–ཆབ་མདོ་ངག་ཕུན།
(རྒྱལ་གཅེས་པ་བསྟན་འཛིན་ཆོས་དབྱིངས་ལ་མྱ་ངན་གུས་འདུད་ཞུ།)
ཕ་ས་དྲོན་མོ་བཙན་གྱིས་འཕྲོག།
ཉེས་མེད་མི་རྣམས་སྡུག་ལ་སྦྱར།།
གཟུར་གནས་སྐྱེ་བོ་ཚོགས་རྣམས་ཀྱིས།།
གངས་ཅན་པ་ཡི་སྡུག་བསྔལ་གཟིགས།།
ཡིད་འོང་བཀོད་ལེགས་གངས་ལྗོངས་ཞིང་།།
ཡར་རྒྱས་ཁ་དབྱངས་ཐལ་རྡུལ་བཟོས།།
ཞི་བདེར་དགའ་བའི་གངས་ཅན་པར།།
རང་དབང་མེད་པའི་བཙོན་རྭ་བསྒྱུར།།
གངས་ལྗོངས་ཆོས་ཀྱི་གནས་མཆོག་ལ།།
བླ་མའི་ཡང་སྲིད་སྲོལ་བཟང་དེ།།
མེད་པར་བཟོ་ཐབས་འདྲེ་ལག་བརྐྱངས།།
ཆོས་དད་རང་དབང་བཙན་གྱིས་འཕྲོག།།
སྲོག་ལས་གཅེས་པའི་སྐད་ཡིག་དེ།།
མེད་པར་བཟོ་ཐབས་གཡོ་གར་འཁྲབ།།
འོན་ཀྱང་གཞིས་ལུས་སྤུན་ཟླ་ཚོས།།
སྐུ་སྲོག་འཛེམས་མེད་དར་སྤེལ་གནང་།།
མི་ཡུལ་རང་དབང་ལུང་པ་ལ།།
རང་རེའི་ན་གཞོན་ཕོ་མོ་རྣམས།།
ང་ཚོའི་སྐད་ཡིག་སྲོག་ཤིང་འདི།།
མྱུར་སྐྱོབ་དུས་ལ་སླེབས་ནས་འདུག།།
གངས་ལྗོངས་ལང་ཚོའི་མེ་ཏོག་རྣམས།།
སྐར་མ་དམར་པོས་འཇིག་གྲབ་སྐབས།།
གཞིས་ལུས་མཁས་དབང་རྣམ་པ་ཡིས།།
འཇིག་པ་གནས་ལ་གདོང་ལེན་མཛོད།།
ཝ་ན་མཐོ་སློབ་སློབ་མ་ཞིག།།
ལྷག་བསམ་སྙིང་སྟོབས་ཞུམ་མེད་ཀྱིས།།
བདེན་པའི་དར་ཆེན་མཁའ་དབྱིངས་བསྒྲེངས།།
གངས་ཅན་པ་ལ་ཞལ་ཆེམས་བཞག།།
ཁབ་རྩེ་ཙམ་ཡང་རེག་མི་ནུས།།
སྐུ་ལུས་མེ་ལྕེ་ལྷབ་ལྷུབ་འབར།།
ལྷག་བསམ་སྙིང་སྟོབས་ཞུམ་མེད་ཀྱིས།།
བདེན་པའི་སྒྲ་དབྱངས་ཀུན་ལ་བསྒྲགས།།
སྐབས་འཚོལ་རིང་ལུགས་འགའ་ཤས་ཀྱིས།།
གཡོ་སྒྱུ་སྣ་ཚོགས་རིམ་འཁྲམ་སྟེ།།
ནག་པོ་བཟོ་བའི་ཐབས་ལ་བརྩོན།།
མཐོང་དུས་བྲང་ཁོག་ཟུག་གིས་ཁེངས།།
གངས་ཅན་བདེན་དོན་རང་དབང་ཆེད།།
སྐད་ཡིག་སྦྱང་བརྩོན་གནང་དགོས་པའི།།
ཞལ་ཆེམས་ཡིད་ལ་ངེས་བཟུང་སྟེ།།
ལེགས་པར་བརྩོན་དང་གངས་ཅན་པ།།
གངས་ལྗོངས་བསྟན་འགྲོའི་རང་དབང་ཆེད།།
སྐུ་ལུས་མཆོད་མེར་འབུལ་མཁན་ཡོངས།།
ཕྱག་ན་པད་མོའི་གདུལ་ཞིང་ལ།།
མི་ལུས་ལེན་པའི་སྨོན་ལམ་འདེབས།།
གངས་ཅན་པའི་རང་དབང་ཆེད།།
གཅེས་པའི་ལུས་སྲོག་མཆོད་མེར་སྒྲོན།།
ལྷག་བསམ་སྙིང་སྟོབས་དེ་དག་ལ།།
བདག་གིས་སྙིང་ནས་གུས་འདུད་ཞུ།།
ཁྱེད་རྣམ་ལྷག་བསམ་སྙིང་སྟོབས་ལ།།
བདག་གིས་བརྗོད་པར་ག་ལ་ནུས།།
འོན་ཀྱང་ས་བཅད་མ་སྟོང་ཙམ།།
བདག་གིས་རྗེས་དྲན་སྙིང་ནས་ཞུ།།
གངས་ལྗོངས་ཆོས་ཀྱི་ཞིང་ཁམས་ལ།།
རང་དབང་བདེ་སྐྱིད་མྱུར་ཤར་ནས།།
གྲུ་འཛིན་ཞིང་གི་ཕོ་བྲང་ལ།།
༸སྐྱབས་མགོན་གདན་འདྲེན་མྱུར་ཐུབ་ཤོག།།
ཅེས་པ་འདི་ནི་ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༡༤ཉིན་མོར་ཝ་ན་མཐོ་སློབ་ཁང་དུ་གཅེས་པའི་ལུས་སྲོག་མཆོད་མེ་སྒྲོན་མཁན་རྒྱལ་གཅེས་པ་བསྟན་འཛིན་ཆོས་དབྱིངས་ལགས་བོད་རིགས་མི་རིགས་ཀྱི་བདེན་དོན་དང་།ལྷག་པར་བོད་ཀྱི་སྐད་ཡིག་ཆེད་དུ་སྐུ་ལུས་མཆོད་མེ་སྒྲོན་པ་རྒྱུད་ལམ་ཁག་ནས་མཐོང་མ་ཐག་སེམས་ནང་དུ་སྨྲ་མི་ཤེས་པའི་ན་ཟུགས་དྲག་པོ་ཞིག་དང་འབྲེལ་ཁོང་ལ་མྱ་ངན་གུས་འདུད་མཚོན་ཆེད་དུ་བྲིས་པ་ཞིག་ཀྱང་ཡིན། ཤར་མཐའ་སྤྲང་འཁྱམ་པ་ཆབ་མདོ་ངག་ཕུན་གྱིས།
རྒྱལ་གཅེས་དཔའ་བོ་བསྟན་འཛིན་ཆོས་དབྱིངས་ཀྱི་ཁ་ཆེམ་ཡིག་གེའི་ནང་བོད་ཀྱི་སྐད་ཡིག་ལ་བདག་པོ་རྒྱག་དགོས་གསལ་བ་ལ་བོད་གཞིས་བྱེས་གཉིས་ནས་འགན་འཁུར་ནས་བོད་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་དགོས་པ་དང་ལྷག་པར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དབུས་བོད་མིའི་སྒྲིག་འཛུགས་འཛིན་སྐྱོང་བཀའ་ཤག་དང་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་རིང་མིན་གྲོས་ཚོགས་ཚུགས་སྐབས་དབུས་བོད་མིའི་སྒྲིགས་འཛུགས་ཀྱིས་ལྷན་ཁང་ཁག་དང་་ཁྱབ་ཁོངས་བོད་མིའི་གཞིས་སྒར་ཁག་གི་ལས་ཁུང་དང་བོད་མི་འདུས་སྡོད་ཚང་མར་་ད་ནས་ཟུང་བོད་ཡིག་ལས་ཕྱིའི་རྒྱལ་ཁབ་ཀྱི་སྐད་ཡིག་ནམ་ཡང་སྤྱི་སྒེར་སུ་ཐད་ནས་བེད་སྤྱོད་མི་ཆོག་པའི་ཁྲིམས་སྒྲིག་གཏན་འབེབས་གནང་དགོས་པ་དེ་དམ་པ་ཁོང་གི་མཆོད་སེམས་ཀྱི་འགན་འཁུར་ལ་ང་ཚོའི་གདུང་སེམས་མཉམ་སྐྱེད་ངོ་མ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད་ལ་བཙན་བྱོལ་སྤྱི་ཚོགས་ནང་དབྱིན་སྐད་ཆག་སྐྱོག་བེད་སྤྱོད་གཏོང་རྒྱུ་མཚམས་བཞག་ནས་ཕ་མེས་ཀྱི་སྐད་ཡིག་བེད་གཏོང་དགོས་པའི་འབོད་བསྐུལ་ཞུ་གི་།
དཔའ་བོ་བསྟན་འཛིན་ཆོས་དབྱིངས་རྒྱལ་ལོ་།
བོད་རྒྱལ་ལོ་།
༄༅། ཆབ་མདོ་ངག་ཕུན་ནས་ཚེ་འདས་བསྟན་ཆོས་ལ་གདུང་སེསམས་མཉམ་སྐྱེད་ཀྱི་གུས་འདུད་
ཚིགས་བཅད་དེ་གང་ལེགས་སུ་བྲིས་འདུག་པ་བཀྲིས་བདེ་ལེགས་ཡོད། རང་མི་རིགས་ཀྱི་བླ་སྲོག་
བོད་ཀྱི་སྐད་ཡིག་རྩ་ཆེན་ལ་སྦྱང་བརྕོན་ནམ་ཡང་ལྷོད་མེད་གནང་དགོས་།
ལྷག་བསམ་གཏོང་ཕོད་མཆོད་སེམས་འགན་འཁུར་འོག་།
ལྷག་བསམ་གཏན་པོའི་རང་རྒྱལ་རང་རིག་ཆེད་།
ལྷག་བསམ་འགྱུར་མེད་རང་ལུས་མཆོད་མེར་ཕུལ་།
ལྷག་བསམ་དཀར་པོའི་བོད་མིང་འཛམ་གླིང་གྲགས་།
གདུང་སེམས་མཆོད་འབུལ་བོད་མིའི་ལས་འགན་དང་།
གདུང་སེམས་བརྟན་པོ་དཔའ་བོའི་ཞལ་ཆེམ་ལ་།
གདུང་སེམས་ལས་འགུལ་རང་གི་སྐད་ཡིག་སྲུང་
གདུང་སེམས་མཉམ་སྐྱེད་རང་གི་སྐད་ཡིག་སྤྱོད་།
༄༅། དཔའ་བོ་དཔའ་བོ་མ་བརྗོད་བོད་གྲོགས་ཚོ།།
ལྷག་བསམ་ལྷག་བསམ་མ་བརྗོད་བོད་གྲོགས་ཚོ།།
དངོས་སུ་ཕན་ངེས་ཡོད་མེད་བལྟ་དགོས་ལས།།
དོན་མེད་ཡར་བཀྱགས་བསྟོད་པ་ཅི་ལ་ཕན།།