ལོ་ཡག
ཕྱི་ལུགས་༡༩༩༨ ལོ་ནས་མགོ་བརྩམས་ཏེ་ ༢༠༡༧ བར་བགྲང་བྱ་བཅུ་ཕྲག་གཉིས་ཙམ་གྱི་རིང་། བོད་མི་བརྒྱ་ཕྲག་ཕྱེད་དང་གཉིས་ཀྱིས་བོད་དོན་ཆེད་རང་ལུས་སྲེག་ཟར་ཕུལ་ཏེ་གཅེས་པའི་ཚེ་སྲོག་བསྐྱལ་སོང་། ཆུང་བ་ལོ་ ༡༥ ནས་ ཆེ་བ་ ༦༢ བར་གྱི་རྒན་དར་གཞོན་གསུམ་དང་སྐྱ་སེར་ཕོ་མོ་དེ་འདྲ་མང་པོ་ཞིག་རྩ་དོན་ཆེན་པོ་ཞིག་ཐུགས་ལ་བརྣག་ཏེ་ང་ཚོ་དང་གཏན་དུ་གྱེས་སོང་། ཡིན་ན་ཡང་། མིའི་ལུས་སྲོག་གི་རིན་ཐང་ལ་དཔགས་པའི་དོན་གོ་ཆོད་སོང་ངམ། དྲི་བར་ལྷག་ཡོད།
དེ་བས་སྙིང་སྟོབས་དང་ལྷག་བསམ་མེ་ལྟར་འབར་བའི་སྤུན་ཟླ་ཁོང་ཚོ་སྤྱི་ཚོགས་སྟེང་འཚོ་ཞིང་བཞེས་ཡོད་ཚེ། རང་རེའི་ཆིག་བསྒྲིལ་དང་སེམས་ཤུགས། ནུས་པ་བཅས་ཀྱི་ཐད་ནས་འབྲེལ་ཐོགས་ལྟོས་ཀུན་ལ་ཇི་འདྲ་འདྲས་བཟང་ཕྱོགས་ཀྱི་ཤུགས་རྐྱེན་སྣ་ཚོགས་ཤིག་ཐེབས་ཤིང་ཐེབས་ལ་ཐེབས་པར་འགྱུར་ངེས་མ་རེད་དམ།
རྒྱ་དམར་གྱི་སྲིད་ཇུས་ནག་པོའི་གྲིབ་འོག་ནས་བོད་རིགས་རྣམས་ནི་གཞན་འགྱུར་དང་རིགས་ཆད་ཀྱི་གནས་བབ་འོག གྲངས་མང་ནས་གྲངས་ཉུངས་དང་། གྲངས་ཉུང་ནས་རྩ་སྟོང་དུ་འགྲོ་ཉེན་ཆེ་བས། བོད་མི་གཅིག་ཡིན་ཡང་འཚོ་ཞིང་བཞེས་རྒྱུ་ཤིན་ཏུ་གལ་ཆེའོ། །
༸གོང་ས་མཆོག་གི་ཞལ་སྔ་ནས། རང་བསྲེགས་བཏང་བས་བོད་དོན་ལ་ཕན་དང་མི་ཕན་ཐེ་ཚོམ་རེད། ལྷག་པར་ཁོང་ཁྲོ་དང་ཞེ་སྡང་གི་གཞན་དབང་དུ་སོང་ནས་མེར་བསྲེགས་ན་ནོར་འཁྲུལ་རེད། ཅེས་གསུངས་ཤིང་། འདས་སོང་ཉམས་མྱོང་ལས་དཔགས་ནའང་། བོད་མི་རྒྱལ་གཅེས་པ་དེ་འདྲ་མང་པོ་ཞིག་གིས་ཚེ་སྲོག་སོངས་སུ་ཟིན་ཀྱང་། རྒྱལ་སྤྱིའི་གཞུང་སྒེར་ཚོགས་པ་རྣམས་དཀྱིལ་ཤར་ཨེ་ཤི་ཡའི་དམག་འཁྲུག་གིས་མཚོན་པའི་དམག་འཁྲུག་སྣ་ཚོགས་ཀྱི་རྦ་ལ་གཡེང་ནས། ང་ཚོའི་དོན་ལྔ་སྣོད་དྲུག་གསོན་གསོན་དུ་འཚིག་བཞིན་པའི་སྐྱོ་གར་ལ་དེ་ཙམ་གྱིས་སྣང་བ་འཇོག་གི་མེད་པས། དངོས་གནས་རང་སྲེག་འདིས་བོད་དོན་ལ་ཕན་དང་མི་ཕན་ཐེ་ཚོམ་རེད། དེས་ན་ཕྱིན་ཆད་རང་བསྲེགས་གཏང་རྒྱུ་འདི་མཚམས་འཇོག་གིས། ལོ་ཆུང་ཚོས་ཤེས་རིག་སྣ་ཚོགས་སློབ་སྦྱོང་དང་། ལོ་ཡོལ་ཚོས་སྤྱི་ཚོགས་ཞབས་ཞུའི་ལས་དོན་སྣ་ཚོགས་ཁུར་བཞེས་ཀྱིས། མི་རིགས་རིག་གཞུང་རྒྱུན་སྐྱོང་དང་འཕེལ་རྒྱས་ཀྱི་ཆེད་དུ་ལེགས་སྐྱེས་ཆེ་འབྲིང་ཆུང་གསུམ་ཅི་རིགས་རེ་འབུལ་ཐུབ་ན་ཅི་མ་རུང་ངམ། །
ཇི་སྟེ་བོད་རིགས་སུ་ཞིག་གིས་རང་སྲེག་གི་ལས་འགུལ་འདིས་བོད་དོན་བདེན་མཐའ་སེལ་བ་ལ་ཕན་ངེས་སུ་མཐོང་བའི་ལྟ་བ་དང་ལངས་ཕྱོགས། ལ་རྒྱ་དང་སྙིང་སྟོབས་བཅས་ཐུན་མོངས་མ་ཡིན་པའི་གནས་བབ་འོག ལམ་ཁ་འདི་རང་ལ་ཞུགས་རྒྱུར་གཏན་ཁེལ་ཚེ། མི་ལུས་རིན་པོ་ཆེས་དོན་བྱ་རིན་ཐང་ཅན་ཞིག་ཁུགས་ཕྱིར། སྔ་སོ་ནས་ཐུགས་བསམ་དོན་ལ་འཁྱོལ་བ་ཞིག་བཞེས་དགོས་སྙམ།
དེ་ཡང་རང་སྲེག་གཏོང་ན་དུས་ནམ་དང་། གནས་གང་དུ། འབོད་སྒྲ་ཅི་ཞིག་སྒྲོག་མིན་སོགས་ཀྱི་ཐད་ལ་ཐུགས་གཞིགས་མ་ནོར་བ་བཞེས་དགོས།
དུས་ཚོད་ཆ་མེད་ཅིག་ལ། ས་གནས་ཁུག་ཀྱོག་ཅིག་ནས། ཞལ་ནས་ཅི་གསུངས་ཀྱང་ཆ་མེད་པར་དལ་བརྒྱད་འབྱོར་བཅུའི་ལུས་རྟེན་འདི་མེ་ལྕེའི་ཁྲོད་ནས་སོལ་བར་བསྒྱུར་ན་དེ་བས་ཕངས་པ་ཞིག་སྲིད་ན་སྲིད་དམ། རང་ཉིད་ཀྱི་དམིགས་ཡུལ་མ་འགྲུབ་པའི་ཁར། ཆབ་སྲིད་གཡོ་ཇུས་ལ་བྱང་ཆུབ་པའི་རྒྱ་དམར་གཞུང་འཛིན་པས་སྒྲོ་སྐུར་སྣ་ཚོགས་ཀྱིས་མཐོང་ཡུལ་ན་མེད་པའི་རང་ཉིད་ཀྱི་གཟུགས་བརྙན་དེ་ནག་པོ་ནག་རྐྱང་དུ་བཟོ་སྲིད།
བལ་ཡུལ་གྱི་མཆོད་རྟེན་བྱ་རུང་ཁ་ཤོར་དུ། སྔ་ཕྱིར་ དགེ་འདུན་པ་གསུམ་གྱིས་འཆར་ཅན་ལས་དམིགས་བསལ་གང་ཡང་མིན་པའི་ཉིན་མ་རེ་ལ་སྐུ་ལུས་སྲེག་ཟར་བསྒྲོན་པ་ན། མི་མང་གི་དོགས་གཞི་དང་པོ་ནི། ཅིའི་ཕྱིར་མེར་བསྲེགས་བཏང་བ་དེ་རེད། རྒྱ་གཞུང་ལ་ངོ་རྒོལ་ཕྱིར་དུའོ་ཟེར་ན། ཅིའི་ཕྱིར་མཆོད་རྟེན་སྐོར་ལམ་ནས་བཏང་བ་རེད་ཟེར། དེ་གར་རྒྱ་ནག་གི་ལས་ཁུངས་གཅིག་ཀྱང་མེད་ལ། རྒྱལ་ཚོགས་ཀྱི་ལས་ཁུངས་ཀྱང་མེད། སྐབས་དེར་རྟ་མང་བ་ཚོ་ཁོང་ཁྲོ་ལངས་ཏེ། ཁོང་ཚོའི་བདག་གནས་སུ་སྐྱུགས་བྲོ་བའི་བྱེད་སྒོ་འདི་འདྲ་སྤེལ་མི་ཆོག ཅེས་སོགས་ཀྱི་འཕྲེད་ཡིག་བསྒར་བ་བཅས་མི་འདོད་པའི་བསྒྲགས་གཏམ་སྣ་ཚོགས་སྤེལ་སོང་།
ཝཱ་ར་ན་སིའམ་ཀ་ལི་ཀ་ཏར་ཕོ་གཞོན་ཞིག་ཆུ་མོ་གངྒཱར་མཆོངས་པ་དང་།
ཉིན་གཉིས་ཀྱི་སྔོན་བཞུགས་སྒར་སྐོར་ལམ་དུ་བོད་མིའམ་སུ་ཡིན་མི་ཤེས་པ་ཞིག་གིས་རང་བསྲེགས་བཏང་འདུག་སོགས་དང་། བོད་དུའང་རྒྱལ་གཅེས་དཔའ་པོ་དཔའ་མོ་ལ་ལ་ཞིག་གིས། ཞལ་ཆེམས་སོགས་ཅི་ཡང་འཇོག་མ་ཐུབ་པར་ཚེ་སྲོག་དོར་བས། རྒྱ་ནག་དམར་པོས་གོ་སྐབས་བཟུང་སྟེ། དེ་དག་ནི་སེམས་པ་ཐང་ཐང་མེད་མཁན་དང་། ཉེས་ཅན་པ། ཆང་རག་མྱོས་པ། བཟའ་མི་ནང་འཁྲུགས་ལས་བྱུང་པ་སོགས། ཁག་འདོགས་སྣ་ཚོགས་ཀྱིས་འཛམ་གླིང་མི་མང་མགོ་སྐོར་ལ་བཏང་དང་གཏོང་བཞིན་ཡོད། དེ་ལ་ཡིད་ཆེས་བྱེད་མཁན་ག་ཚོད་ཅིག་འབྱུང་རྒྱུ་མ་རེད་དམ། གང་ལ་ཟེར་ན། རང་སྲེག་མཁན་ལ་ལ་ཤིག་ལ་ང་རང་ཚོ་ཡང་དོགས་པ་ཟ་ན་གཞན་ཚོ་སྨྲས་ཅི་དགོས་ཏེ། དོགས་པ་འདི་ཚོ་ལྷག་ཡོད། བོད་དོན་ཆེད་ཡིན་ན། ཁོང་ཚོས་ཅིའི་ཕྱིར་དུས་ངེས་པ་ཅན་གསུམ་བཅུ་དུས་དྲན་ལྟ་བུ་བདམས་མ་ཐུབ་པ་རེད་དམ། གནས་ངེས་པ་ཅན་རྒྱ་ནག་གི་གཞུང་ཚབ་བམ་ཡང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྒོ་འགྲམ་མམ་ཉེ་སར་ཅིའི་ཕྱིར་བསྐྱོད་མ་ཐུབ་པ་རེད་དམ། དོན་ངེས་པ་ཅན་བོད་རང་སྐྱོང་ངམ་རང་བཙན་དང་རང་དབང་སོགས་ཀྱི་དགོས་འདུན་ཅིའི་ཕྱིར་འདོན་མ་ཐུབ་སོང་བ་རེད་དམ།
བསྟན་འཛིན་ཆོས་དབྱིངས་ལ་མཚོན་ན། སྟབས་ལེགས་ནས་ཁ་ཆེམས་ཡི་གེ་ཞིག་བཞག་ཐུབ་ཡོད་པས། དེ་རྒྱལ་གཅེས་དཔའ་བོར་ངེས་འཛིན་ཞུ་བའི་ཆ་རྐྱེན་དུ་སོང་པ་རེད་མ་གཏོགས། གཞན་དུ་ན་རྒྱ་དམར་སྐབས་འཚོལ་བས་རིག་འཚོ་མ་ཟིན་པར་རང་ཤི་བརྒྱབས་པར་ངོས་འཛིན་མི་ཞུས་པའི་ངེས་པ་ག་ལ་ཡོད། །
བོད་མི་རྣམས་ནི་གྲངས་ཉུང་ལས་ཀྱང་གྲངས་ཉུང་གི་མི་རིགས་ཤིག་ཡིན་པས། རང་སྲོག་རྩ་ནས་གཏོང་མི་རུང་། ཅིས་ཀྱང་གཏོང་ཚེ་དུས་ཚོད་དང་ས་གནས་ངེས་པ་ཅན་འདེམས་ཐུབ་དགོས། དཔེར་ན་དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱིས་ལྡི་ལིར་བོད་མིས་ཟས་བཅད་ངོ་རྒོལ་གནང་སར་རྒྱ་གར་ཉེན་རྟོག་པས་བཙན་དབང་བཏང་པ་དང་དུས་བསྟུན་མེར་བསྲེགས་བཏང་བས། རང་བསྲེགས་ཀྱི་དམིགས་ཡུལ་རྒྱུ་རྐྱེན་སོགས་འགྲེལ་བཤད་ཅི་ཡང་བརྒྱག་མི་དགོས་པར་སྐད་གྲགས་གླིང་ལ་བཞག་སོང་ལ། རྒྱ་ནག་ཙམ་མ་ཡིན་པར་རྒྱ་གར་དབང་འཛིན་པ་ཚོའང་ཧ་ཅང་ཁ་སྐྱེངས་པར་བཟོས་ཏེ། ཕ་རོལ་པོར་འཁྱོག་བཤད་ཀྱི་གོ་སྐབས་ཅི་ཡང་རག་མ་སོང་། དེ་བཞིན། འཇམ་དཔལ་ཡེ་ཤེས་ཀྱིས་རྒྱ་ནག་གི་སྲིད་འཛིན་ཧུའུ་རྒྱ་གར་དུ་རྒྱལ་དོན་མཚམས་གཟིགས་གནང་ཁར་དང་། བོད་དོན་ལས་འགུལ་སྤེལ་བཞིན་པའི་སྒང་ལ་རང་བསྲེགས་བཏང་བས་འཛམ་གླིང་ཡོངས་ལ་བོད་པའི་བདེན་དོན་དྲིལ་བསྒྲགས་ཀྱི་ནུས་པ་ཧ་ལས་པར་ཆེན་པོ་ཐོན་སོང་། དེ་བཞིན་བོད་ནང་གི་སྤྲུལ་སྐུ་བསོད་བྷེ་སོགས་ཀྱིས་སྒྲ་དང་ཡི་གེའི་ཞལ་ཆེམས་བཞག་པ་སོགས་ཀྱིས་དངོས་དོན་འཁྱོག་བཤད་ཀྱི་གླགས་མ་རྙེད་པར་གྱུར་པ་དེ་ལྟར་རེད།
བོད་མིའི་རང་སྲེག་གི་གནས་ཚུལ་གོ་ཐེངས་རེར། ཡིད་མུག་པ་ལ་ཚོད་ཅིག་མི་འདུག་མོད། མེ་བཏང་ས་ལ་ས་ཚིག་ཟེར་བ་ལྟར། བྱས་པ་ལ་བྱས་གོ་ཆོད་པ་ཞིག་དགོས་ཕྱིར། ལས་དབང་གཅིག་པའི་བོད་རིགས་སྤུན་ཟླ་རྣམས་ལ་གྲོས་སུ་གདབ་བར་བྱ་བ་ལ་ཚིག་གཅིག་སྟེ། རང་སྲོག་མ་གཏོང་། གཏོང་དུས་མ་ནོར། ཞེས་གལ་བོ་ཆེ་ལ་ནན་ཏན་དུ་ཞུའོ། །
ལོ་ཡག་ལེགས་ཀྱིས་བྲིས་གཏམ་ལ་མངོན་པར་བསྟོད། ལྷག་པར་དུ་རྒྱ་དང་། རྒྱ་དམར། དབྱེ་བ་བྱས་པ་ཤིན་ཏུ་ལེགས། རྒྱ་ནག་པ་སྔོན་གྱི་ལུགས་བཟང་པོར་དགའ་བ་ས་སྟེང་དུ་མང་དུ་མཆིས།
་
ལ་དྭགས་རི་རྫོང་སྐུ་གོང་མའི་ལྗགས་རྩོམ།
་
དལ་འབྱོར་གྱི་་མི་ལུས་འདི།
ད་ལན་ཙམ་ཐོབ་པ་ཡིན།
སྙིང་པོ་ཞིག་ལོན་ཐབས་ལ།
འབོད་ཅིག་སྐལ་ལྡན་མི་མངས།།
་
ལ་དྭགས་མི་མངས་ཀྱིས་གླུ་རུ་ལེན་པ། བདག་བྱིས་པའི་དུས་སུ། སྐུ་གཤེགས་བསྟན་འཛིན་རྡོ་རྗེས་སྒྲ་སྙན་དཀྲོགས་པ་བཅས་ཐོས་སོ།
་་་་་་་་་་ དངོས་གནས་རང་སྲེག་འདིས་བོད་དོན་ལ་ཕན་དང་མི་ཕན་ཐེ་ཚོམ་རེད། ་་་་་་་་ ཟེར།
་
ང་ལ་ནི། ལོ་ཡག་འདི་ཁ་བརྡར་འོངས་ནས་མཐོང་བ་ལན་དང་པོ་ཡིན། ཁྱེད་ཀྱི་བོད་ཡིག་བོད་སྐད་སྤྱོད་སྟངས་འདི། ཤིནད་ཏུ་ལེགས་པས། མུ་མཐུད་ནས་བྲིས་ཤིག་གུ
ལོ་ཡག་ལགས་ཀྱིས་གསུངས་པ་ལྟར། རབ་བྱུང་ན་སྐུ་ལུས་ཞུགས་ལ་འབུལ་རྒྱུ་མི་འདུག རྒྱལ་གཅེས་སྙིང་སྟོབས་ཅན་གྱི་བོད་མི་རེ་རེའི་སྐུ་སྲོག་དོར་འགྲོ་བའི་སྐབས། དགྲ་བོ་རྒྱ་དམར་ཧ་ཅང་དགའ་པོ་ཡོང་གི་རེད། གང་ཡིན་ཟེར་ན། སེམས་ཤུགས་ཅན་གྱི་རྒྱ་དམར་གྱི་དགྲ་བོ་གཅིག་ཉུང་དུ་ཕྱིན་པས་སོ། །དེ་འདྲ་ཡིན་དུས་རབ་བྱུང་ན་མེ་སྲེག་མ་གནང་བར་བོད་དོན་ཆེད་བོད་ཀྱི་རིག་གཞུང་སྦྱོང་སྤྱོད་སྤེལ་གསུམ་དང་སྤྱི་ཚོགས་ཞབས་འདེགས་གང་ཐུབ་གནང་ཐུབ་ཚེ་ཕན་རླབས་ཆེ་བར་སེམས། དེ་མིན་བོད་མིའི་ཆེད་གསོན་པོར་བཞུགས་ན་ཡང་དེས་བོད་ཀྱི་མི་འབོར་ལ་ཕན་ངེས། གྲོངས་པ་ཡིན་ན་རྫོགས་ཚིག་བཀོད་པ་དང་མཇུག་སྒྲིལ་ཟིན་པས་ལོ་རྒྱུས་ཙམ་ལས་དེ་མིན་གྱི་ཕན་པ་ཆེར་མེད་སྙམ་ན་དེ་ལུགས་དགོངས་འཇགས་འཚལ། །
རང་ལུས་མེར་བསྲེགས་བཏང་ནས་བོད་དོན་ལ་ཕན་གནོད་ཇི་འདྲ་ཡོད་མེད་མི་ཤེས་ཀྱང་ད་བར་བོད་མི་༡༤༠ལྷག་རང་ལུས་མེར་བསྲེགས་བཏང་ཟིན་ཡོད། རང་ལུས་མེར་བསྲེགས་གཏོང་བ་ལས་གསོན་པོར་བསྡད་ནས་བོད་དོན་ཐོག་དེ་ལྟར་གྱི་སེམས་ཤུགས་བཅངས་ནས་ལས་དོན་གྲུབ་ཚེ་དགེ་མཚན་ཆེ་བར་མཐོང་། བོད་ནང་ཡིན་ན་གནས་ཚུལ་ཐ་དད་རེད། རྒྱ་དམར་གྱི་སྡུག་རྩུབ་འོག་སྡོད་ཐབས་བྲལ་ནས་མཐར་རང་སྲོག་ཀྱང་བོད་དོན་ཆེད་གཏོང་བཞིན་ཡོད། རྒྱ་གར་རང་དབང་ལུང་པའི་ནང་དེ་འདྲའི་གཉའ་གནོན་དང་སྡུག་རྩུབ་མེད་ལ་བོད་དོན་ཐོག་ལས་འགུལ་གང་འདྲ་སྤེལ་ཀྱང་ཆོག སྐྱབས་བཅོལ་ནང་རང་ལུས་མེར་བསྲེགས་གཏོང་བའི་དགོས་པ་དེ་ཙམ་མ་མཐོང་ལ་དེ་ཡིས་ཕན་ལས་གནོད་ཆེ་བ་ཡོད་པ་འདྲ། སྤྱི་ཚོགས་འཁྲུགས་པ་གང་ཞིག་སྐྱབས་བཅོལ་ནང་བོད་མི་འབུམ་ཁ་ཤས་ལས་མེད་པ་ཚང་མས་རང་ལུས་མེར་བསྲེགས་གཏོང་ཀྱང་བོད་ཀྱི་བདེན་མཐའ་སེལ་མི་ཐུབ་པ་གསལ་པོ་རེད། རང་ལུས་མེར་བསྲེགས་ལས་ལྷག་པའི་ལས་འགུལ་གཞན་རྫོགས་པ་ཡིན་གྱི་མ་རེད།
ལོ་ཡག་ལགས་ཀྱིས་བསམ་ཚུལ་ཧ་ཅང་གནད་ལ་འཁེལ་བ་ཞིག་སྤེལ་འདུག ཐུགས་རྗེ་ཆེ། གུས་པས་ཀྱང་དེང་ཕྱིན་བོད་མི་ཚོས་རང་སྲེག་གཏོང་མི་རུང་བ་དང་། ཅི་སྟེ་ད་དུང་ཡང་གཏོང་གི་ཡིན་ཟེར་ན་དེའི་ཐད་དོ་བདག་ལ་སྔ་ས་ནས་གྲ་སྒྲིག་དང་འཆར་གཞི་ངེས་ཅན་དགོས་པའི་རྩོམ་ཞིག་འབྲི་དགོས་བསམ་བཞིན་སྐབས་ཤིག་ལ། སྐུ་ཞབས་ལོ་ཡག་གིས་ཞིབ་ཚགས་བྲིས་འདུག་སྟབས་བསྐྱར་བཤད་མི་འདོད།
ཡིན་ཡང་། ཁ་སྣོན་ཙམ་ཞུས་ན། ངས་བསམ་ན་མ་འོངས་པར་རང་སྲེག་གི་གནས་ཚུལ་འདི་བོད་ནས་བཙན་བྱོལ་ནང་ཁྱབ་རྒྱུ་ཡིན་པ་མ་ཟད། དེ་ནས་རིམ་བཞིན་ནུབ་ཕྱོགས་རྒྱལ་ཁབ་ཏུ་ཁྱབ་རྒྱུ་ཡིན་པའི་དོགས་པ་ཡོང་གི་འདུག རབ་ཡིན་ན་བོད་མི་སུ་ཡིན་རུང་རང་སྲེག་གཏན་ནས་མི་གཏོང་བའི་ཁར། སོ་སོའི་ལས་ཀའི་ངོ་བོར་དཔག་སྟེ་འཇོན་ཚོད་ཀྱིས་མི་རིགས་རིག་གཞུང་ལ་ཞབས་ཞུ་བསྒྲུབ་རྒྱུ་གལ་ཆེ་ཞིང་། ཆུང་ས་ནས་བཤད་ན། སོ་སོ་ཡིག་རྨོངས་ཞིག་ཡིན་རུང་ཕྲུ་གུར་ཤེས་ཡོན་ཡག་པོ་ཞིག་སྤྲད་པ་ཡིན་ན། དེ་ཡང་བོད་དོན་ལ་ཞབས་འདེགས་གང་ལེགས་བསྒྲུབས་པ་མཚོན། རང་སྲེག་ལས་གཞན་པའི་མི་རིགས་ལ་ཕན་པའི་ལས་ཀའི་རྣམ་གྲངས་མཐའ་ཡས་པ་ཞིག་ཡོད། དེ་ཚོ་བསྒྲུབ་བསྒྲུབ་ན་འགྲིག་བསྡད་ཡོད་པ་རེད། རང་སྲེག་གཏོང་དགོས་དོན་ག་ནས་ཡོད། ང་ཚོ་གཅིག་ནས་མི་གྲངས་ཉུང་། གཉིས་ནས་མི་རིགས་འདིའི་བརྒྱ་ཆ་༦༥ ཡིག་རྨོངས་ཡིན་དུས། སྔོན་ལ་ཤེས་ཡོན་ལ་ཤུགས་རྒྱག་དགོས་གི་འདུག
གཞན། བོད་མི་ཞིག་གིས་བློ་གཏད་འགྱུར་མེད་ཐོག་ད་རུང་རང་སྲེག་གཏོང་གི་ཡིན་ཟེར་ན། བློས་གཏོང་དེ་བརྒྱ་ཆ་བོད་མི་རིགས་བསྟན་སྲིད་དང་བཅས་པ། ཕན་ཐོགས་ཡོད་པ་ཞིག་འཛམ་བུ་གླིང་འདིར་གསལ་པོ་ཤེས་སུ་བཅུག་ནས་གཏོང་དགོས་ཀི་འདུག ངོ་མ་རང་སྲེག་གཏོང་གི་ཡིན་ན། དང་པོ་ཆབ་སྲིད་ཀྱི་ཚོར་བ་རྣོ་བོ་ཡོད་པའི་ཉི་མ་ཞིག་བདམས་དགོས།གསུམ་བཅུའི་དུས་དྲན་ལྟ་བུ། གཉིས། རྒྱ་ནག་ས་གནས་སྲིད་གཞུང་ངམ་གཞུང་ཚབ། མཉམ་འབྲེལ་རྒྱལ་ཚོགས། རྒྱ་ནག་སྲིད་འཛིན་དང་དཔོན་རིགས་སོགས་ལྟ་སྐོར་སྐབས་ཡིན་དགོས། རང་སྲེག་སྐབས་བརྙན་པར་ངེས་པར་དུ་དགོས། ཁ་ཆེམས་ཡི་གེ་ངེས་པར་འཇོག་དགོས། བྱུང་ན་དབྱིན་ཡིག་ནང་གྲ་སྒྲིག་དགོས། ཁ་ཆེམས་ནང་རང་སྲེག་དེ་ཆབ་སྲིད་ཀྱི་ལས་འགུལ་ཡིན་པ་དང་། བོད་པའི་རང་དབང་ཆེད་ཡིན་པ། ཆོས་དང་རིག་གཞུང་། སྐད་ཡིག མི་རིགས་ངོ་བོ་སྲུང་སྐྱོབ་ཆེད་ཡིན་པ། རྒྱ་གཞུང་གིས་བོད་མི་རིགས་རྩ་མེད་དུ་བཟོ་བཞིན་པར་ངོ་རྒོལ་བྱེད་ཀི་ཡོད་པ། དེར་ཨ་རི་དང་ཡུ་རོབ་མནའ་འབྲེལ། རྒྱལ་ཚོགས་གཙོས་འཛམ་གླིང་རྒྱལ་ཁབ་ཁག་དང་མང་ཚོགས་ཀྱིས་རྒྱབ་སྐྱོར་དགོས་པ། རང་སྲེག་ལས་འགུལ་འདི་འཚེ་མེད་ཞུ་བའི་ལས་འགུལ་ཡིན་སོགས་གསལ་པོར་འབྲི་ཐུབ་པ་ཡིན་ན། ཕན་ཐོགས་ངེས་ཅན་ཞིག་ཡོང་གི་རེད་བསམ། བསམ་ཚུལ་འདི། ཤ་ཁྲག་གཅིག་པའི་སྤུན་ཟླ་མང་པོ་འདི་ལྟར་ཅི་ཡིན་འདི་ཡིན་མེད་པར་རང་སྲེག་གཏོང་བཞིན་པར་སེམས་ནས་མ་བཟོད་པར་བྲིས།
ལྷན་རྒྱས་ཀྱིས་དགོངས་ཚུལ་ལེགས་པོ་གསུངས་པར་ཤིན་ཏུ་ཡི་རང་ཞུ།
གོང་དུ་ “ལྟོས་ཀུན” ཞེས་པ་ “ལྟོས་བཅས་ཀུན་” ཞེས་སུ་དང་།
“ཆང་རག་མྱོས་པ་” ཞེས་པ་ “ཆང་རག་མྱོས་རྫས་ཀྱིས་མྱོས་པ”།
“ངེས་འཛིན” ཞེས་པ་ “ངོས་འཛིན་” ཞེས་སོགས་སུ་བཅོ་བར་བྱ།
སློབ་དཔོན་ཆེན་པོ་མཁས་དབང་ཟམ་གདོང་རིན་པོ་ཆེ་ཚང་གི་བཀའ་སློབ་འདིར་ལན་གཅིག་གསན་ན། དངོས་ཡོད་མཐོང་ཞིང་། མདུན་དུ་སྙེག་ཐུབ་པའི་བློ་སྤོབས་ཤིག་སྟེར་ན་ཐང་་་་་་་གཙོ་བོ་རང་རང་གི
https://www.facebook.com/sherabdhargye?hc_ref=ARSaxeXD2nVxfFiujjWtd0qSScssYIjwys_FYNRwXjeZKYIFJJoUb2JK5wahe8E2BSY&fref=nf&pnref=story
དྲྭ་གྲོགས་ལོ་ཡག་ལགས་ཀྱི་གསུང་ལ་མངོན་པར་བསྟོད་དོ། ཁོང་གི་འབོད་བསྐུལ་དང་ལག་ལེན་གནད་འབེབས་སོགས་ལྷག་བསམ་གྱི་བཀའ་མོལ་ཡག་པོ་ཞིག་གནང་འདུག དེ་མིན་ན་ཁ་སྔོན་ཝར་ཎར་མེར་སྲེག་བཏང་བ་དེ་ཐོག་མར་གོ་སྐབས་དམ་འཛིན་པ་ཁག་གཅིག་གིས་སྲིད་སྐྱོང་བློ་བཟང་སེང་གེ་ལ་ངོ་རྒོལ་བྱས་པ་རེད་ཟེར་ནས་ལོག་བཤད་ཅིག་སྤེལ་བར། སྟབས་ལེགས་པ་ཞིག་ལ་འདས་པོ་ཁོང་གིས་ཞལ་ཆེམས་ཡིག་ཐོག་ཏུ་བཞག་པར་བརྟེན་རིམ་བཞིན་ཡལ་སོང་། དེ་མིན་ཡུན་རིང་ཐུང་ལ་མ་ལྟོས་པར་འུར་ཟིང་ཆེ་ཙམ་ཡོང་ས་ཡོད་ད། གཟབ་གཟབ་གྱིས།