རྫ་ཚེ་རིང་བཀྲ་ཤིས།
གཅིག༽
མདང་ནུབ་ཤར་རྒྱལ་རོང་པའི་བུ་མོ་ཞིག་གིས་(གླུ་གཞས་འགྲན་བསྡུར་གྱི་སྡིངས་ཆ་ཞིག་ཏུ་མོ་རང་འགྲན་སྡུར་དུ་ཞུགས་པའི་རྒྱུ་མཚན་བཤད་སྐབས)། ང་རང་ཉིད་རྒྱལ་རོང་གི་བོད་རིགས་ཤིག་དང་། ཡི་གེ་མེད་པའི་གྲངས་ཉུང་མི་རིགས་ཤིག་ཡིན་པའི་ངོས་ནས་གླུ་དབྱངས་ཀྱི་ཕུགས་བསམ་འདི་དེ་བས་ཀྱང་དགོས་མཁོ་ཆེན་པོར་མཐོང་གི་ཡོད། ཅེས་བརྗོད་པའི་སྐད་ཆ་དུམ་བུ་འདི་ཉིན་ཞག་གཉིས་ཀྱི་རིང་འདིར་བོད་ཕྱི་ནང་གི་དྲ་ལམ་ཡོངས་རྫོགས་ཀྱི་བརྗོད་བྱ་གཙོ་བོར་གྱུར།
གཉིས།༽
ངས་ཀྱང་ཉན་ཤུལ་མཁྱེན་རབ་འོད་གསལ་ཀྱིས་བྲིས་པའི་རྒྱལ་རོང་པ་བོད་ཡིན་པ་སོགས་ཀྱི་རྩོམ་ཡིག་བཀླགས་མྱོང་། རྒྱལ་རོང་པ་ཡིན་པའི་གྲོགས་པོའང་མང་པོ་ཡོད། ལོ་འགའི་སྔོན་རྒྱལ་རོང་ཨ་ལན་ཟླ་བ་སྒྲོལ་མས་རང་ཉིད་བོད་ཡིན་ཡང་བོད་སྐད་བྱང་ཆ་ལྡན་པ་ཞིག་བཤད་ཐུབ་ཀྱི་མེད་ཅེས་གནོང་མགྱོད་ཀྱི་མིག་ཆུ་བཏང་བ་ཡང་བརྙན་ལམ་ནས་མཐོང་བྱུང་། མ་ཟད་མཁན་པོ་བསོད་དར་རྒྱས་ཀྱིས་གསུངས་པའི་རྒྱལ་རོང་བས་བོད་སྐད་ལ་དོ་སྣང་དགོས་པའི་སྐོར་གྱི་བཀའ་སློབ་ཅིག་ལ་དམིགས་བསལ་དོ་སྣང་བྱས་པ་ཡིན། བཀའ་སློབ་དེར་མཁན་པོ་ཁོང་ཉིད་རྒྱལ་རོང་དུ་ཕེབས་པའི་སྐོར་དང་། དེར་ཡོད་པའི་བོད་རིགས་དག་དང་ཕན་ཚུན་སྐད་ཆ་བཤད་སྐབས་རྒྱ་སྐད་བཀོལ་བ་མ་གཏོགས་གཞན་གོ་བརྡ་འཕྲོད་ཐབས་གཏན་ནས་མེད་པ། ད་དུང་བོད་ཀྱི་བསམ་བློ་དང་མི་འཚམས་པའི་རིག་གཞུང་གི་གོམས་གཤིས་སོགས་ལས་བརྩམས་ཏེ་གནད་དུ་ཐེངས་པ་མང་པོ་ཞིག་གསུང་འདུག
གང་ལྟར་རྒྱལ་རོང་ནི་བོད་ཀྱི་ཆོས་དང་རིག་གཞུང་གི་བསམ་བློ་ཡོད་པའི་བོད་རིགས་འཁྲུལ་མེད་ཅིག་ཡིན་ན་ཡང་། རྒྱལ་རོང་གི་ཡུལ་སྐད་དང་མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་ཆེན་པོ་དག་གི་བར་གྱི་ཧེ་བག་དང་། ས་བབས་ཀྱི་ཆ་ནས་རྒྱ་རིགས་འདུས་སྡོད་ས་ཁུལ་དང་ཁ་ཐག་ཉེ་བ། རང་བྱུང་གནས་བབས་ཀྱི་ཆ་ནས་བོད་ཀྱི་ས་ཁུལ་གཞན་དག་ལ་འབྲེལ་བ་ཉུང་བ་། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རིག་གཞུང་གི་ས་གནས་སྲིད་ཇུས་དོན་འཁྱོལ་མ་བྱུང་བ་སོགས་ནི་ད་ལྟའི་སྐྱོ་གནས་འདིའི་ལོ་རྒྱུས་ཀྱི་རྒྱུ་རྐྱེན་ཡིན།
གསུམ།༽
མདང་ནུབ་རྒྱལ་རོང་བུ་མོའི་སྐད་ཆ་འདི་ཐོས་པ་དང་ང་ལ་ཡང་སེམས་ཁྲལ་བྱུང་། བོད་པའི་གྲྭ་གྲོགས་དག་གིས་བཟོད་བསྒོམ་བྱ་མི་ཐུབ་སའི་ཚིག་གཅིག་རང་དེ་ནི་༼ང་ནི་ཡི་གེ་མེད་པའི་གྲངས་ཉུང་མི་རིགས་ཤིག་ཡིན་༽ཞེས་པའི་སྐད་ཆ་འདི་ཡིན། ཐད་ཀར་ལྟས་ན་སྐད་ཆ་འདི་ནི་ཧ་ཅང་ཐབས་སྐྱོ་བོ་ཞིག་དང་། རིག་གནས་མེད་པའི་མིའི་སྐད་ཆ་ཞིག་རེད། ཐ་ན་ཁོང་ཁྲོ་སློང་བྱེད་ཅིག་ཀྱང་ཆགས་པ་རེད། གཏན་ཚིགས་ཀྱི་ངོས་ནས་བཤད་ན་ཁྱོད་རང་ཉིད་མི་རིགས་བོད་ཡིན་པ་དང་། བོད་ལ་བོད་ཡིག་ཡོད་པ་དེས་ཁྱོད་རང་ཉིད་ཡི་གེ་མེད་པའི་མི་རིགས་ཤིག་མ་ཡིན་པ་ཆགས་པ་རེད།
འོན་ཀྱང་། དོན་དངོས་ཀྱི་ཐོག་ནས་བསམ་ན་བོད་རིགས་འཁྲུལ་མེད་ཡིན་ཞིང་། བོད་ཆས་སྤུས་དག་གྱོན་པའི་རྒྱལ་རོང་གི་བུ་མོ་འདིས་བོད་ཀྱི་སྐད་ཡིག་རང་གི་སྐད་ཡིག་ཡིན་པར་སེམས་ཐོག་ནས་ཚོར་མ་ཐུབ་པ་དེར་རྒྱུ་རྐྱེན་མང་པོ་ཞིག་ཡོད་ངེས་ཤིང་། རྒྱུ་རྐྱེན་དེ་དག་གིས་ད་ལྟའི་སྐད་ཆ་འདི་བསྐྲུན་པ་རེད། འདི་ནི་ང་ཚོ་ཐུན་མོང་གིས་བསམ་བཞིག་དགོས་སའི་གནད་འགག་ལྟེ་བ་དེ་རེད།
མོས་སྤྱིར་བཏང་བོད་ལ་ཡི་གེ་ཡོད་པ་ཙམ་མི་ཤེས་པ་ཧ་ལམ་མི་སྲིད་ན་ཡང་། མོས་དེ་ཉིད་རང་ཉིད་ཀྱི་འཚོ་བ་དང་འབྲེལ་བའི་ཡི་གེ་ཞིག་ཡིན་པའི་ངོས་འཛིན་དེ་སེམས་གཏིང་ནས་མ་བསླེབས་པ་རེད། དེ་ནི་མོ་རང་ཉིད་ཀྱིས་བོད་ཡིག་མ་སྦྱང་བའི་ཞན་ཆ་ཡིན་དང་ཡིན། དེ་ལས་གཞན་པ་ཞིག་ནི། ང་ཚོས་སྤུན་ཟླ་དེ་དག་གི་དངོས་ཡོད་ཀྱི་གནས་སྟངས་ལ་དགོས་ངེས་ཀྱི་དོ་ཁུལ་དང་རོགས་པ་མ་བྱས་པའི་ལན་པའང་ཡིན།
ད་བར་ང་ཚོས་རྒྱལ་རོང་བས་བོད་ཡིག་མི་ཤེས་པ་དེ་ཁོང་ཚོའི་དོན་དག་ཅིག་ཏུ་བརྩིས་བསྡད་པ་རེད། དེ་ནི་ང་ཚོའི་ནོར་འཁྲུལ་རེད། ནང་མི་ཞིག་ལ་ཆག་སྒོ་གང་རུང་ཞིག་བྱུང་ན་དེ་ནི་ཁྱིམ་ཚང་ཧྲིལ་པོའི་དོན་དག་ཡིན་པ་ལས། ནང་མི་ཁོ་རང་གི་དོན་དག་རེད་ཅེས་སྣང་མེད་དུ་འཇོག་མི་རུང་།
བཞི།༽
ཡང་དེ་རིང་དེ་དང་འབྲེལ་ནས་རྒྱལ་རོང་བའི་བུ་མོ་གཉིས་པ་ཞིག་གིས་བོད་སྐད་ཀྱི་ལམ་ནས་མདང་ནུབ་ཀྱི་དོན་རྐྱེན་དེ་དང་འབྲེལ་བའི་སྐད་ཆ་ཞིག་བཤད་འདུག་པའི་སྒྲ་སྒམ་ལ་ཉན་པ་ཡིན། མོས་སྐད་ཆས་ང་ལ་བསམ་བློ་མང་པོ་ཞིག་གཏོང་དུ་བཅུག་བྱུང་།
བུ་མོ་དེས་བཤད་ན། རྒྱལ་རོང་གི་གཞུང་འབྲེལ་སློབ་གྲྭ་ཁག་ཏུ་བོད་ཡིག་མེད་པ་དང་། གོ་ཐོས་ལྟར་ནས་ཀྲུ་ཡོང་ཁང་ཟི་ཁྲོན་གྱི་འགོོ་བ་ཡིན་སྐབས་ནས་མེད་པ་བཟོས་པ་རེད་ཅེས་བཤད་སོང་། ཡང་མོས་མུ་མཐུད་དུ། དབུས་གཙང་བ་སྤྱིར་བཏང་གི་ཁ་ཐག་རིང་པོ་ཡིན་ན་ཡང་། གཡས་གཡོན་གྱི་ཁམས་དང་ཨ་མདོ་གཞན་དག་གིས་རྒྱལ་རོང་བ་ཚོར་ནམ་རྒྱུན་རྒྱ་རྒན་དང་རྒྱ་དགའ་སོགས་ཀྱི་ཐ་སྙད་བེད་སྤྱད་དེ་མཐོང་ཆུང་དང་ཟུར་འབུད་བྱེད་པ་དང་། གཡས་གཡོན་གྱི་བོད་པའི་ས་ཁུལ་དག་ཏུ་རྒྱལ་རོང་བའི་ལས་བཟོ་བ་སོགས་འགྲོ་བ་དེ་དག་ལ་ཡང་རྒྱ་རྒན་ཁོ་ནས་འབོད་ཀྱི་ཡོད་པ་དང་། དེས་ཁོང་ཚོས་སེམས་ལ་རྨ་ཁ་ཆེན་པོ་བཟོ་བཞིན་ཡོད་པར་མ་ཟད། དེའི་རྒྱུ་རྐྱེན་གྱིས་གྲོང་གསེབ་སོགས་ཀྱི་(རྒྱ་རིགས་དང་གཉེན་འབྲེལ་ཡོད་པ་སོགས་ཀྱི་མི་གཅིག་དང་གཉིས་ཙམ་མིན་པར་)ཁྱིམ་ཚང་ཧྲིལ་པོའི་ཐོབ་དཔང་རྒྱ་རིགས་སུ་བསྒྱུར་བཞིན་ཡོད་པའི་གནས་ཚུལ་མང་པོ་ཡོད་པའི་སྐོར་ཞིབ་ཏུ་བཤད་བྱུང་། དེ་དང་མཉམ་དུ་མོས་སྤུན་ཟླ་ཚང་མས་རྒྱལ་རོང་བར་ལེ་བརྡ་བྱེད་རྒྱུའི་ཚབ་ཏུ་སེམས་ཁུལ་མང་ཙམ་དགོས་པའི་འབོད་སྐུལ་ཡང་གནང་བྱུང་། དེ་ཚོའི་ཕྱོགས་ལ་ང་ཚོའི་ད་ཕན་བསམ་བློ་འདང་ངེས་བཏང་མི་འདུག
ལྔ།༽
ང་ཆུང་དུས་ཕ་ཡུལ་གྱི་འབྲོག་ཕྱོགས་སུ་ཡང་དབྱར་དུས་ལ་རྒྱལ་རོང་ཕྱོགས་ཀྱི་ཤིང་བཟོ་དང་རྡོ་བཟོ་སོགས་ལས་བཟོ་བ་མང་པོ་ཡོང་གི་ཡོད་ཅིང་། ཁོང་ཚོས་དགོན་པ་དག་གི་ནང་དུ་ལས་ཀ་བྱེད་དུ་ཡོང་གིན་ཡོད། ཁོང་ཚོ་མང་པོ་ཞིག་རྒྱལ་རོང་གི་བོད་རིགས་ཡིན་ན་ཡང་། ང་ཚོས་རྒྱལ་རོང་གི་རྒྱ་དང་ཆུ་ཆེན་གྱི་རྒྱ་ཞེས་ལབ་ཀྱི་ཡོད་པ་དང་། ཐ་སྙད་འདི་ཡར་དེད་ན་ཐ་ན་དགེ་འདུན་ཆོས་འཕེལ་གྱིས་ཀྱང་རྒྱ་དར་རྩེ་མདོ་ཞེས་བྲིས་ཐལ་ཤོར་བའི་གནས་སྟངས་དེ་བྱུང་བ་རེད། ཐ་སྙད་འདི་དག་གི་རྒྱབ་ལོགས་སུ་ང་ཚོ་བོད་པ་ཚོས་མཐའ་མཚམས་ཀྱི་རང་རིགས་སྤུན་ཟླ་ཚོར་ཆབ་སྲིད་དང་བསམ་བློའི་བརྩེ་དུང་གཉིས་ཆར་གྱིས་བདག་པོ་མ་ཕོགས་པའི་གནའ་ནས་ད་ལྟའི་བར་གྱི་མིག་རྒྱང་ཐུང་བའི་བསམ་སྟངས་དང་ལས་སྟངས་དེ་ཚོ་ཡོད་པ་རེད།
མང་པོ་ཞིག་གིས་རྒྱལ་རོང་བར་རྒྱ་རྒན་ཞེས་བརྗོད་པ་དེ་(ཚང་མས་དེ་ལྟར་བརྗོད་པར་མ་ངེས་)རྒྱུན་ལྡན་ཞིག་ཏུ་བརྩི་ན་ཡང་། སྤུན་ཟླ་དེ་ཚོའི་སེམས་ནང་ལ་རྒྱ་ཞེས་པའི་ཐ་སྙད་འདི་ཧ་ཅང་སེམས་ལ་གཟན་པའི་དབྱེ་འབྱེད་ཀྱི་ཐ་སྙད་ཅིག་ཏུ་ཚོར་གྱི་ཡོད་པ་རེད་འདུག
མི་རིགས་རིག་པའི་ལྟ་གྲུབ་ཀྱི་ངོས་ནས་བཤད་ན། ང་ཚོས་རྒྱལ་རོང་བ་ལ་རྒྱ་ཞེས་བརྗོད་པ་དེ་རྒྱལ་རོང་བུ་མོས་ང་ལ་ཡི་གེ་མེད་ཅེས་བརྗོད་པ་ལས་ཀྱང་ཚབ་ཆེ་བ་ཞིག་ཆགས་འདུག
ཐ་ན་དེ་རང་རྒྱལ་རོང་བུ་མོར་བསྡིགས་དམོད་བྱེད་མཁན་གྱི་འཕྲིན་སྟེགས་ཤིག་གིས་ཀྱང་རྒྱལ་རོང་ལ་རྒྱ་རོང་ཞེས་བྲིས་ཡོད། ད་དུང་དག་ཆ་མེད་པའི་བོད་ཡིག་བྲིས་ནས་བོད་ཡིག་ལ་དམའ་འབེབས་བྱས་སོང་ཞེས་ཁོང་མོར་དགག་པ་རྒྱག་མཁན་ནི་རྩིས་ལ་ཡང་མི་ཐེབས།
དྲུག༽
མ་གཞི་མོའི་སྐད་ཆ་དེས་བོད་པའི་སྤྱི་ཚོགས་ལ་གཡོ་འགུལ་བཏང་བ་དང་། ང་ཚོས་ཁོང་མོར་གཤེ་གཤེ་བཏང་སོགས་ཧ་ལས་པ་ཞིག་མ་རེད། འོན་ཀྱང་། ད་ཐེངས་ཀྱི་མོའི་སྐད་ཆ་དེའི་རྐྱེན་གྱིས་ང་ཚོར་ཚོར་བ་ཤུགས་ཆེན་པོ་ཞིག་བསླེབས་ཤིང་། ཚོར་བ་དེ་བརྒྱུད་ནས་མང་པོ་ཞིག་ལ་བསམ་བློ་གཉིས་པ་ཞིག་གཏོང་རྒྱུའི་གོ་སྐབས་ཤིག་སྤྲད་པ་རེད། དེ་ནི་ལྟས་དབང་གིས་བྱུང་བའི་དགེ་མཚན་ཞིག་ཏུ་ངོས་བཟུང་ནའང་ཆོག ང་ཚོར་མ་བསམས་ས་ནས་ཉེན་བརྡ་གལ་ཆེན་ཞིག་ཚོར་རྒྱུའི་གོ་སྐབས་སྤྲད་པ་རེད།
བདུན།༽
ང་ཚོས་ད་ནས་བཟུང་སྟེ། རྒྱལ་རོང་བ་དེ་ཚོར་ལྡོག་ཕྱོགས་ནས་ཟུར་འབུད་དང་སྣང་མེད་བྱ་རྒྱུ་མིན། དྲང་ཕྱོགས་ནས་ཐབས་ཤེས་ག་འདྲ་ཞིག་བཀོལ་ནས་ཁོང་ཚོར་རང་གི་མི་རིགས་ཀྱི་བླ་སྲོག་ངོས་ཟིན་པ་བྱ་དགོས། བླ་མ་དགོན་པ་སོགས་སྤྱི་ཚོགས་དེར་ཤུགས་རྐྱེན་ཡོད་པའི་ཆོས་ལུགས་པའི་ནུས་པ་ཡོད་ཚད་བེད་སྤྱད་ནས་བོད་ཡིག་སྦྱོང་མཁན་མང་དུ་གཏོང་དགོས་ལ། སྒེར་སོ་སོའི་ངོས་ནས་བོད་ཡིག་སྦྱོང་བར་བསྐུལ་འདེད་ཀྱི་སྣེ་ཁྲིད་གནང་དགོས།
ཡང་ཕྱོགས་གཞན་ཞིག་ནས་ས་གནས་འདི་དག་གི་བོད་རིགས་འགོ་ཁྲིད་དང་ཤེས་པ་སོགས་ཀྱིས་རྔ་བ་རང་སྐྱོང་ཁུལ་དང་དཀར་མཛེས་རང་སྐྱོང་ཁུལ་སོགས་ཁུལ་དང་རྫོང་རིམ་པའི་མི་རིགས་རང་སྐྱོང་གི་བཅའ་ཁྲིམས་དང་སྲོལ་ཡིག་ཁག་གཞིར་བཟུང་གིས། ཁྲིམས་མཐུན་གྱི་ཐབས་ཤེས་དང་ལམ་ཀ་ཡོད་ཚད་སྤྱད་དེ་བོད་ཡིག་གི་སློབ་ཚན་འཇུག་པར་སྐུལ་འདེད་དང་ཐབས་ལམ་འཚོལ་དགོས། ང་ཚོས་རྒྱལ་རོང་བའི་སྐད་ཡིག་དང་རིག་གཞུང་གི་དེ་རིང་གི་གནས་བབ་ངོས་ཟིན་པ་ནི་རང་གི་ནང་མི་ཞིག་ལ་ནད་ཛ་དྲག་ཅིག་ཕོག་ཡོད་པར་ངོས་ཟིན་པ་དང་གཅིག་པ་རེད།
གོང་དུ་བཤད་པ་ལྟར། རྒྱལ་རོང་གི་བུ་མོ་དེས་ང་ཚོ་ཚང་མ་གཉིད་ལས་དཀྲོག་པ་དང་གཅིག་པ་ཆགས་པ་རེད། དེས་ན་ད་ནས་བཟུང་ང་ཚོ་ཚང་མས་མཉམ་དུ་ཤུགས་རྒྱག་དགོས།
བརྒྱད།༽
ཡང་རང་ཉིད་བོད་པ་ཞིག་ཡིན་བཞིན་དུ། ང་ལ་ཡི་གེ་མེད་ཅེས་ལབ་པ་དེར་ཚང་མ་ཁོང་ཁྲོ་ཟ་བ་ནི་བསམ་ཤེས་ཐུབ་པ་ཞིག་རེད། འོན་ཀྱང་རང་ཉིད་ལ་ཡི་གེ་ཡོད་བཞན་དུ་དེ་ལ་སློབ་སྦྱོང་མི་བྱེད་པ་དང་། བེད་སྤྱོད་མི་གཏོང་བ་ཡང་ངས་བསམ་ན་ནག་ཉེས་ཧ་ཅང་ཆེན་པོ་ཞིག་རེད།
དཔེར་ན། མི་ཞིག་གིས་རང་གི་ཨ་མའི་ངོ་ལ་འཛུབ་མོ་བཙུགས་ནས་འདི་ངའི་ཨ་མ་མ་རེད། ང་ལ་ཨ་མ་གཏན་ནས་མེད་ཅེས་ལབ་པ་དང་། ཡང་མི་གཞན་ཞིག་གིས་འདི་ངའི་ཨ་མ་རེད་ཅེས་སྐད་ཅོར་རྒྱག་བཞིན། མིག་གིས་མཐོང་ས་རང་ནས་ཨ་མ་ལ་བདག་པོ་མི་རྒྱག་པར་མུ་གེས་ཤི་གཅུག་པ་གཉིས་ལ་ནག་ཉེས་ཆེ་ཆུང་རྩི་དགོས་ན་ཧ་ཅང་ཁག་པོ་མ་རེད་དམ། འོ་དེ་དང་གཅིག་པ་རེད།
དགུ༽
དེས་ན། ད་ནས་བཟུང་སྟེ། ང་ཚོས་དྲང་ཕྱོགས་ཀྱི་གོ་བ་ཡག་པོ་ཞིག་བླངས། བོད་ཡིག་བོད་སྐད་ཤེས་མཁན་ཚོས་ཀྱང་ང་རྒྱལ་ཆེན་པོས་གཞན་ལ་ཁྱད་གསོད་ལྷུར་ལེན་པའི་སྐད་ཆ་བཤད་ནས་འདུག་པ་མ་ཡིན་པར། ཉམ་ཆུང་ཚུལ་མཐུན་གྱིས་རང་ངོས་ནས་སྐད་ཡིག་བེད་སྤྱོད་བྱེད་པ་དང་འབྲེལ། གཞན་ལ་ཡང་སྐད་ཡིག་དང་རིག་གཞུང་རྒྱུད་འཛིན་བྱེད་པར་ནང་སེམས་ཀྱི་མཛའ་བརྩེ་བསྟན་ནས་གཞོགས་འདེགས་བྱེད་དགོས།
ངའི་བསམ་ན་དཔལ་བླ་རུང་སྒར་དང་ཀིརྟི་དགོན་ལྟ་བུ་རྒྱལ་རོང་དང་ཁད་ཉེ་ཞིག་འདབས་འབྲེལ་བའི་བན་བོན་གྱི་བཤད་སྒྲུབ་ཀྱི་ལྟེ་གནས་ཁག་དང་། རྒྱལ་རོང་རང་གི་དགོན་པ་ཁག་ལ་འདིའི་ཐད་ལ་ནུས་པ་གང་ལེགས་འདོན་རྒྱུའི་གོ་སྐབས་དང་འོས་བབ་ཡོད་པ་རེད་སྙམ།
ང་ཚོས་རྒྱལ་རོང་གི་རྒན་པ་དེ་ཚོར་གོ་བ་ཡག་པོ་ཞིག་བཀོན་ཐུབ་པ་ཡིན་ན། ཁོང་ཚོ་དང་འབྲེལ་བའི་ནང་མི་དག་ལ་ཡང་རང་བཞིན་གྱིས་ནུས་པ་ཐོན་པ་ཞིག་ཡོང་གི་རེད། དེ་ནི་ཐབས་ལམ་གལ་ཆེན་ཞིག་རེད།
བཅུ།༽
འོན་ཀྱང་། རྒྱལ་རོང་རང་ལ་ཡང་སྐྱོན་གཏན་ནས་མེད་པ་མིན་ལ། བུ་མོ་དེའི་སྐད་ཆ་ལ་ནོར་འཁྲུལ་མེད་པ་དེ་བས་ཀྱང་མིན། མཁན་པོ་བསོད་དར་རྒྱས་ཀྱིས་གསུངས་པ་ལྟ། སྤྱིར་བཏང་བོད་པ་ཞིག་ཡིན་པའི་ཤ་ཞེན་ལ་རྒྱ་དང་ནང་པ་ཞིག་ཡིན་པའི་བསམ་བློའི་འདུ་ཤེས་ཁོང་ཚོར་ཡང་ཡོད་ན་ཡང་། དོན་དངོས་ཐོག་གཞོན་སྐྱེས་དག་ལ་རྒྱ་འགྱུར་གྱི་རྣམ་པ་ཧ་ཅང་ཤུགས་ཆེ་བ། རང་གི་རིག་གཞུང་ལ་དུང་ཞེན་དང་སྦྱང་བ་ཆུང་བ། ས་ཆ་གཞན་དུ་རྒྱལ་རོང་བ་མང་པོས་རྐུན་ཇག་དང་ཅ་ལག་རྫུན་བཟོ་ཉོ་ཚོང་སོགས་རླབས་ཆེན་གྱི་མི་རིགས་ཤིག་གི་རྗེས་རབས་པའི་ཆེ་མཐོང་དང་མི་འཚམ་པའི་གནས་ཚུལ་ཡང་མང་པོ་བྱེད་ཀྱི་ཡོད། འདི་ནི་གཞན་གྱིས་བཤད་པ་མིན་པར་རང་ཉིད་རྒྱལ་རོང་ཡུལ་གྱི་བཙོན་ཁང་དུ་དངོས་སུ་སྡོད་མྱོང་མཁན་ཞིག་གི་ངོས་ནས་འདིའི་ཕྱོགས་ལ་ཤེས་རྟོགས་མི་ཉུང་བ་ཞིག་ཡོད།
འོན་ཀྱང་། ཁོང་ཚོར་ཡང་བོད་པ་སྤྱི་མཚུངས་ཀྱི་སེམས་གཏིང་གི་རང་ཉིད་བོད་རིགས་ཤིག་ཡིན་སྙམ་པའི་འདུ་ཤེས་དང་བསམ་བློ་ཤུགས་ཆེན་པོ་ཞིག་ཡོད་པ་དེ་ཡང་སུས་ཀྱང་སྙོན་དུ་མེད་པ་ཡིན་པས། འདི་ནི་ང་ཚོས་མ་འོངས་པར་རྒྱལ་རོང་རྒྱ་འགྱུར་གྱི་གནས་སྟངས་ལེགས་བཅོས་བྱེད་པའི་སྟོབས་ཤུགས་དང་རེ་བ་ཡོངས་རྫོགས་ཀྱི་ལྟེ་བའང་ཡིན་ནོ།། རྒྱལ་རོང་རྒྱལ་ལོ།།
(རྩོམ་ཡིག་འདི་ཧ་ཅང་བྲེལ་སྟབས་སུ་བྲིས་པས་ཡིག་ནོར་ཡོད་ངེས། 2017/7/21)
་་་་་ ང་རང་ཉིད་རྒྱལ་རོང་གི་བོད་རིགས་ཤིག་དང་། ཡི་གེ་མེད་པའི་གྲངས་ཉུང་མི་རིགས་ཤིག་ཡིན་་་་ ཟེར།
རྒྱ་རོང་ལ་བོད་ཡིག་མེད་པ་ཡིན་ནམ།
རྒྱལ་རོང་བུ་མོས་སྐད་ཆ་དྲང་པོ་དང་བདེན་པ་བཤད་པ་རེད། མོ་རྒྱལ་རོང་བ་ཞིག་ཡིན་པའི་ཆ་ནས་མོས་རྒྱལ་རོང་བ་ལ་ཡི་གེ་མེད་ཟེར་བ་མ་གཏོགས་བོད་པ་ཚང་ལ་ཡི་གེ་མེད་རྩ་བ་ནས་ལབ་ཡོད་ཀྱི་མ་རེད། རྒྱལ་རོང་བ་ལ་ཐུན་མོངས་མ་ཡིན་པའི་ཡུལ་སྐད་ཡོད། ཡུལ་སྐད་དེ་དང་འབྲེལ་བའི་ཡི་གེ་མེད་ཟེར་བའི་དོན་ལ་གོ་བ་ལོས་ཡིན། སྔོན་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཅེས་པའི་ཡུལ་ཁམས་དེ། རྒྱ་བོད་གང་ལའང་མ་འབྲེལ་བའི་རང་བཙན་གྱི་ཡུལ་ཁམས་ཅིག་ཡིན་པའི་ལོ་རྒྱུས་བྱུང་མྱངས་ཡོད་། སྨད་ཨ་མདོ་དང་རྒྱལ་རོང་ཞེས་ཁག་ཁག་ཀྱང་བརྩི་སྲོལ་ཡོད།
འདས་པའི་ལོ་རྒྱུ་ལ་གཞིགས་ན་བོད་པས་རྒྱལ་རོང་བ་ལ་ཡག་པོ་ཞིག་རྩ་བས་ནས་བྱས་མེད། དེའི་རྒྱུ་མཚན་གཙོ་བོ་གཅིག་ནི་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་པོ་ཆ་ཚང་བོན་པོ་ཡིན་པ་རེད། ལས་བསླ་པོ་མགོ་གུར་མཁན་དེ་འདྲ་མ་རེད། ཆོས་ལུགས་བཙན་བསྒྱུར་བྱས། དགོན་པ་མིང་བསྒྱུར་བྱས། བླ་མ་གྲྭ་བ་བཙན་གསོད་བཏང། རྒྱལ་བློན་དམར་གསོད་བཏང་། ཡ་ང་བ་དང་སྐྱི་འཇིགས་པའི་གནས་ཚུལ་ཧ་ཅང་ཐབས་སྐྱོ་པོ་རྒྱལ་རོང་བས་མྱངས་དགོས་ཐུག་ཡོད། ངས་མིག་ཆུ་ལྷན་དུ་རྒྱལ་རོང་བ་ལ་དུས་རྟག་ཏུ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན། །
སྟོད་ལ་དྭགས་ནས་རྒྱ་གར་གྱིས་འཇམ་བཟས་པའི་གངས་བརྒྱུད་བོད་རིགས་ཀྱི་ཡུལ་ཚོ་ཁག་དང་། གློ་དོལ་སོགས་བལ་པོས་བཙན་བཟས་བྱས་པའི་གངས་བརྒྱུད་བོད་རིགས་ཀྱི་ཡུལ་ཚོ་ཁག་མང་པོ་ཞིག་བོད་པ་ལ་དེ་ཙམ་ཡིད་མོས་བྱེད་སྲོལ་མེད་པར་སྣང་། རྒྱུ་མཚན་གཙོ་བོ་གང་ལ་ཐུག་ཡོད་ངས་ནི་ཆེན་པོ་རང་མི་ཤེས་སོ།
ཡིན་ནའང་བྱས་ཉེས་ལས་ཉེས་འདི་རྣམས་དོན་དམ་པར་བོད་པས་བྱས་པ་རེད་ལབ་དགོས་སམ་ཡང་ན་སུས་བྱས་པ་རེད་ལབ་དགོས་ལྷག་བསམ་རྣམ་དག་གིས་ཚང་མས་ཐུགས་སེམས་བཞེས་དགོས་པར་སེམས་སོ།།
སྔོན་མ་ཡིན་ན་བོད་པར་ལས་རྒྱུ་མངས་དྲག་ཡང་ན་ཧ་ཅང་ཐལ་ཆ་ཆེ་དྲག་ནས་མི་དགའ་མཁན་མངས་པོ་ཡིན་ས་རེད། ཡིན་ནའང་དེང་སང་༧རྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བོད་པར་ཚུར་སེམས་པ་འཁོར་མཁན་ཇེ་མང་ནས་ཇེ་མངས་འགྲོ་བཞིན་ཡོད། །
ྭཝ་ཡེ་བོན་པོ། ཆོས་ལུགས་འཐེན་ཁྱེར་གྱི་སྐད་ཆ་འདི་འདྲ་མ་ཤོད། འདས་པའི་ལོ་རྒྱུས་ལ་བལྟས་ན་ཕྱོགས་སུས་ནོར་བ་ཡིན་མིན་ཁ་ཚོན་གཅོད་དཀའ། འོན་ཀྱང་དེ་རྣམས་ཚང་མ་ནང་ཁུལ་གྱི་གནས་ཚུལ་རེད། འདི་ཚོ་ཚང་མ་ཤེས་རིག་མ་དར་བའི་གདོད་མའི་མིའི་བྱེད་སྟངས་རེད། ད་ཆ་བོད་ས་ཡོངས་རྫོགས་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་པའི་དུས་རེད།
རྫ་ཚེ་རིང་བཀྲ་ཤིས་ལེགས་ཀྱི་རྒྱ་རོང་གི་ཡུལ་གྱི་བུ་མོས་བཤད་སྟངས་སྐོར་རྩོམ་ཡིག་ཞིབ་པར་ཀློག་ལོང་མ་བྱུང་།
དངོས་གནས་དབང་དུ་བྱས་ན། གནའ་སྔ་མོའི་ བོད་ཡིག་དག་པར་ཀློག་མཁན་དེ་རྒྱ་རོང་སོགས་བོད་ཀྱི་མཐའ་མཚམས་དག་ཏུ་ཡོད། གཅིག གཉིས། གསུམ། བཞི་སོགས་ལ་སྔོན་འཇུག་སོགས་ཀྱང་འཐོན་པ་དེ། རྒྱ་རོང་གི་སྐད་དུ་ཡོད་པར་ཐོས། རྒྱ་རོང་དུ། བཀའ་འགྱུར་གྱི་པོ་ཏི་ཡོད་པ་དང་། དེ་དག་ཀློག་ཐུབ་མཁན་ཡང་ཡོད་ཤས་ཆེ། རྒྱ་རོང་གི་སྐད་དུ་ཀློག་པ་ལ་བརྩི་བ་བྱེད་དགོས། རྒྱ་ནག་གི་ས་མཚམས་ཡིན་པས། རྒྱ་རོང་། ཞེས་པ་ཡིད་དུ་ཡོད། རྒྱ་རོང་ཡུལ་སྐད་དུ། འདང་ལ། ལྡང་ཞེས་འབོད་པ་ཐག་ཆོད།
ང་ལོ་གཞོན་སྐབས་སུ། སྦལ་ཏི་ཞིག་དབེན་པའི་གྲོང་ཡུལ་ནས། འོངས་པའི་ཁ་ནས་ཐོས་པ་ནི། གྲངས་ཀ་བཞི་ཡི་སྔོན་འཇུག བ་ཡིག་ཀྱང་། འབོད་པ་མཐོང་། ལོ་ངོ་བདུན་ཅུ་དོན་གྲངས་སྔོན་གྱི། ལོ་རྒྱུས་ཡིན། དེས་ན། རྒྱ་རོང་གི་བུ་མོ་དེ་ལ་བོད་ཡིག་ངོ་སྤྲོད་བྱས་ཏེ། རྒྱ་རོང་གི་སྐད་དུ་ཀློག་འཇུག་ན། བོད་སྐད་དེ་ཡིག་སྐད་དུ། འབྲི་བའི་སྐད་ཇི་ལྟར་ཡོད་པ་ཕལ་ཆེར་ཤེས་ཐུབ་པ་ལ་ཕན།
ལ་དྭགས་གཤམ་ཕྱོགས་སུ། ཚིག་འགའ་ཞིག་གནའ་བོའི་འབོད་སྟངས་ལུས་ཡོད་པ་ནི། ཕྱི་ལོགས་ལ། ཕཡི་ལོགས། ཕྱག་ལ། ཕཡག བྱེད་ལ། བཡེད། བྲག་ལ། བརག སོགས་འབོད་པ་མཆིས་སོ།
རྒྱ་རོང་དུ་བོད་ཡིག་ཏུ་བོད་མེད་ན། ད་ལྟའང་ཀླ་ཀློ་མུན་གླིང་དུ་གནས་པར་ཐལ་ལོ།།
རྩོམ་ཉོག་རིང་ལ་རྫོབ་པ་ཞིག་བྲིས་འདུག་པར་ཞིབ་ཀློག་ཅིག་བྱ་འདོད་མ་བྱུང་། མིག་ལ་ཐོག་ཚད་པོ་ཞིག་བཤད་ན། རྒྱལ་རོང་བ་རྒྱ་རེད་ཅེས་བའི་སྐད་ཆ་འདི་ཐོས་པ་ཐོག་མ་ཡིན། ང་རྒྱལ་རོང་བའི་འཁྲིས་ཀྱི་ལུང་པ་ཞིག་ནས་ཡིན། གནའ་ནས་ད་ཐུག་གི་བར་དུ་ཕན་ཚུན་འདྲེས་ཏེ་ཡོད་ལ་རྒྱལ་རོང་བ་རྒྱ་ཡིན་པའི་སྐད་ཆ་ཞིག་གོ་མྱོང་མེད། ལྷག་པར་དུ་མ་ཧ་པཎཊི་ཏ་རྗེ་དམུ་དགེ་བསམ་གཏན་ལགས་ཀྱིས་ཀྱང་ཏུན་ཧོང་ཡིག་རྙིང་སོགས་ལ་གོ་བ་ལེན་དགོས་ན་རྒྱལ་རོང་བ་འདི་ལས་ལྷག་ཅིག་མེད་ཅེས་པ་ཡང་ཡང་ཐོས་མྱོང་།
ཐེངས་འདིའི་རྒྱལ་རོང་བུ་མོའི་སྐད་ཆ་འདི་རྐྱེན་ངན་གྲོགས་སུ་གྱུར་ཏེ་ཤེས་ཡོན་དང་ལྷག་བསམ་ལྡན་པའི་བོད་པ་གང་ན་སུ་བཞུགས་ཐམས་ཅད་ཀྱིས་རྒྱལ་རོང་ས་ཁུལ་གཙོས་བོད་སྐད་ཡིག་ཆེས་ཉག་ཕྲ་བའི་གནས་སུ་གྱུར་པའི་ས་ཁུལ་ཀུན་ཏུ་བོད་སྐད་ཡིག་སླར་གསོའི་རྒྱུ་རུ་འགྱུར་བར་སྨོན།
ངའི་རྩོམ་ཡིག་འདི་བཀླགས་ནས་བསམ་ཚུལ་ག་འདྲ་བཏོན་ཡང་དགའ་བསུ་ཡོད།
རྩོམ་ཡིག་མ་བཀླགས་པར་བསམ་ཚུལ་བཏོན་པའི་ཁྲལ་སུ་ལ་ཡང་བཀལ་མེད་ཞུ།
དེ་འདྲའི་བསམ་ཚུལ་ནི་རྩོམ་ཡིག་ལ་རྩི་བཀུར་མེད་པའི་གཏམ་སྤྱོད་ཙམ་རེད་ཅེས་ངོས་འཛིན་བྱེད།
ཨ་ཁ་ད་རྒྱལ་རོང་ཚང་གིས་ད་དུང་མྱང་གི་འདུག །སྔར་རྒྱ་གར་ནང་རྒྱལ་ལོ་དོན་གྲུབ་ཀྱི་འགོ་ཁྲིད་པའི་གཅིག་སྒྲིལ་ཚོགས་པ་ཟེར་བས། ལྡི་ལི་ནས་རྒྱལ་རོང་ཁྲོ་བཅུ་རྒྱལ་པོ་དཔོན་གཡོག་འཁོར་དང་བཅས་པ་རྩ་མེད་གཏོང་གྲབ་བྱས་པར་སྟབས་ལེགས་ཀྱིས་རྒྱ་གར་ཆབ་སྲིད་ཚོགས་པ་ཞིག་གིས་རྒྱབ་སྐྱོར་གྱིས་སྐྱོན་རང་མ་བྱུང་བ་རེད། དེ་ནས་རིམ་པས་ཁེ་ན་ཌར་ཉེན་ཡོལ་དུ་འགྲོ་ཐུབ་པར་བརྟེན་སྲོག་མགོ་ཐོན་ཙམ་བྱུང་ཡོད། ད་ཆ་རྒྱལ་རོང་བའི་བོ་མོས་སྐད་ཆ་ཞིག་གིས་བོད་ཕྱི་ནང་གཉིས་ནས་རྒྱལ་རོང་བ་སྤྱི་ལ་དབྱུག་པ་ལེབ་བརྡུང་གཏོང་བཞིན་འདུག་པ་འདི་ཀྱེ་མ་ཧུད།།
འབྲོང་བུ་སོག་ཚ་གསུངས་ལྟར་བདེན་། ངས་ཀྱང་དེ་ལྟར་བསམ་བཞིན་མཆིས། དགོས་རྒྱུ་བསླབ་གསོ་གནད་ལ་སྨན་པོ་ཞིག་བྱས་ན། རྗེས་སོར་ལ་ཕན་ཀྱི་རེད། ད་ཁ་བརྡ་ནང་ལ་འཛུལ་ནས་ཁ་བརྡུང་བཏང་ན་དེ་འངྲའི་རང་སྐྱོན་ཚང་མ་ལ་ཡོད་རེད། ལ་ལས་བོད་ཡིག་ཤེས་ནའང་། དྲ་རྒྱ་སོགས་ནང་དུ་རྒྱ་ཡིག་སོགས་མགོ་ལ་བཞག་མ་ཟད་ཡིག་འབྲུ་ཡང་སྦོམ་དུ་བཏང་། བོད་ཨང་རིམ་གཉིས་པ་ནང་བཞག་པ་སོགས་བྱས་དག་བྱེད་བཞིན་པ་རེད།སུ་དུ་ལ་ཁ་བརྡུང་གཏོང་གམ། མལ་ལལ་ནི་ཁ་ནི་སྐད་ཡིག་དང་སྐད་ཡིག། རིག་གཞུང་དག་རིག་གཞུང་ཟེར་ནས་དོན་དུ། བོད་པའི་སྤྱི་ཚོགས་ཟླ་ཧཅིག་བརྡ་སྤྲོད་བསླབ་མ་མྱོང་བ་དང་། དེ་ནི་ཁག་ཡོད་མ་རེད་གོར་མོ་ཡོང་བབ་མེད་དུས་ཁག་མེད་པ་རེད། ཡང་ན་རྒྱ་རོང་ནང་ལ་འགྲོ་ནས་བོད་ཡིག་སློབས་དང་། དེ་ནས་སྐྱོན་བརྗོད་ན་འདྲ་ཆག་འདུག་བསམ།
འབྲོང་བུ་སོག་ཚ་གསུངས་པ་ལྟར་བདེན་། ངས་ཀྱང་དེ་ལྟར་བསམ་བཞིན་མཆིས། དགོས་རྒྱུ་བསླབ་གསོ་གནད་ལ་སྨན་པོ་ཞིག་བྱས་ན། རྗེས་སོར་ལ་ཕན་ཀྱི་རེད། དེ་མ་ཡིན་པར་ཁ་བརྡ་ནང་ལ་འཛུལ་ནས་ཁ་བརྡུང་ཅང་བཏང་ན་ཕན་པོ་ག་ཚད་ཡོད་མེད་མི་ཤེས། སྤྱིར་ན་དེ་འདྲའི་སྐྱོན་་ཚང་མ་ལ་ཡོད་རེད། ལ་ལས་བོད་ཡིག་ཤེས་ནའང་། དྲ་རྒྱ་སོགས་ནང་དུ་རྒྱ་ཡིག་སོགས་མགོ་ལ་བཞག་མ་ཟད་ཡིག་འབྲུ་ཡང་སྦོམ་དུ་བཏང་། བོད་ཡིག་ཨང་རིམ་གཉིས་པ་ནང་ལ་བཞག་པ་སོགས་བྱས་དང་བྱེད་བཞིན་པ་རེད། ད་སུ་ཡིས་སུ་ལ་ཁ་བརྡུང་གཏོང་གམ། དེང་སང་་ཁ་ནི་སྐད་ཡིག་དང་སྐད་ཡིག། རིག་གཞུང་དང་རིག་གཞུང་ཟེར་ནས་དོན་དུ། དོམ་དུ་བོད་པའི་སྤྱི་ཚོགས་ནང་ཟླ་གཅིག་ཙམ་ལ་བརྡ་སྤྲོད་རིག་གནས་བསླབ་མྱོང་ངམ་། དེ་ནི་ཁག་ཡོད་མ་རེད་གོར་མོ་ཡོང་བབ་མེད་དུས་ཁག་མེད་པ་རེད། ཚང་མ་གཅིག་པ་རེད་འདུག སྔོན་བོད་པའི་མཛངས་མ་ལ་ཡང་ཁ་བརྡུང་ཅང་བཏང་། ཁོང་ཚོ་ལ་ཁག་ཡོད་མ་རེད་ཨིན་ཇིའི་བསླན་གྲ་འགྲོ་རེད། ལྟོ་གོས་གོར་མོ་དོན་དུ་སོང་རེད། ཁོང་ཚོ་ནི་མིཁྱིམ་པ་བ་ཡིན་དུས་སུ་ཡིས་རིན་མེད་ལ་ལྟོ་གོས་ཕུལ་མཁན་་དཀའ་མོ་ཡོན་ཙང་བོད་སྐད་སྦྱང་བ་དང་པོ་མ་བྱུང་བ་དེ་རེད། ཡང་ན་རྒྱ་རོང་ནང་ལ་འགྲོ་ནས་བོད་ཡིག་སློབས་དང་། ཡང་སྐད་ཕྲིན་ཚོགས་པ་བཟོ་ནས་བོད་ཡིག་སློབས་དང་། དུས་ཚུད་གནང་ཐུབ་ས་རེད་པས། དེ་ནས་སྐྱོན་བརྗོད་ན་འདྲ་ཆག་འདུག་བསམ།
མི་གཅིག་གི་སྐད་ཆ་ལ་དེ་འདྲས་འུར་རྒྱག་གི་མ་འདུག རྒྱལ་རོང་ནི་བོད་རྒྱ་གཉིས་ཀྱི་མཐའ་མཚམས་སུ་ཆགས་ཡོད་པ་དང་། ལྷག་པར་བོད་སྡེ་བ་གཞུང་མ་ཤོར་གོང་ནས་ས་ཆ་དེའི་གཞོན་སྐྱེས་མང་པོས་རྒྱ་སྐད་ཆུ་རྒྱུགས་རྒྱུགས་ཤེས་ཀྱི་ཡོད་པ་རེད། ཁོ་རང་ཚོ་ཐུགས་ཁག་མེད། དེང་བོད་ཀྱི་རྒྱལ་ས་རུ་བོད་པས་བོད་སྐད་ཡིག་མི་སྦྱོང་མཁན་མང་པོ་ཡོད་པ་རེད་ལ། ཕྱི་རྒྱལ་ཁག་ན་ཧ་ཅང་ཅང་།
ང་ཚོ་བོད་ཟེར་བ་འདི་ས་སྒང་འདིིའི་སྟེང་རྒྱུན་རིང་དུ་འཚོ་ཞིང་གནས་དགོས་ན་རྫ་ཚེའི་གསུང་བཞིན་བོད་རིགས་ཡོད་དོ་ཅོག་གིས། ང་ཚོར་ཡོང་བཞིན་པའི་བཟང་སྤྱོད་ཉམས་ཆག ཁོང་ཡུག་འབག་ལྷད་དང་གཏོར་བརླགས། སྐད་ཡིག་འཐུས་ཤོར་དང་གཞན་འགྱུར་གཞན་བསྒྱུར། གཞན་གྱི་ལས་སྟངས་བྱེད་སྟངས་ལ་དགའ་ཞེན་དང་རང་གི་བཟང་པོའི་གོམ་བཤིས་དང་རིག་བཞུང་ལ་མཐོང་ཆུང་ཁྱད་བསོད་ཀྱི་འདི་ཤེས། རང་མི་རིགས་ཀྱི་ངོ་བོ་ལས་ཁ་ཐགས་རིང་དུ་འགྲོ་བའི་མི་རིགས་ཤིག་མིང་ཙམ་ལས་མི་ལྷག་པའི་སྦྱོར་བ་དང་འདི་ཤེས་རྣམས་མངོན་འགོག་དང་འགྱུར་བ་གཏང་དགོས་སོ།།
དེང་སང་གི་རྩོམ་པ་པོ་འདི་ཚོ་ལ་རྩོམ་གྱི་བརྗོད་བྱ་ཟིག་རྩ་བ་ནས་རག་གི་མེད་པ་འདྲ་་་་མི་བདེ་བ་དང་མི་འགྲིག་པ་སྐྱོན་ཆ་དང་རྙོག་དྲ་ཏོག་ཙམ་སླེབས་དུས་བྱ་རོ་ཐོག་སྤུངས་བ་དང་གཉིས་སུ་མེད་དོ།།
ཚན་པ་བཞི་བའི་ནང་གི་བུ་མོ་དེའི་སྐད་ཆ་ལ་རྩ་བ་ཉིད་ནས་ཡིད་ཆེས་མེད་རྒྱ་རོང་བ་ལ་རྒྱ་རྒན་དང་རྒྱ་དགའ་ཙམ་ལབ་ལ་རྟེན་ནས་མི་ཚང་ནས་མི་ཚང་མང་པོ་ཟིག་རྒྱ་ལ་བསྒྱུར་བཞིན་འདུག་ཟེར་ན་དགོད་སྤྲོ་བ་དང་སྐྱུག་ལོག་པ་རང་རེད་ཕྱོགས་གཅིག་ནས་བཤད་ན་བུ་མོ་དེས་ང་ཚོ་ལ་མགོ་སྐོར་དང་བསླུ་བྲིད་མ་ཟད་ང་ཚོའི་གནས་སྟངས་གང་ཡང་མཁྱེན་བཞིན་མེད་པ་སོགས་འདོད་ཡོད་པ་འདྲ་། དེ་ནི་རྫུན་མ་རྫུན་རྐྱང་ཁག་འཇོག་དང་ཁ་གཡེལ་ས་རང་རེད་སྐད་ཆ་དེ་ཆགས་བཞག་ནས་སྐད་ཆ་བཤད་ན་དེ་ནི་བླུན་རྟགས་རང་རེད། རྒྱ་རོང་བ་རྒྱ་ལ་འགྱུར་བཞིན་ཡོད་པ་དང་གྱུར་ཚར་ཡོད་པ་འགའ་རེ་ཤེས་རྟོགས་ཡོད་ཡིན་ན་ཡང་གོང་གི་འདྲེ་མོ་དེའི་སྐད་དེ་འདྲ་ཞིག་ཟུར་ཙམ་ཡང་གོ་མ་མྱོང་།
རྫ་ཚེ་བཀྲ་ལས་ཀྱིས་དྲང་པོར་གསུངས་འདུག། བུ་མོ་དེས་བཤད་པའི་སྐད་ཆའི་ཟུར་ནས་ང་ཚོས་ཅི་ཞིག་རྟོགས་ཐུབ་ཡོད་ཅེ་ན། དེ་ནི་རྒྱལ་རོང་ཁུལ་གྱི་བོད་མིའི་བསམ་བློའི་འདུ་ཤེས་འཛིན་སྟངས་ཤིག་ལྷམ་མེར་བསྟན་གྱི་ཡོད་པ་རེད་སྙམ། མོ་རང་གིས་བཤད་པའི་སྐད་ཆ་དེས། ང་ཚོ་མི་ཉུང་བ་ཞིག་ལ་དམིགས་བསལ་གྱིས་སེམས་ཚོར་ཞིག་སྦྱིན་ཡོད། དེའི་དབང་གིས་གཅིག་བྱས་ན། མ་འོངས་པར་འབྲེལ་ཡོད་ཤེས་ལྡན་པ་དང་མི་རིགས་ལ་དུང་ཞེན་ཟབ་པའི་བོད་རིགས་ཚོས་རྒྱལ་རོང་ཁུལ་ལ་དམིགས་བསལ་གྱི་དོ་ཁུར་ཞིག་ཀྱང་བསླེབས་སྲིད་པ་རེད། གང་ལྟར། རྒྱ་སྡེ་དང་བར་ཐག་ཉེ་བའི་སྤྱི་ཚོགས་ཤིག་གི་ནང་། གྲངས་མང་མི་རིགས་ཀྱིས་གྲངས་ཉུང་མི་རིགས་ལ། ཕྱོགས་ཡོངས་ནས་ཤུགས་རྐྱེན་ཐཻབས་ཀྱི་ཡོད་པ་དེ་ཡང་ང་ཚོས་མཁྱེན་དགོས་པར་སེམས། དེ་མིན་ཁ་བརྡུང་ཁོ་ན་བཏང་ནས་ཅང་ཕན་ཐོག་ཁ་པོ་མ་རེད། རྒྱལ་རོང་བོད་ཡིན་མིན་ནི་དགོས་མེད་ཀྱི་རྩོད་པ་རེད།