་བསྲེགས་གནང་བ་ནི་ཁོང་གི་ཁ་ཆེམས་ཡི་གེ་ནང་དུ་གསལ་བོ་ཡིན་ཀྱང་། བཙན་བྱོལ་གཞུང་གི་དྲ་སྟེང་དུ་མ་ཐོན་པ་ནི་གཞུང་གི་སྒྲིག་གཞི་གང་ཞིག་དང་འགལ་སོང་བ་རེད་དམ། གཞུང་གི་དྲ་རྒྱའི་ཐོག་གཞུང་འབྲེལ་མིན་པའི་ཚོགས་ཁག་གི་གནས་ཚུལ་དག་འགོད་ཀྱི་མེད་པ་བདེན་པ་ཡིན་མོད། བོད་ཕྱི་ནང་གཉིས་ནས་བོད་དོན་ཆེད་རང་ལུས་མེར་བསྲེགས་གཙོས་ལས་འགུལ་སྤེལ་མཁན་དག་ནི་༼བརྒྱུད་ལམ་གཞན་གྱི་གསར་གནས།༽ཞེས་པའི་སྡེ་ཚན་ནམ། ཡང་ན་༼གསར་གནས།༽ཞེས་པ་གཉིས་སུ་འགོད་ངེས་ཡིན་མོད། ད་ཐེངས་ཀྱི་གནས་ཚུལ་གལ་ཆེ་ཤོས་འདི་ནི་སྡེ་ཚན་འདི་གཉིས་ཀྱི་གཅིག་ཏུ་ཡང་བཀོད་མེད་པ་ཅི་ཞིག་ཡིན་ནམ། འདི་ནི་བོད་གཞུང་གིས་ང་ཚོར་ངེས་པར་དུ་གསལ་བཤད་བྱེད་དགོས་པའི་གནད་དོན་ཞིག་རེད་བསམ།
ཕྱི་ལོ་༢༠༡༧ ཟླ་༠༧ ཚེས་༢༠ ཉིན།
དོན་མེད་སྤྱི་ཚོགས་ནང་རྙོགས་གླེང་དང་དཀྲུགས་མ་ཡོང་། བོད་མིའི་སྒྲིག་འཛུགས་ཀྱི་རང་ལུས་མེར་བསྲེགས་ལ་སྣང་མེད་བཏང་བ་ཨ་ཡིན། སྤྱིར་བཏང་བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་རྣམས་༸རྒྱལ་བ་རིན་པོ་ཆེ་དང་བོད་མིའི་སྒྲིག་འཛུགས་ཀྱི་བརྒྱུད་སྐུལ་བྱེད་པར་སྐྱོན་བརྗོད་བྱེད་བཞིན་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་སྣང་མེད་གཏོང་བ་མ་རེད། ད་བར་བོད་མི་བརྒྱ་དང་ཞི་བཅུ་ལྷག་རང་ལུས་མེར་བསྲེགས་གཏོང་བར་བོད་མིའི་འཛུགས་ནས་ངོས་ལེན་བྱ་བཞིན་ཡོད་ཀྱང་གཞུང་འབྲེལ་ཐོག་ནས་ངོས་ལེན་གསལ་བསྒྲགས་གང་ཡང་སྤེལ་མེད། དེའི་རྒྱུ་མཚན་གོང་དུ་བརྗོད་པ་ལྟར་དེ་ལྟར་བྱེད་ཚེ་རྒྱ་མིས་༸རྒྱལ་བ་རིན་པོ་ཆེ་དང་བོད་མིའི་སྒྲིག་འཛུགས་ཀྱི་བརྒྱུད་སྐུལ་བྱེད་པ་རེད་བཅས་བརྗོད་པར་ཁུངས་སྐྱེལ་བྱེད།
གཡུ་ཐོག་ལགས། ཁྱོད་རང་མགོ་ཚོས་ཀྱི་མེད་ན་ཁུ་སིམ་པོར་བསྡད་བཞག་ན་ཡག་པོ་རེད། ཚོར་བ་གཅིག་པུ་འཁྱེར་ཡོང་ན་དོན་དག་གང་ཡང་མི་འདུག་ག
གོང་གི་བསམ་ཚུལ་རང་བཞིན་ཅན་གྱི་རྩོམ་ཡིག་ཆ་ཚང་བཀླགས་པ་ཡིན། ཆ་ཚང་བདེན་པ་ཡིན་པར་བརྗོད་དཀའ་ཡང་། བསམ་ཚུལ་ཁ་ཤས་ལ་རྒྱབ་སྐྱོར་ཡོད། གོང་དང་འདྲ་བའི་བསམ་ཚུལ་ཁ་ཤས་ལ་རང་ཉིད་ལ་ཡང་བྱུང་།
དང་པོ།
དཔལ་ལྡན་སྲིད་སྐྱོང་བློ་སེང་མཆོག་གིས་ད་བར་གསུང་བཤད་གནང་སྐབས། ཤེས་ཡོན་གལ་ཆེ་ཤོས་ལ་ངོས་འཛིན་བྱ་ཡི་ཡོད་སྐོར་ཡང་ཡང་གསུངས་ཡོད་ཀྱང་ད་བར་དངོས་སུ་ཕྱག་བསྟར་གནང་བ་ཉུང་ཉུང་རེད། ཤེས་ཡོན་སྡེ་ཚན་དང་། ལྷག་པར་དུ་མི་རིགས་དང་རྒྱལ་ཁབ་ཞིག་ལ་མཚོན་ན་སློབ་ཕྲུག་རྣམས་ནི་མ་འོངས་པའི་སོན་རྩ་ཞེས་ཧ་ཅང་གལ་ཆེན་པོ་ཆགས་ཡོད། བོད་ཀྱི་མཐོ་རིམ་སློབ་མ་ཞིག་གིས་བོད་དང་བོད་ཀྱི་སྐད་ཡིག་ཆེད་དུས་སྐབས་དེར་དཔལ་ལྡན་སྲིད་སྐྱོང་བློ་སེང་གང་དུ་ཡོད་སའི་ཁོར་ཡུག་ནང་སྐུ་ལུས་མེར་བསྲེགས་གནང་ཡོད་ཀྱང་། སྲིད་སྐྱོང་མཆོག་གིས་དངོས་སུ་མཇལ་འཕྲད་གནང་རྒྱུ་ལྟ་ཅི། དེའི་ཐོག་ལ་བཀའ་མོལ་ཚིག་གཅིག་གསུངས་པ་ད་བར་གོ་ཐོས་མེད་པ་དེ་ཡང་བློ་ཕམ་རེད། འོ་ན་རང་ལུས་མེར་བསྲེགས་གནང་བ་ཁོང་གིས་སྐབས་དེ་དུས་མི་མཁྱེན་མེད་པ་རེད་དམ།
གཉིས་པ།
བསྟན་འཛིན་ཆོས་དབྱིངས་ལགས་སྨན་ཁང་ནང་ཛ་དྲག་གི་གནས་སྟངས་འོག་ཡོད་སྐབས་སུ་ཁམས་སྐད་རྒྱབ་མཁན་ཕོ་གསར་ཞིག་གིས་ཨུ་ཚུགས་དང་ཆེད་དུ་མངགས་ནས་བློ་སེང་ལ་ངོ་རྒོལ་མིན་པ་བརྗོད་དུ་བཅུག་པ་དང་པར་ལེན་གྱིས་སྤྱི་ཚོགས་བརྒྱུད་ལམ་ནང་ལ་བསྐུར་བ་དེ་ནི་ཧ་ཅང་ངོ་ཚ་དང་བློ་ཕམ་གྱི་གནས་ཚུལ་རེད། མཐོ་རིམ་ཤེས་ཡོན་ཐོབ་ཅིང་རྒྱལ་གཅེས་ལ་རྒྱ་བརྟན་པའི་ཕོ་གསར་ཞིག་གིས་སྐུ་ལུས་མེར་བསྲེགས་གཏོང་བའི་སྙིང་སྟོབས་ཡོད་བཞིན་དུ་ཁོང་ལ་རང་གི་འགོ་འཁྲིད་ལ་ངོ་རྒོལ་མིན་ཞེས་བརྗོད་བཅུག་པ་དེས་ཁོང་ལ་མཐོང་ཆུང་ག་ཚོད་བྱས་མི་འདུག་གམ། གཅིག་བྱས་ན་དྲི་བ་འདྲི་མཁན་དེས་སྲིད་སྐྱོང་ལ་རྒྱབ་སྐྱོར་ཡིན་ཁུལ་བྱས་ཡོད་ལ། གཅིག་བྱས་དེའི་རྒྱབ་ལ་གནས་ཚུལ་མང་པོ་ཞིག་མི་མངོན་པའི་ཚུལ་དུ་ཡོད་སྲིད་ཀྱང་། དོན་དུ་སྲིད་སྐྱོང་ལ་ཕན་ལས་གནོད་ཆེ་བ་བྱུང་ཡོད།
སྲིད་སྐྱོང་མཆོག དགོས་སར་ཆད། མི་དགོས་ས་ལ་ལྷག
གཡུ་ཐོག་ལགས་ཀྱིས་གསུངས་པ་བདེན་པར་སྣང། གང་བྱུང་སྤྱི་ཚོགས་དཀྲུགས་མ་ཡོང།