ཨོ་རྒྱན་འབངས།
—སྙན་ངག་གི་མཚན་མོའི་རབ་བྱེད་དང་པོ།
གཏིང་མཐའ་བྲལ་བའི་ནམ་མཁའ་སྔོན་པོ་འདི་ཡི་ཕ་རོལ་ཞིག་ཏུ།
ཆེས་མཛེས་པའི་དབྱངས་ཅན་མ་བཞུགས་ཡོད་པར་གླེང་།
ལྷ་མོ་དེར་ཟླ་མཚན་དང་གཡའ་ཆུ་ཡོད་མེད་ལ་སུས་ཀྱང་དྲི་བ་འདྲི་མ་མྱོང་ཞིང་།
ལྷ་མོ་དེར་དགའ་རོགས་ཡོད་མེད་ཀྱི་རྩོད་གཞི་ཡང་སྙན་ངག་པ་ཚོའི་སྨྱུག་རྩེར་ནམ་ཡང་མ་འཁོར།
བྱ་རྒོད་ཚོས་སྤྲིན་དཀར་གྱི་བང་རིམ་བརྟོལ་ནས་འཕུར་ཐེངས་རེ་རེར།
ཆར་བའི་ཀློང་ན་འབྲུག་སྒྲ་དང་གློག་དམར་གྱི་སྙན་ངག་དྲག་ཏུ་འཕྱོ།
དེ་ནི་སྙན་ངག་གི་ལྷ་མོ་ཚོའི་མཆི་མ་ཡིན་སྲིད།
དེ་ནི་སྙན་ངག་གི་ལྷ་མོ་ཚོའི་སྐྲ་ལོ་ཡིན་སྲིད།
རྒྱང་རིང་གི་རི་ཚོགས་བཏུམས་པའི་སྨུག་སྤྲིན་གྱི་མཛེས་པར་རོལ་བཞིན།
ངས་ཐོག་བརྩེགས་གསུམ་པའི་སྒེའུ་ཁུང་ནས་གློག་ཀླད་གྲུ་བཞིའི་ཁ་ཕྱེས་ཤིང་།
ཁྱིམ་མཛེས་བུ་མོ་ཚོའི་སྒེག་ཉམས་དང་བྱིས་པ་ཚོའི་སྐད་ཅོར་ལ་འཐིམ་བཞིན།
ལོ་མང་སྔོན་གནས་འདི་ནས་སྙན་ངག་བྲིས་ཤིང་བརྩམས་སྒྲུང་སྤེལ་བ་དྲན་བྱུང་།
ལོ་མང་སྔོན་འདི་ནས་མཆོད་མེ་སྦར་ཞིང་ཕྱག་སྐོར་བྱས་པ་ཡང་དྲན་བྱུང་།
དེ་དུས་ཀྱི་བྱིས་པ་ཚོ་དེང་སང་ནར་སོན་ནས་འཁྲིག་སྤྱོད་ལ་རོལ་བཞིན་ཡོད་ཅིང་།
དེ་དུས་ཀྱི་དར་མ་ཚོ་རྒས་དྲགས་ནས་ལ་ཁའི་ཉི་འོད་ཀྱི་ཀློང་དུ་འདྲེས་འདུག
དགོན་པ་ཚོའི་གཟི་བྱིན་ས་ཡོམ་གྱི་གོད་ཆགས་དེས་བསྣུབས་ཟིན་འདུག་ལ།
ལྷ་ཆས་མཆོད་རྫས་ཀྱི་རིན་གོང་ལྡབས་བཅུ་འགྱུར་སྤར་འདུག
ད་ནི་སྙན་ངག་འབྲི་བ་ལས་གཞན་པའི་ཉི་མ་སྐྱེལ་ཐབས་ཤིག་མི་འདུག་ཅིང་།
ད་ནི་དབུགས་རིང་འཐེན་པ་ལས་ལྷག་པའི་ཉམས་ལེན་རྣལ་མ་ཞིག་གཞར་ཡང་མི་རྙེད།
སྔོན་མར་རྒྱ་མི་རྒྱ་ཟས་དཀོན་ས་འདིར།
དེང་སང་རྒྱ་མིའི་ཁ་དར་ཞིང་རྒྱ་ཟས་ཀྱི་དྲི་ཞིམ་གང་སར་འཐུལ་ཞིང་།
རྒྱ་མོ་ཚོའི་བརླ་བར་ནས་ཁྱེད་ལ་འདོད་ཆགས་ཀྱི་མཚོ་ཀློང་ཞིག་བསྐྱིལ་ཡོད།
རྒྱ་སྒོར་གྱི་གླེགས་བམ་གྱིས་ཁྱེད་ལ་དངངས་འཚབ་ཀྱི་མོ་ལུང་ཞིག་ཀྱང་གནང་ཟིན།
སྐོར་ལམ་ནས་ཕུག་རོན་ནད་པ་ཞིག་མཐོང་ཡང་།
སྔོན་ཆད་བཞིན་སྙིང་རྗེའི་མིག་ཆུ་ཞིག་གཏོང་མ་ཐུབ་ཀྱང་།
གཟུངས་སྔགས་འགའ་བཏོན་པ་ནི་སེམས་གསོ་ཁོ་ན་ཞིག་གི་མཚོན་རྟགས་ལགས།
ཕྱོགས་སོ་སོ་ནས་བསླེབས་པའི་མགྲོན་པོ་དག
ཉིན་མོར་འཁྱམ་ཞིང་མཚན་མོར་རྒྱོ།
འཁོར་ལོའི་འཁོར་ལོ་དྲག་ཏུ་བསྐོར།
ཁྱེད་ཀྱིས་གཟན་ཤམ་མནབས་ཡོད་ཆོག
ཁྱེད་ཀྱིས་འཇུར་རྟ་རྟིང་མཐོ་གྱོན་ཡོད་ཆོག
ཁྱེད་འཆི་སྲིད་ལ་ཁྱེད་ན་སྲིད།
ཁྱེད་གཡང་དུ་ལྷུང་སྲིད་ལ་ཁྱེད་རླངས་འཁོར་གདོང་གཏུག་གིས་ཀྱང་འཆི་སྲིད།
འཆི་བ་ནི་སངས་རྒྱས་ཀྱིས་བསྟན་པའི་ལམ་ཆེན་འོད་དུ་འཚེར་བ་ཞིག་ཡིན།
སངས་རྒྱས་ཀྱང་ལམ་ཁ་འདི་རང་ལས་ཕེབས་ཟིན།
ང་ཚོ་ཡང་ལམ་ཁ་འདི་རང་ལས་འགྲོ་དགོས།
འབྲུག་པ་ཀུན་ལེགས་དང་མི་ལ་རས་པ་བཞིན།
གློ་བུར་དུ་ཕུག་རོན་ཁྱུ་དེ་ཞོགས་ཟིན།
ཡིན་ཡང་ངས་མེ་མདའི་སྐད་ཅི་ཡང་མ་གོ
གཅིག་བྱས་ན་གློག་དམར་ཐེངས་ཤིག་འཁྱུགས་པ་ཡིན་སྲིད།
སྙན་ངག་གི་མཚན་མོ་ཟེར་བའི་ལས་འགུལ་ཞིག་ལངས་སོང་།
དེ་ནི་གྲྭ་རྒོད་ཅིག་ལ་འདོད་ཆགས་ལངས་པ་དང་མཚུངས།
དེས་ཁོ་སྡོད་མི་ཚུགས་པར་གཏོང་།
དེ་ནི་བུ་མོ་ཞིག་གི་ཟླ་མཚན་བསླེབས་པ་དང་ཡང་འདྲ།
དེས་མོ་ཚ་གི་ཚི་གེར་གཏོང་།
དེ་དང་དེ་ལ་སོགས་པའི་ཁ་གཡར་ས་མང་པོ་ཞིག་གི་དབང་གིས།
ངས་འདི་ནས་སྙན་ངག་ཆལ་ཆོལ་འགའ་འབྲི་ཁུལ་བྱས་པ་ཡིན།
ད་སོ་མ་བབས་པའི་ཆར་བ་འདི་སྙན་ངག་ཡིན་པར་སྨོན།
ད་སོ་མར་ཤར་བའི་ཉི་འོད་དེ་སྙན་ངག་ཡིན་པར་སྨོན།
ད་སོ་མར་འཐུལ་བའི་དྲི་ཞིམ་དེ་སྙན་ངག་ཡིན་པར་སྨོན།
—-ཧི་མ་ལ་ཡ་མཐོང་ས་ཞིག་ནས་བྲིས།
༄༅། གོང་གི་རྩོམ་དེ་ནི་། མི་རིགས་རྒྱལ་ཁབ་དང། སྐད་ཡིག་སྤྱི་དམངས་གང་ལའང་འབྲེལ་མེད་ྲ གང་ཡང་མི་འདུག། ཆགས་སྤྱོད་ཆལ་ཆོལ་གྱི་རྕོམ་འདི་འདྲ་ཡོད་པ་ལས་མེད་ན་དྲག་