ཨེ་མ་ཧོ།
ན་མོ་མ་ཧྰ་གུ་རུ་སྃ་བྷོ་ཊ་ཡེ།།
དབྱངས་གསལ་སྙན་ངག་ང་རོ་གཟུགས་སུ་བསྐྲུན།།
གངས་ལྗོངས་མུན་པའི་སྨག་ལ་སྒྲོན་མེ་སྦར།།
སྙན་ངག་མཚན་མོའི་མགོན་པོ་གང་དེ་ལ།།
སྒོ་གསུམ་མི་ཕྱེད་བཀའ་དྲིན་དྲན་ནས་གུས།།
རང་མོས་སྙན་ངག་གང་ཤར་ཐོལ་ཅོ་མོད།།
སྲོལ་རྒྱུན་སྙན་ངག་བཀའ་གཏེར་གླེགས་བརྩེགས།།
ཐོན་མིས་སྙན་ངག་བརྗོད་པས་རྒྱལ་དམངས་དགྱེས།།
དཎྲིའིས་ན་ཆུང་བསྟོད་ནས་ཆགས་སྲེད་འཕེལ།།
བེེ་རོས་ཞེ་བློ་བདེ་བའི་དོ་ཧ་བླངས།།
ཀུན་མཁྱེན་བརྒྱུད་པས་དགོངས་གཏེར་སྙན་ངག་རྡོལ།།
མི་ལས་འཁོར་བ་སྐྱོ་བའི་སྡུག་གླུ་ཤོར།།
ཙོང་ཁ་བླ་མས་དབྱངས་ཅན་དྲན་གླུ་བྲིས།
ཚངས་དབྱངས་རྒྱ་མཚོས་བརྩེ་དུང་མགུར་མས་བརླགས།།
དགེ་ཆོས་སྙན་ངག་འོག་ནས་བཙོན་དུ་བཟུང་།།
ཧོར་གཙང་སྙན་ངན་ཕྱོགས་རིས་དུག་གིས་བཟིས།།
སྙན་ངག་མཚན་མོ་དྲན་པའི་དུས་རེ་སྐྱོ།།
བསྟན་འཛིན་རྒྱ་མཚོའི་སྙན་ངག་ཉི་མ་ཤར།།
སྣ་ཚོགས་གཟུགས་ཅན་སྙན་ངག་ཟླ་བ་ཚེས།།
སེང་རྡོར་ལ་སོགས་སྙན་ངག་སྐར་ཚོགས་བཀྲ།།
སྙན་ངག་འོད་སྣང་གསལ་བ་ཨེ་མ་ཧོ།།
ཉིན་མཚན་མེད་པའི་སྙན་ངག་གླུ་ལེན་འཁན།།
དཔལ་དགྱེས་རྡོ་རྗེ་ཞེས་པའི་སྨྱོན་པ་དེས།།
ཐོལ་བྱུང་དྲན་པའི་མེ་ལོང་རབ་གསལ་འདི།།
གཟུར་གནས་སྙན་ངག་པ་ལ་སྐྱེས་སུ་ཕུལ།།
སྤྱི་ལོ་༢༠༡༧ ཟླ་བ ༧ ཚེས་པ་༢༦ ཉིན། དབྱིན་ཡུལ་ནས་ཚིག་ཇ་ཕོར་གང་ཚེ་བྷན་གྷོར་གཙུག་ལག་སློབ་ཁང་ནས་དབྱངས་གསལ་སྙན་ངག་ལ་ཤིན་ཏུ་དུང་བའི་ཤྲྰིཿཨེ་མ་ཧོས་བྲིས་པར་དགེའོ།། །།