འབྲོང་བུ་ཟླ་བ་ཚེ་རིང་གིས།
ས་མཐའི་ལང་ཚོ་འོད་ཀྱིས་མ་སྤུད་དོན་མེད་རྣམ་གཡེང་རླུང་གིས་འཁྱེར།།
རིག་པའི་གནས་ལ་བརྩོན་པ་མི་བྱེད་མཁོ་མེད་དཔེ་གསར་གནད་དུ་འཛིན།།
འབྱུང་འགྱུར་ཆེད་དུ་བསམ་གཞིགས་མི་བྱེད་སྲེད་བྱེད་མཛེས་མའི་འཛུམ་མདངས་འཚོ།།
དུས་ཀྱི་འཁོར་ལོ་ཡུན་གྱིས་འདས་དུས་ཕྱི་བལྟས་མ་མྱན་རབ་རིབ་ཅིག།།
ཞོགས་རླུང་བསིལ་པོས་སྐྱ་རེངས་བསུས་ཀྱང་དྲོན་པོའི་མལ་གནས་འདོར་མ་ནུས།།
ཚ་ཟེར་ཉི་གཞོན་དགུང་དུ་འཕགས་ཀྱང་ཞོགས་ཇ་ཚ་བོའི་རོ་མ་མྱང།།
ཞོགས་པའི་དུས་ཚོད་རྫོགས་ལ་ཉེ་ཡང་དོན་ཆུང་ཞིག་གི་འགོ་མ་བཙུགས།།
ཉིན་དཀར་ཞིག་གི་དུས་ཡུན་ཕྱེད་ཀ་རྨོངས་བའི་གཉིེད་དང་སྔུར་བས་བསུས།།
སྔ་མིན་འཕྱི་མིན་དུས་ཚོད་ཅིག་ལ་ཐུན་གཉིས་ཁ་ལག་མཉམ་དུ་ཟས།།
ཕྱེད་ཡོལ་དུས་རྩེད་མོར་རོལ་ཅིང་དྲ་རྒྱར་ཕན་མེད་ཉོག་གཏམ་གླེང།།
སྐད་ཅིག་ཅིག་ལ་རྟ་བདུན་དབང་པོ་ནུབ་རིའི་ཕག་ཏུ་བཞུད་མཐོང་བས།།
སྤྲོ་མེད་གོམ་པའི་འདེགས་འཇོག་ལྗིད་པོ་སྡོད་ཁང་ཕྱོགས་སུ་སྤོ་བར་བརྩམས།།
ཁྲ་ཆིལ་གློག་འོད་ལེགས་པར་མ་སྤྱད་སྐད་ཅིག་སྤྲོ་སྣང་བཙལ་ཕྱིར་བཀོལ།།
དགོང་ཟས་ཚ་བོ་ནུས་པར་མ་བསྟེན་གཉིད་འགུགས་ཡ་མཚན་སྨན་དུ་སྒོམ།།
སློབ་ཕྲུག་ཅིག་གི་མིང་ཙམ་འཛིན་ཡང་སློབ་སྦྱོང་སྐལ་བའི་ཕ་མཐའ་ན།།
ཉ་ཉོག་བསམ་གཞིགས་ཅི་ཡང་མེད་རྨི་ལམ་སྟུག་པོའི་ཞིང་དུ་བཞུད།།
ཕྱི་བལྟས་མྱ་ངན་རབ་རིབ་ཅིག། ཅེས་དང་ཕྱེད་ཡོལ་དུས་ལ་ཞེས་བཅོས་རོགས།
ཉི་དྲོད་བདེ་ཉམས།
ཉི་མ་མེ་གྲོགས་ཆར་པ་ཆུ་གྲོགས་ལྟར། །
ཉི་དྲོད་དྲོད་འབར་བདེ་དྲོད་གཏུམ་མོ་འབར། །
ཉི་ཟླ་ཁ་འབྱོར་མས་འཛག་ཡས་བརྟས་གྱིས། །
ཉི་ལྟར་འཚེར་བའི་འོ་ཟེར་ཤར་བར་ངེས། །