འབའ་སྲས།
ནུབ་ནས་རྒྱ་ཁོག་འགྲེམས་པའི་འཐེང་འགྲོ་ཞིག །
རྒྱ་ནས་བོད་ལ་འཁྱམས་པའི་གྱོལ་བོ་ཞིག །
བོད་ཀྱིས་རང་གི་གཅེས་ཕྲུག་རློམ་པ་ནི།།
བོད་ཀྱི་སྙན་ངག་པ་ཡི་མཚན་མོ་ཡིན།།
རྒྱ་གར་དྭ་ཕྲུག་ཅིག་གིས་བརྩམས་པ་ཡིས།།
མེ་ལོང་མ་ཞེས་ལེའུ་གསུམ་པ་ཅན།།
དེ་ལས་བརྒལ་བའི་འབྲི་ཤེེས་མེད་པ་ཡང་།།
བོད་ཀྱི་སྙན་ངག་པ་ཡི་མཚན་མོ་ཡིན།།
ངག་ཐོག་ཡིག་ཐོག་སྙན་ངག་བརྒྱ་གླེང་ཡང་།།
རང་མོས་སྲོལ་རྒྱུན་འཐེན་འཁྱེར་སྟོང་བྱས་ཀྱང་།།
བོད་ཀྱིས་བརྩམས་པའི་སྙན་གཞུང་མེད་པ་འདི།།
བོད་ཀྱི་སྙན་ངག་པ་ཡི་མཚན་མོ་ཡིན།།
སློབ་དཔོན་དཎྲིའི་ལོ་རྒྱུས་མི་ཤེས་ཤིང་།།
ནག་མོ་ཁོལ་གྱི་དངོས་མིང་མི་རྙེད་པ།།
རང་མོས་ཐོག་མའི་སྙན་ངག་གསལ་བོར་མེད།།
བོད་ཀྱི་སྙན་ངག་པ་ཡི་མཚན་མོ་ཡིན།།
མི་ལ་རས་པ་སངས་རྒྱས་ཡིན་མིན་བརྩད།།
མགུར་གླུ་གྱེར་བ་སྙན་ངག་ཡིན་མིན་བརྩད།།
རྩོད་ཀྱིན་རྩོད་ཀྱིན་ད་དུང་རྩོད་པ་འདི།།
བོད་ཀྱི་སྙན་ངག་པ་ཡི་མཚན་མོ་ཡིན།།
རྗེ་ཙོང་ཁ་བར་སྤྲུལ་སྐུ་བྱོན་མིན་བརྩད།།
རྟེན་འབྲེལ་བསྟོད་པ་སྙན་ངག་ཡིན་མིན་བརྩད།།
ས་དགེ་གཉིས་ཀྱིས་གནའ་ནས་བརྩད་པ་འདི།།
བོད་ཀྱི་སྙན་ངག་པ་ཡི་མཚན་མོ་ཡིན།།
ས་སྐྱ་པཎ་ཆེན་མཁྱེན་ཀློང་བརྡོལ་མིན་བརྩད།།
ས་སྐྱ་ལེགས་བཤད་སྙན་ངག་ཡིན་མིན་བརྩད།།
སློབ་དགོན་གཉིས་ནས་ཡུན་རིང་བརྩད་པ་འདི།།
བོད་ཀྱི་སྙན་ངག་པ་ཡི་མཚན་མོ་ཡིན།།
རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་སྟེ།།
ཤར་ཕྱོགས་རི་བོའི་རྩེ་ནས་ཟླ་བ་ཤར།།
ཚིགས་བཅད་གཅིག་ལ་འགྲེལ་བཤད་སྟོང་བྲིས་པ།།
བོད་ཀྱི་སྙན་ངག་པ་ཡི་མཚན་མོ་ཡིན།།
བོད་ཀྱི་སྙན་ངག་པ་ལ་ཡིག་སྒྱུར་དགོས།།
དབྱངས་གསལ་སོ་བཞིས་སྙན་ངག་འབྲི་མི་ཤེས།།
དཔེར་ན་ཨ་ཁུ་ཡིད་དམ་ལྟ་བུ་མང་།།
བོད་ཀྱི་སྙན་ངག་པ་ཡི་མཚན་མོ་ཡིན།།
ཞི་བདེ་ཉི་མས་དང་བོར་སྙན་ངག་བྲིས།།
ཨ་ཁུ་སྨན་བླས་དང་ཐོག་སྙན་ངག་བརྩམས།།
སྙན་ངག་པ་ལ་ཨོང་ཤ་མེད་པ་འདི།།
བོད་ཀྱི་སྙན་ངག་པ་ཡི་མཚན་མོ་ཡིན།།
འཇུ་སྐལ་བཟང་གིས་ཐོག་མ་སྲོལ་རྒྱུན་བྲིས།།
བར་མ་བར་ནས་རང་མོས་སྟེང་ལ་མཆོངས།།
སྙན་ངག་པ་ལ་རང་ཚུགས་མེད་པ་འདི།།
བོད་ཀྱི་སྙན་ངག་པ་ཡི་མཚན་མོ་ཡིན།།
ཧོར་གཙང་འཇིགས་མེད་སྙན་ངག་གྲགས་ཆེན་ཡིན།།
ཁོང་གི་སྙན་ངག་སྒྱུ་འཕྲུལ་ལྷ་མོ་ཡིན།།
བར་མ་བར་ནས་སྲིད་ཀྱི་དོང་ལ་ལྟུང་།།
བོད་ཀྱི་སྙན་ངག་པ་ཡི་མཚན་མོ་ཡིན།།
དགེ་འདུན་ཆོས་འཕེལ་ལྷ་སའི་ཡུལ་ནས་བཀྲོངས།།
རིག་པ་རང་གྲོལ་མཚོ་ལྷོའི་ཡུལ་ནས་འདས།།
ཁ་བ་སྙིང་ལྕགས་མཚོ་མོའི་རླབས་ཀྱིས་བསད།།
བོད་ཀྱི་སྙན་ངག་པ་ཡི་མཚན་མོ་ཡིན།།
མདོར་ན་གཞིས་བྱེས་གཉིས་ཀྱི་སྙན་ངག་པ།།
ལ་ལ་རྒྱུ་དང་ལ་ལ་དབང་གིས་ཤི།།
ལ་ལ་རྐྱེན་དང་ནད་ཀྱིས་མ་འཚོས་འདི།།
བོད་ཀྱི་སྙན་ངག་པ་ཡི་མཚན་མོ་ཡིན།།
བོད་ཀྱི་སྙན་ངག་པ་ཡི་མཚན་མོ་འདིར།།
དགའ་དང་སྤྲོ་བ་བདག་ལ་ཡོད་མ་ཡིན།།
རང་གི་བྲང་ཁར་ཁུ་ཚུར་རྡུང་བཞིན་དུ།།
མིག་ཆུ་འདི་ཡིས་སྙན་ངག་མཚན་མོ་བསུ།།
༢༠༡༧/༠༧/༢༦ ས་རུབ་ཁར།
ཐོག་མར་དབྱུག་པ་ཅན་ལ་མཆོད་པར་བརྗོད།།
བར་དུ་ཚངས་དབྱངས་པ་ལ་ཨེན་ཙམ་བསྟོད།།
མཐའ་མར་གང་ལའང་མི་གཏོགས་གང་དྲན་དྲན།།
བོད་ཀྱི་སྙན་ངག་པ་ཡི་མཚན་མོ་ཡིན།།
དང་པོར་ལྷ་ཚོགས་བསྟོད་པའི་མགྲིན་པ་བྱས།།
དེ་ནས་དགག་སྒྲུབ་རིག་པའི་རལ་གྲི་བྱས།།
ད་ནི་འཆར་ཡན་འཆལ་མོའི་སྟུ་བྱས་པ།།
བོད་ཀྱི་སྙན་ངག་པ་ཡི་མཚན་མོ།།
༄༅། འབའ་སྲས་མཆོག་གི་སྙན་རྩོམ་སྙན་ཞིང་སྙན།།
དགེ་འདུན་ཆོས་འཕེལ་ཚངས་དབྱངས་རྒྱ་མཚོ་དང།།
རྩོང་ཁ་ས་པཎ་སྒྲུབ་ཆེན་མི་ལ་བཅས།།
ཡང་སྲིད་མ་བྱོན་རྒྱུ་རྐྱེན་ཅི་ཡིན་པ་།།
ལོ་རྒྱུས་སྙིང་བསྡུས་རེ་ཞིག་འབྲི་གནང་མཛོད།།
ཁྱེད་ནི་རིག་པའི་གནས་ལ་མཁས་ཤིང་མཁས།།
ང་ནི་གླན་ཞིང་རིག་པའི་གནས་ལ་རྨོངས།།
བསམ་གཏན་འབའ་སྲས་ལུག་ཆུང་འབའ་སྒྲ་ཡིན།།
མི་ཕོ་སེང་རྡོར་སེང་གེའི་ང་རོ་ཡིན།།྄
ཞང་པོ་ལྗང་བུ་སྒྱུ་མའི་གླིང་བུ་ཡིན།།
གངས་རིའི་སྙན་ངག་ད་དུང་འཇགས་མེད་ཡིན།།