རྩོམ་པ་པོ། ཁྱུང་ལུང་དངུལ་མཁར་བ་ཚུལ་ཁྲིམས་ཕུན་ཚོགས།
གནའ་དཔེ་<སྲིད་པའི་ལྷ་རྒོད་དྲག་བདར་>གྱི་དགོངས་དོན་གཞིར་གཞག་ལྟར་བོད་ཀྱི་མགུལ་ལྷ་བཅུ་གསུམ་དང་རྒྱལ་ཕྲན་སིལ་མ་བཅུ་གཉིས་སྤུ་རྒྱལ་བཙན་པོ་དང་བཅུ་གསུམ་བཅས་དཔྱད་བསྡུར་བྱས་ཏེ། མགུལ་ལྷ་རེ་དང་རྒྱལ་ཕྲན་རེ་དང་ད་ལྟ་གནས་ཡུལ་དངོས་བཅས་ཀྱི་ངོས་འཛིན་སྲིད་པའི་ལྷ་རྒོད་དྲག་བདར་དཔེ་གཞུང་གི་གོང་རིམ་བཞིན་འགོད་དེ། །
༡ མགུལ་ལྷ་ནི། ལྷ་རྒོད་དྲག་བདར་ལས། ཡུལ་ནི་ཁ་ལེ་གཙང་སྟོད་ན། གཙང་ལྷ་ཕུ་དར་གཉན་པོ་ནི། ཞེས་དང་། གཙང་སྟོད་གཉན་གྱི་ལྷ་རུ་ཆེ། ཞེས་སོ།།
རྒྱལ་ཕྲན་ནི། ཏུན་ཧོང་ཡིག་རྙིང་ལས། ཡུལ་ཁ་ལ་རྩང་སྟོད་རྩང་གི་དངོ་མཁར་གྱྀ་ནང་ནའ། ལྷ་རྩང་ལའི་བྱེའུ། རྗེ་རྩང་རྗེའི་ཕྱྭའ། བློན་པོ་སུ་དུ་དང་གནང་། ཁོལ་རྩང་ཀོལ་རེའུ་རྫྀ། རྟ་རྩང་རྟ་དགོལ་ལོང་ལེགས་པའ་དང་བརྒྱ་སྟོང་རེ་ཐམ་འབའ། ཞེས་དང་།
གནས་ཡུལ་དངོས་ནི། གཙང་སྟོད་ཞེས་དེང་ངམ་རིང་དང་བཞད་མཐོང་སྨོན་དང་རྣམ་གླིང་རྫོང་ཁོངས་སུ་ཡིན་པར་འདུག །
༢ མགུལ་ལྷ་ནི། དྲག་བདར་ལས། ཡུལ་ནི་ཡར་ལུང་སོ་ཀ་ན། ཡར་ལྷ་ཤམ་པོ་གཉན་དགུ་ནི། ཞེས་དང་། ཡར་ལུང་སྟོད་ཀྱི་ལྷ་རུ་ཆེ། ཞེས་སོ།།
རྒྱལ་ཕྲན་ནི། ཏུན་ཧོང་ཡིག་རྙིང་ལས། ཡུལ་དང་མཁར་དུ་བཅས་པ་སོ་སོ་ཡུལ་བདེ་(སྡེ)བཞི་ལས། སྤུ་རྒྱལ་བོན་གྀ་བཙན་པོ་ལྡེའུ་རྒྱལ་པོ་ཐོད་རྒྱལ་བྱུང་སྟེ། ལ་ལའྀ་མཆྀད་ནས་ནི་རྒྱལ་ཕྲན་བཅུ་གཉིས་ལ་གཏོགས་ཤེས་ཀྱང་མཆྀ། མྱྀ་གཏོག་ཤེས་ཀྱང་མཆྀ། བཙན་པོའྀ་གདུང་རབས་ཀྱྀ་ཁུངས་སྨོས་པའ། གནམ་དགུང་གྀ་སྟེང་ན། ལྷ་ཀུ་(སྐུ)སྤྱྀ་སེར་བཞིས་བརྒྱྀ་བའ། མ་སངས་ཐམ་ཅད་གྀ་བདག་པོ། སྲྀད་པ་ཀུན་ལ་མངའ་ཆེ་མཛད་པའ། ཕྱྭའྀ་གཡང་ཕྱྭ་ལགས་ཤེས་ཀྱང་མཆི། རྣམ་(པ)གཉྀས་སུ་ནྀ་གདོལ་པར་ཤ་ཟའྀ་རྀགས། རྒྱལ་པོ་གདོང་དམར་གྱྀ་རྀགས། གངས་རྀ་བྱུན་ཀོར་གྱྀ་ནྀ་བདག་པོ། གནོད་སྤྱིན་(སྦྱིན)ཛ་ཞེས་བགྱྀ་བའྀ་རྀགས་ལགས་ཤེས་ཀྱང་མཆི། རྣམ་གསུམ་དུ་ནྀ་གནམ་རྀམ་པ་བཅུ་གྱྀ་སྟེང་ན། ཁྲྀ་བར་བདུན་ཚྀག།ཤེས་བགྱྀ། གནམ་གྀ་ལྷ་ལས། ས་ག་དོག་དྲུག་དུ། འགྲེང་འགོ་ནག་གྀ་རྗེ་མྱེད་གྀ་རྗེ། དུད་རྔོག་ཆག་བླ་མྱེད་ཀྱྀ་བླར། བློན་པོ་ལྷོ་རྔེགས། བོན་པོ་མཚེ་གཅོ། ཕྱག་ཚང་ཤ་སྤུག་མྱྀ་རྗེ་བདུད། དུ་བརྒྱྀས་ནས། ཡུལ་བོད་ཀ་གཡག་དྲུག་དུ་བྱོན་ཞེས་མཆྀ། གང་ལགས་ཀྱང་མྱི་མངོན་(ཏེ)གདུང་སྤུ་བོད་དང་སྤུ་རྒྱལ་དུ་གསོལ། ཞེས་སོ། དེ་ལྟར་བོད་ཀྱི་ལོ་རྒྱུས་ཁག་གི་ནང་དུ། ཡུལ་ལ་སྔ་བ་ཡར་ལུང་སོག་ཁ། གྲོང་ལ་སྔ་བ་ཕྱི་དབང་གྲོང་ཚོ། མཁར་ལ་སྔ་བ་ཡུ་མོ་བརླ་མཁར། ཞེས་གྲགས་ལ། བོན་གྱི་ལོ་རྒྱུས་བསྟན་འབྱུང་ལས། རྗེ་ལ་སྔ་བ་གཉའ་ཁྲི་བཙན་པོ་དང་། གཤེན་ལ་སྔ་བ་སྣང་བ་མདོག་ཅན་དང་། བོན་ལ་སྔ་བ་གསང་སྔགས་སྤྱི་སྤུངས་དང་། ཡུལ་ལ་སྔ་བ་ཡར་ལུང་སོག་ཁ་དང་། མཁར་ལ་སྔ་བ་ཕྱིང་བ་སྟག་རྩེ་ཞེས། སྔ་རབས་བོད་ཀྱི་གཏམ་དུ་གྲགས་པ་ཡིན། ཞེས་སོ།།
གནས་ཡུལ་དངོས་ནི། དེང་ལྷོ་ཁ་ཁུལ་སྣེ་གདོང་རྫོང་དང་འཕྱོང་རྒྱས་རྫོང་ཁུལ་ཡིན་པ་རྟོགས་སླ། །
༣ མགུལ་ལྷ་ནི། དྲག་བདར་ལས། ཡུལ་ནི་སྟོད་ལུང་རལ་གསུམ་ན། སྟོད་ལྷ་ཟེ་ཟེ་གཉན་པོ་ནི། ཞེས་དང་། སྟོད་རྗེ་གཉན་གྱི་ལྷ་རུ་ཆེ། ཞེས་སོ།།
རྒྱལ་ཕྲན་ནི། ཏུན་ཧོང་ལས། ཡུལ་སྟོད་རོ་ལུང་གསུམ་ན། སྟོད་ལྷའི་ཟེ་རྗེ། སྟོད་རྗེ་འབྲོང་ལོམ། རྟ་སྣར་འབྲང་དང་བརྒྱ་སྟོང་རེ་ཐམ་འབའ། ཞེས་སོ།།
གནས་ཡུལ་དངོས་ནི། དེང་སྟོད་ལུང་རྫོང་ཁོངས་སུ་ཡིན་པ་གོ་སླ། །
༤ མགུལ་ལྷ་ནི། དྲག་བདར་ལས། ཡུལ་ནི་སྐྱིད་རོ་ལྗང་སྔོན་ན། སྐྱི་ལྷ་བྱ་རྨང་གཉན་པོ་ནི། ཞེས་དང་། སྐྱི་རྗེ་གཉན་གྱི་ལྷ་རུ་ཆེ། ཞེས་སོ།།
རྒྱལ་ཕྲན་ནི། ཏུན་ཧོང་ཡིག་རྙིང་ལས། ཡུལ་སྐྱི་རོ་ལྗང་སྔོན། མཁར་སྐྱི་མཁར་ཟོ་ཡོང་སྔོན་འབུའི་ནང་ནའ། ལྷ་སྐྱིབས་ལྷ་བྱ་མངས་ངས། རྗེ་སྐྱིད་རྗེའི་རྨང་པོ། ཤུའུ་དང་སྤུག རྟ་སྐྱི་རྟ་སྐྱ་མ་ལན་ཀར་དང་བརྒྱ་སྟོང་རེ་ཐམ་འབའ། ཞེས་སོ།།
གནས་ཡུལ་དངོས་ནི། དུང་དཀར་ཚིག་མཛོད་ལས། སྔ་རབས་ཀྱི་ཡིག་ཆ་རྙིང་པ་མང་པོའི་ནང་སྐྱི་ཆུ་ཞེས་བྲིས་ཡོད་པ་མ་ཟད། འབྲི་གུང་ནས་ཆུ་ཤུལ་བར་གྱི་ས་གནས་དེར་ལྷ་ས་ཞེས་མིང་མ་ཐོགས་གོང་དུ་རུས་མིང་སྐྱི་ཡིན་པའི་ཚོ་བ་རྣམས་གནས་སྡོད་བྱེད་སའི་ས་གནས་ཡིན་པས་སྐྱི་ཤོད་དང་། དེའི་རྒྱུད་དུ་འབབ་པའི་གཙང་པོ་ལ་སྐྱི་ཆུ་ཞེས་འབོད་པ་ཡིན། ཞེས་དེང་མལ་གྲོ་གོང་དཀར་དང་སྟག་རྩེ་དང་ཆུ་ཤུར་རྫོང་ཁོངས་སུ་ཡིན། ཞེས་སོ།།
༥ མགུལ་ལྷ་ནི། དྲག་བདར་ལས། ཡུལ་ནི་དབྱི་མོ་ཡུལ་དྲུག་ན། དབྱི་ལྷ་སྤྱི་གསང་གཉན་པོ་ནི། ཞེས་དང་། སྤྱི་རྗེ་གཉན་གྱི་ལྷ་རུ་ཆེ། ཞེས་སོ།།
རྒྱལ་ཕྲན་ནི། ཏུན་ཧོང་ལས། ཡུལ་དབྱེ་མོ་ཡུལ་དྲུག་ནའ། རྗེ་དབྱེ་རྗེ་མཁར་པའ། ལྷ་དབྱེ་བླ་སྤྱི་བསང། ཕོ་གུམ་དང་ཕོག་རོལ། དབྱེ་རྟ་ཐང་མངས་དང་བརྒྱ་སྟོང་རེ་ཐམ་འབའ། ཞེས་སོ།།
གནས་ཡུལ་དངོས་ནི། དུང་དཀར་ཚིག་མཛོད་ལས། འདི་ལ་སྔར་གྱི་ཡི་གེ་རྙིང་པའི་ནང་དབྱེ་དང་ཨེ། གཡེ་བཅས་བྲི་སྟངས་མི་འདྲ་བ་གསུམ་འདུག་ཅིང་། དོན་དུ་དེང་སང་ཨེ་ཟེར་བ་དེ་ཡིན་ནམ་སྙམ། (སྦྲ་ཆེན་རྫོང་ཁུལ་དུ་དབྱིག་ཆེན་རམ་རྔམ་ཞེས་པའི་ཡུལ་ལྷ་ཞིག་ཡོད་མོད་དེ་ལྷོ་ཁ་ཁུལ་དེ་དག་པར་སྙམ། གཡེའི་གངས་བར་ཡུར་གོང་། དེང་སང་ཨེ་དང་གཉལ། དྭགས་གསུམ་ཟེར་བའི་ཨེ་དེ་ལ་སྔར་གྱི་ཡིག་རྙིང་དུ་གཡེ་འབྲི་སྲོལ་འདུག གངས་བར་ཡུར་གོང་ནི་གཡེའི་གངས་རིའི་ཞོལ་དུ་ཡོད་པའི་ཞིང་གྲོང་ཆུང་ངུ་ཞིག་ཡིན་པར་སྣང་། ཞེས་དེང་ལྷུན་རྩེ་དང་ཆུ་གསུམ་སྣང་རྫོང་བཅས་ཀྱི་ཁུལ་དུ་ཡིན་པར་སྣང་ངོ་། །
༦ མགུལ་ལྷ་ནི། དྲག་བདར་ལས། ཡུལ་ནི་འོལ་ཡུལ་འོལ་མཁར་ན། ལྷ་ནི་འོལ་རྒྱལ་ལྷ་བཟང་སྟེ། ཞེས་དང་། འོལ་མཁར་གཉན་གྱི་ལྷ་རུ་ཆེ།
རྒྱལ་ཕྲན་ནི། ཏུན་ཧོང་ལས། ཡུལ་འོ་ཡུལ་གྱི་སྤང་གར་ན། རྗེ་འོལ་རྗེའྀ་ཟིན་བྲང་ཚ། བློན་པོ་རྔོ་དང་དབའས་གཉིས། ཞེས་སོ།།
གནས་ཡུལ་དངོས་ནི། དུང་དཀར་ཚིག་མཛོད་ལས། འོལ་ཕུ་སྤང་མཁར། འདི་འོལ་ཁ་རྒྱུད་ཀྱི་ས་ཆ་ཞིག་གི་མིང་ཡིན། ཞེས་འོལ་ཁ་ཞེས་ལྷོ་ཁ་ཆུ་གསུམ་རྫོང་གི་གཡས་གཡོན་ཞིག་ལ་ངོས་འཛིན་གནང་འདུག འོ་ལྷ་རྒྱལ་བཟང་ཞེས་པའི་ཡུལ་ལྷ་དེ་ནི་རྣམ་གླིང་རྫོང་ཁོངས་བོན་དགོན་རུ་ལག་གཡུང་དྲུང་གླིང་གི་རྒྱབ་རི་དེ་ཡིན་པ་གསལ་བར་གསུངས། །
༧ མགུལ་ལྷ་ནི། དྲག་བདར་ལས། ཡུལ་ནི་ནུབ་ཡུལ་གླིང་དྲུག་ན། ནུབ་ལྷ་རྟེན་དྲུག་གཉན་པོ་ནི། ཞེས་དང་། ནུབ་རྗེ་གཉན་གྱི་ལྷ་རུ་ཆེ། ཞེས་སོ།།
རྒྱལ་ཕྲན་ནི། ཏུན་ཧོང་ལས། ཡུལ་གནུབས་གྱྀ་གླིང་དགུའ་ན། རྗེ་བནུབས་རྗེའྀ་སྲིས་པ། བློན་པོ་རྨེའུ་དང་གྲོ་གཉིས། ཞེས་སོ། །
གནས་ཡུལ་དངོས་ནི། དུང་དཀར་ཚིག་མཛོད་ལས། གནུབས་ཡུལ་གླིང་དགུ། འདི་གཙང་གི་རོང་རིན་སྤུངས་ས་ཁུལ་དུ་ཡིན་ཞེས། སྣུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་ལོ་རྒྱུས་ནང་གསལ། ཞེས་གསུངས་མོད་ཡིག་རྙིང་འགའ་ཞིག་ལས། ནུབས་ཡུལ་དག་གི་མཚམས་ཤེད་ན། ཞེས་འཁོད་ཡོད་པས་གནུབས་ཡུལ་ནི་དྭགས་པོ་དང་འབྲེལ་བའི་ས་མཚམས་ཤིག་ཡིན་པར་སྙམ་ཞིང་ལྷུན་རྩེའམ་ཆུ་གསུམ་རྫོང་གི་གཡས་གཡོན་གྱི་ཁུལ་ཞིག་མིན་ནམ་སྙམ་པ་ཡིན། །
༨ མགུལ་ལྷ་ནི། དྲག་བདར་ལས། ཡུལ་ནི་ཐང་ཡུལ་རལ་གསུམ་ན། གཉན་ཆེན་ཐང་ལྷ་ཡར་བཞུགས་ནི། ཞེས་དང་། ཅོག་རོ་གཉན་གྱི་ལྷ་རུ་ཆེ། ཞེས་སོ།།
རྒྱལ་ཕྲན་ནི། ཏུན་ཧོང་ལས། ཡུལ་འབྲོག་མོ་རྣམ་སུམ་ན། རྗེ་སེ་རེ་ཁྲི། བློན་པོ་སྐྱང་རེ་གནག ཞེས་སོ། །
གནས་ཡུལ་དངོས་ནི། འབྲོག་མོ་རྣམ་གསུམ་ནི་འབྲི་གུང་ཆེ་ཚང་དང་གཡང་མོ་མཚོ་སོགས་ཀྱིས་ཡར་འབྲོག་གཡུ་མཚོའི་སྐོར་ལ་ཡིན་པའི་ངོས་འཛིན་གནང་མོད་དོན་དུ་འདམ་གཞུང་རྫོང་ཁོངས་སུ་ཡིན་པ་སྣང་། ཁོ་བོས་དཔྱད་ནས་ཡར་འབྲོག་ཞེས་པ་ཡར་ཀླུང་བཙན་པོའི་འབྲོག་ས་དང་། ཐང་ཡུལ་རལ་གསུམ་ཞེས་གཉན་ཆེན་ཐང་ལྷའི་རྒྱུད་ཀྱི་ཁུལ་ནི་བྱང་འབྲོག་དངོས་ཀྱི་ས་ཡིན་པས་འབྲོག་མོ་རྣམ་གསུམ་ཞེས་མིང་དོན་མཚུངས་པ་ཡིན། །
༩ མགུལ་ལྷ་ནི། དྲག་བདར་ལས། ཡུལ་ནི་རྔག་ཡུལ་གླིང་དྲུག་ན། རྔག་ལྷ་རྟན་དྲུག་གཉན་པོ་ནི། ཞེས་དང་། རྔག་རྗེ་གཉན་གྱི་ལྷ་རུ་ཆེ། ཞེས་སོ།།
རྒྱལ་ཕྲན་ནི། ཏུན་ཧོང་ལས། ཡུལ་རྔེགས་ཡུལ་སེ་མོ་གྲུ་བཞི། ལྷ་རྔེགས་ལྷ་བྱར་སངས། རྔེགས་རྗེའི་ལྀན་འབྲང་། བློན་པོ་སམ་པ་དང་སམ་པོད། རྟ་རྔེགས་རྟ་སྔོ་མ་གཞུང་བཀྲའ་དང་བརྒྱ་སྟོང་རེ་ཐམ་འབའ། ཞེས་སོ། །
གནས་ཡུལ་དངོས་ནི། གཉའ་ཁྲི་བཙན་པོའི་ཞིབ་འཇུག་ལས། རྔེགས་ནི་སྤུ་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་བློན་པོ་དང་གཉགས་ཞེས་པའི་རུས་དང་གཅིག་ཏུ་འབབ་ཚུལ་བཤད། ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་བོད་བཙན་པོའི་རྒྱལ་རབས་ལས། དྭགས་ཀོང་མཚམས་སུ་རྟག་རྒྱབ་འདུག་ཅིང་སྣང་རྫོང་ཁུལ་ལའང་གཉགས་གྲོང་ཚོ་ཞེས་འདུག་པར་བདེན་སྙམ། །
༡༠ མགུལ་ལྷ་ནི། དྲག་བདར་ལས། ཡུལ་ནི་དག་ཡུལ་དབྱི་སྣང་ན། དག་སྣ་གཉན་ཆེན་སྒམ་པོ་ནི། ཞེས་དང་། དག་རྗེ་གཉན་གྱི་ལྷ་རུ་ཆེ། ཞེས་སོ།།
རྒྱལ་ཕྲན་ནི། ཏུན་ཧོང་ལས། ཡུལ་དགས་ཀྱི་གྲུ་བཞི་ན། རྗེ་དགས་རྒྱལ་གྱྀ་སྤྲོག་ཟིན། བློན་པོ་ཕོ་གུ་དང་པོག་རོལ་གཉིས། ཞེས་སོ།།
གནས་ཡུལ་དངོས་ནི། དུང་དཀར་ཚིག་མཛོད་ལས། དྭགས་ཡུལ་གྲུ་བཞི། དྭགས་པོ་ཁུལ་གྱི་ས་ཆ་ཞིག་གི་མིང་ཡིན་ནམ་སྙམ། ཞེས་དྭགས་པོ་ཁུལ་ནི་དེང་རྒྱ་ཚ་རྫོང་དང་སྣང་རྫོང་ཁུལ་ཡིན་པར་སྣང་། །
༡༡ མགུལ་ལྷ་ནི། དྲག་བདར་ལས། ཡུལ་ནི་ཆིབས་ཡུལ་གོང་གསུམ་ན། ཆིབ་ལྷ་བྱང་རྨང་གཉན་པོ་ནི། ཆིབས་རྗེ་གཉེན་གྱི་ལྷ་རུ་ཆེ། ཞེས་སོ།།
རྒྱལ་ཕྲན་ནི། ཏུན་ཧོང་ལས། ཡུལ་མཆིམས་ཡུལ་དགུ་ཡུལ་ན། ལྷ་མཆིམས་ལྷའི་ཐན་འཚོ། རྗེ་མཆིམས་རྗེ་ནེའུ། བློན་པོ་དང་དང་། དིང་དིང་གཉིས། མཆིམས་རྟ་སེའུ་གད་ལ་བར་དང་བརྒྱ་སྟོང་རེ་ཐམ་འབའ། ཞེས་སོ། །
གནས་ཡུལ་དངོས་ནི། བོད་རྒྱ་ཚིག་མཛོད་ཆེན་མོ་ལས། མཆིམས། སྔར་བོད་ཀྱི་རིགས་རུས་ཤིག་དེའི་གནས་ཡུལ་གཙོ་བོ་ནི་དེང་སྐབས་བོད་རང་སྐྱོང་ལྗོངས་གྲ་ནང་རྫོང་ཁོངས་མཆིམས་ཞེས་པའི་ལུང་པའོ། །
༡༢ མགུལ་ལྷ་ནི། དྲག་བདར་ལས། ཡུལ་ནི་མྱང་ཡུལ་ཤིང་ནག་ན། མྱང་ལྷ་ཕུ་དར་གཉེན་པོ་ནི། ཞེས་དང་། མྱང་བཙན་གཉེན་གྱི་ལྷ་རུ་ཆེ། ཞེས་སོ།།
རྒྱལ་ཕྲན་ནི། ཏུན་ཧོང་ལས། ཡུལ་མྱང་ཡུལ་ཤིང་ནག་ནའ། ལྷ་མྱང་ལྷའི་བོ་མོ། རྗེ་མྱང་ཙུན་གྱི་རྒྱ་པོ། རྟ་མྱང་རྟ་ནག་བྲའ་དང་བརྒྱ་སྟོང་རེ་ཐམ་འབའ། ཞེས་སོ།
གནས་ཡུལ་དངོས་ནི། དུང་དཀར་ཚིག་མཛོད་ལས། ཉང་ཆུ། བོད་ལྗོངས་ཀོང་པོ་ས་ཁུལ་གྱི་ཆུ་བོའི་མིང་སྟེ། སྔར་བོད་ཀྱི་ཉང་ཞེས་པའི་རུས་རྒྱུད་ཚོ་བ་སྡོད་ཡུལ་གྱི་དབང་གིས་ས་ཆའི་མིང་ལ་བརྟེན་ནས་བཏགས་པའི་ཆུ་ཀླུང་ཞིག ཞེས་དེང་ཀོང་པོ་རྒྱ་མདའ་རྫོང་ཁུལ་དུ་ཡིན། །
༡༣ མགུལ་ལྷ་ནི། དྲག་བདར་ལས། ཡུལ་ནི་དྲང་ཡུལ་དྲང་སྟོད་ན། དྲང་ལྷ་དྲང་རྗེ་གཉེན་པོ་ནི། ཞེས་དང་། དྲང་རྗེ་གཉེན་གྱི་ལྷ་རུ་ཆེ། ཞེས་སོ།།
རྒྱལ་ཕྲན་ནི། ཏུན་ཧོང་ལས། ཡུལ་སྲིབ་ཡུལ་གྱི་རལ་མོ་གོང་ན། རྗེ་དྲང་རྗེ་རྣོལ་ནམ། བློན་པོ་ཞུག་ཚམས་དང་། དབྲད་གཉིས། ཞེས་སོ།།
གནས་ཡུལ་དངོས་ནི། དུང་དཀར་ཚིག་མཛོད་ལས། སྲིབས་ཡུལ་གྱི་རོལ་མོ་གོང་། འདི་ལ་ཏུན་ཧོང་ནས་ཐོན་པའི་བོད་ཡིག་གི་ལོ་རྒྱུས་ནང་ཀྲི་ཎའི་རོལ་མོ་གོང་ཞེས་གསལ་བ་ལྟར། དེང་སྐབས་ལྷོ་ཁ་སྣེ་གདོང་རྫོང་ཁོངས་འཇུ་ཆུས་ལ་ཀྲི་ཎ་ཟེར་བའི་ལུང་པ་གཅིག་དང་། འཕྱོས་ཆུས་ལ་རོལ་མོ་སྒང་ཟེར་བའི་གྲོང་ཚོ་གཅིག་བཅས་འདུག་པ་དེ་གཉིས་བསྡོམས་པའི་མིང་ཡིན་ནམ་སྙམ། ཞེས་གསུངས། གོང་དུ་དྲང་ཡུལ་དང་དྲང་སྟོད་དང་སྲིབ་ཡུལ་དང་གཅིག་པ་ཡིན་པ་ནི་དྲང་རྗེ་ལ་ལྟོས་ཏེ་ཧ་གོ་བར་སྣང་ངོ་། །
ཞར་བྱུང་དུ། རྒྱལ་ཕྲན་སིལ་མའི་ཡུལ་དངོས་ལ་ངོས་འཛིན་བྱེད་པར་ཧ་ཀྱང་སྨན་པའི་བོད་ཡུལ་དབུས་གཙང་རུ་བཞི་ལ་འདུལ་བའི་འདུས་སྡེའམ་འདུ་གནས་སོ་བདུན་དང་དེའི་ངོས་འཛིན་བཅས་མཁས་དབང་དཔལ་ཚུལ་གྱིས་གསུངས་པར་འདི་ལྟར་ཏེ།
དང་པོ་འདུ་གནས་སོ་བདུན། དབུ་རུ་ན་བཅུ་གསུམ་ཡོད་དེ། འདམ་ཤོད་སྣར་མོ་ནི་གཉན་ཆེན་ཐང་ལྷའི་མདུན་འདམ་གཞུང་། ངན་ལམ་རལ་གསུམ་ནི་བསམ་ཡས་ནས་སྐྱིད་ཤོད་དུ་ཡོང་བའི་བར། འཕན་ཡུལ་བྲག་དཀར་ནི་དབུ་རུའི་བྱང་ངོས་འཕན་པོའི་ནང་། མལ་དྲོ་ར་བ་ནི་དབུ་རུའི་ཤར་ལྷོའི་ཕྱོགས་མལ་དྲོའི་(གྲོ)ས། མཆིམས་ཀྱི་བྲག་དམར་ནི་བསམ་ཡས་མཆིམས་ཕུ། ཧས་པོ་རི་ཐང་ནི་བསམ་ཡས་ཧས་པོ་རིའི་གཞུང་། ལྷ་ས་ཡེར་པ་ནི་སྐྱིད་ཆུའི་རྒྱུད་ལྷ་སའི་གཞུང་། གནམ་གྱི་རེ་གོང་ནི་དབུ་རུའི་ནང་ལྷ་ས་དང་ཆུ་ཤུལ་བར་སྐྱིད་ཆུའི་ལྷོའི་ཆུ་འགྲམ། གནམ་མཚོ་དོ་རིང་ནི་གོ་སླ། སྟོད་རོས་ལུང་གསུམ་ནི་སྟོད་ལུང་ནང་། སྐྱིད་ཤོད་ལུང་ནག་ནི་སྐྱིད་ཤོད་ལྷོ་རྒྱུད། རེ་རྐྱང་ཤ་མཐའ་ཁ། མདོག་གུང་རྒྱལ་མོ་ཁ་གཉིས་ཀྱང་དབུ་རུ་ནང་།
གཡོ་རུ་ན་བདུན་ཡོད་དེ། འོལ་ཁ་ཤུག་གཅིག་ནི་འོལ་དག་མཚམས། ཉང་ལུང་ཤིང་ནག་ནི་བྲག་གསུམ་ནང་། གཡེ་ལུང་གོང་བར་ནི་ཨེ་དག་གི་མཚམས། རྐོང་ཡུལ་བྲེ་སྣ་ནི་རྐོང་པོ་བུ་ཆུའི་གཞུང་། ཡར་ལུང་སོག་ཁ་ནི་ཡར་ལུང་ལྷ་རིའི་གནས། ཟླུམ་ཤོད་ཐང་དམར་ནི་ཡར་ལུང་གཙང་པོའི་མདོ། མ་དྲོ་མཚོ་ཤོད་ནི་ལྷོ་ཁ་སྨད་མཚོ་སྣ་ཕྱོགས་ཉེ།
གཡས་རུ་ལ་བརྒྱད་ཡོད་དེ། འོ་ཡུག་ས་ནག་ནི་འོ་ཡུག་སྟོད། ཤངས་ཀྱི་ཞོང་ཞོང་ནི་ཤངས་ནང་གི་གནམ་གླིང་གི་འགྲམ། བྲུད་ཀྱི་མཁར་གདོང་ནི་ཐོབ་རྒྱལ་མཁར་སྣ། རྟ་ནག་རྐྱང་ཕུ་ནི་རྟ་ནག་འཇེད་ཕྱོགས་ཕུག་བརྔས་པའི་ལུང་ཕུ། འཇེད་ཀྱི་རྒྱང་མཁར་ནི་མཐོང་སྨོན་ཕྱོགས། རྟ་ཕུ་དྲོས་ལྷས་ནི་མུས་ཀྱི་ཕུ་བྱང་འབྲོག་མཚམས། གཙང་གི་གྱེར་ཕུག་ནི་མདོག་གཞུང་གི་ཕུག ཟང་ཟང་ལྷ་བྲག་ནི་གཙང་པོའི་བྱང་རྒྱུད་ཟང་ཟང་ལྷ་གཉའ་བྲག །
རུ་ལག་ན་དགུ་ཡོད་དེ། ཉང་སྟོད་སྟག་ཚལ་ནི་ཉེ་རོ་ལུང་པའི་ཕུ། ཆུ་འགོ་སྟག་རིང་ནི་ཆུ་མིག་རིང་མོ་ཟེར་ཏེ་གཞིས་རྩེའི་ལྷོ། མཁར་ཆེན་བྲག་དཀར་ནི་དེ་ནས་འབྲིག་མཚམས་ཕྱོགས་འགྲོ་ལམ་ཡོད་དེ་དེང་སང་བྲག་དམར་ཟེར། མཚོ་རྔ་དྲིལ་ཆུང་ནི་འབྲིག་མཚམས་བྱང་ཁར་ཡོད། གཉེན་རྩེ་ཐང་ཤོད་ནི་དེའི་ནུབ་ཉེ་བར་དུ་བླ་མ་གཤེན་གྱི་བཞུགས་གནས། གྲམ་པ་ཁ་འུ་ནི་ས་སྐྱའི་ཡར་གྲམ་པའི་ལུང་ནང་། རག་ཟ་ཐང་ཟླུམ་ནི་གྲམ་པ་དང་མང་མཁར་གཉིས་བར་བྱེ་བྲག་ཅིག་ཡིན་ཚོད་དེ་དཔྱད། མང་མཁར་མདོ་ཕུག་ནི་གཙང་པོའི་ལྷོ་ཕྱོགས་མང་མཁར་ལུང་པའི་མདོ་ལྕགས་འཕྲང་ཕུག་མོ་ཆེ། ལྷ་ཡུལ་གུང་ཐང་ནི་མང་ཡུལ་གུང་ཐང་ཞེས་ཏེ་ལ་སྟོད་རྩེ། ཞེས་གསུངས་པས་འདི་ནི་རྒྱལ་ཕྲན་སིལ་མའི་ཁོངས་གཏོག་བོད་བཙན་པོའི་སྐབས་ཀྱི་བོན་གྱི་འདུ་གནས་ཤ་དག་ཡིན་པར་དཔྱད་གཞིའི་རིན་ཐང་གལ་ཆེན་བ་ཞིག་རེད་འདུག་པས་འདིར་བཀོད་པ་ཡིན་ནོ། །
དེ་ལྟར་བོད་བཙན་པོའི་གོང་དུ་བྱུང་མྱོང་ཡོད་པའི་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཞེས་ཡོངས་སུ་གྲགས་མོད། དོན་དུ་རྒྱལ་ཕྲན་སིལ་མ་བཅུ་གཉིས་དེ་གཏན་ཁེལ་གང་ཡིན་མིན་དབྱེ་དཀའ་བར་འདུག་སྟེ། ཏུང་ཧོང་ཡིག་རྙིང་ལས། རྒྱལ་ཕྲན་སིལ་མའི་སྐོར་ཁོ་བོས་འཐོང་བ་གཉིས་ཙམ་འདུག་པར་གྲངས་ཀ་བཅུ་དྲུག་ཅན་དང་བཅུ་གསུམ་ཅན་སྣ་ཁ་གཉིས་ཙམ་འདུག་ཅིང་མདོར་ནས་དེ་ཚོ་མ་འདྲ་བ་ཉི་ཤུ་ཐམ་པ་འདུག ལྡེའུ་ཆོས་འབྱུང་ལས། རྒྱལ་ཕྲན་བཅུ་གཉིས་དང་རྒྱལ་ཕྲན་སིལ་མ་བཞི་བཅུ་རྩ་གཉིས་ཞེས་གསུངས་མོད་དོན་དུ་མདོར་ན་བཅོ་ལྔ་འཁོད་འདུག ཆོས་འབྱུང་མཁས་པའི་དགའ་སྟོན་ལས། རྒྱལ་ཕྲན་སིལ་མ་བཅུ་གཉིས་ཞེས་གསུངས་མོད་མདོར་ན་བཅུ་བཞི་འཁོད་འདུག དེ་ལྟར་ཆོས་འབྱུང་གཉིས་ལ་རྒྱལ་ཕྲན་བཅུ་གཉིས་ཏག་ཏག་རྩིས་ཤིང་གཉིས་སམ་གསུམ་ནི་མར་རྒྱལ་ཕྲན་བཞི་བཅུའི་ཁོངས་སུ་རྩིས་མོད། ཏུན་ཧོང་ཡིག་རྙིང་ལ་ལྟར་ནས་རྒྱལ་ཕྲན་བཅུ་གཉིས་དང་བཞི་བཅུའི་དབྱེ་བ་གསལ་པོ་མེད་པ་ནས་ཡང་སྙིང་གཏན་ཁེལ་གྱི་རྒྱལ་ཕྲན་བཅུ་གཉིས་ཞེས་ལོགས་སུ་དབྱེ་དཀའ་བར་འདུག དེས་ན་བོད་ཀྱི་མགུལ་ལྷ་བཅུ་གསུམ་ཞེས་པའི་རྒྱབ་རི་ཡུལ་ལྷ་ནི་བོད་ཡུལ་ཀྱི་དམིགས་གསལ་གྱི་ཡུལ་ལྷའམ་མི་ཚང་ངམ་རྒྱལ་ཕྲན་སོ་སོའི་སྐྱེས་ལྷ་གལ་ཆེན་ཞིག་ཡིན་པའི་ངོས་ནས། <སྲིད་པའི་ལྷ་རྒོད་བདར་> གྱི་དཔེ་གཞུང་དཔེ་རྙིང་འདི་ཡི་ནང་དུ་བོད་ཀྱི་མགུལ་ལྷ་བཅུ་གསུམ་ཞལ་གསལ་བར་གསུངས་པ་འདི་ནི། རྒྱལ་ཕྲན་སིམ་མ་བཅུ་གཉིས་དང་སྤུ་རྒྱལ་བཙན་པོ་དང་བཅུ་གསུམ་གྲངས་ཀ་ཏག་ཏག་འགྲིག་བཞིན་འདུག་པས། གནམ་གྱི་ཁྲི་བདུན་གྱི་སྐབས་སམ་སྤུ་རྒྱལ་བཙན་པོའི་གོང་གི་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་གཏན་ཁེལ་ཤོད་ཐུབ་པ་ནི་འདི་མ་ཡིན་ནམ་སྙམ་པ་ཡིན། རྒྱུ་མཚན་ནི་དཔེ་རྙིང་འདི་སྤུ་རྒྱལ་གནམ་གྱི་ཁྲི་བདུན་གྱི་སྐབས་སུ་བྱོན་པའི་སྟོང་རྒྱུང་མཐུ་ཆེན་ཤ་རི་ཨུ་ཆེན། དྲན་པ་ནམ་མཁའ་ལི་ཤུ་སྟག་རིང་བཞི་ཡིས་རྒྱས་བདབ་པའོ། ཞེས་གསུངས་པས་ཆེས་གནའ་བོའི་དཔེ་རྙིང་ཞིག་རེད་འདུག་པ་མ་ཟད་བརྡ་རྙིང་མང་བར་ཕྱིས་སུ་དག་གཅོས་ཆེར་མ་བྱས་ཤིང་བོད་ཀྱི་ལོ་རྒྱུས་དངོས་དང་མཐུན་ཆེ་བཞིན་འདུག་པས་སོ། འོ་ན་སྲིད་པ་ལྷ་རྒོད་དྲག་བདར་ལས་མ་གསལ་བའི་རྒྱལ་ཕྲན་གཞན་དག་རྣམས་གང་དུ་གཏོགས་ཞེ་ན། དེ་ནི་རྒྱལ་ཕྲན་སིལ་མ་བཞི་བཅུའི་གྲལ་དུའམ་ཡང་ན་ཕྱིས་སུ་བོད་བཙན་པོས་མངའ་ཁོངས་སུ་བསྡུས་པའི་རྒྱལ་ཕྲན་དག་ཡིན་པར་སྙམ་མོ།།
དེ་ལྟར་བོད་ཀྱི་མགུལ་ལྷ་དང་རྒྱལ་ཕྲན་དང་འབྲེལ་བའི་སྐོར་ས་བཅད་ཙམ་དུ་གླེང་བ་འདི་ནི། སྤྱིར་ན་བོད་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པས་རྒྱལ་ཕྲན་སིལ་མའི་སྐོར་ཁ་གསལ་མེད་པ་དང་སྒོས་སུ་གུས་པ་ཤེས་བྱ་དམན་པས་གནས་ཡུལ་ངོས་འཛིན་ཞིབ་གསལ་མེད་པ་དང་ནོར་འཛོལ་བྱུང་ཡོད་ངེས་པས། མ་འོངས་པར་བོད་རིག་པ་བའི་མདུན་དུ་དཔྱད་གཞིའི་ཚུལ་དུ་བཤམས་པ་ལས་ཁོ་བོས་ཁ་ཚོན་བཅད་པ་ཞིག་ག་ལ་ཡིན། ཐུགས་ལ་འདོགས་པར་མཚལ་ལོ།། ཞང་ཞུང་ཁྱུང་ལུང་དངུལ་མཁར་བ་ཚུལ་ཁྲིམས་ཕུན་ཚོགས་ཀྱིས། ༢༠༡༧/༧/༣༡ཉིན།
དཔྱད་གཞིའི་ཡིག་ཆ་ནི།
<སྲིད་པའི་ལྷ་རྒོད་བདར་དབུས་ཕྱོགས་བཞུགས་སྭོ།།> དཔེ་རྙིང་སྣ་རིང་མ།
<ཏུན་ཧོང་ཡིག་རྙིང་ངམ་ཏུན་ཧོང་།> ལས། ཞེས་པ་ནི་འབྲི་གུང་སྐྱབས་མགོན་ཆེ་ཚང་གིས་བསྒྲིགས་པའི་<ཏུན་ཧོང་ཡིག་རྙིང་ལས་བྱུང་བ། >ཞེས་པའི་ནང་དུ་བཏུས་པ་ཡིན། དེའང་<མཁར་ཆུང་རྒྱལ་ཕྲན་སིལ་མའི་མ་ཡིག་ངོ་འདྲའི་བྲིས་ཞུས་མཆན་ཅན།>ཞེས་པ་དེ་དང་<ཡུལ་ཆུང་རྒྱལ་ཕྲལ་སིལ་མའི་མ་ཡིག་ངོ་འདྲའི་བྲིས་ཞུས་མཆན་ཅན།> ཞེས་པ་དེ་དང་<གཉའ་ཁྲི་བཙན་པོའི་གདུང་ཁུངས་མི་འདྲ་བ་ཁག་གསུམ་གྱི་མ་ཡིག་ངོ་འདྲའི་ཞུས་མཆན་ཅན།>སོགས་ཡིན། <དུང་དཀར་ཚིག་མཛོད།> མཁས་དུང་དཀར་བློ་བཟང་ཕྲིན་ལས་ཀྱི་བརྩམས། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་གིས་བསྐྲུན།
<གཉའ་ཁྲི་བཙན་པོའི་ཞིབ་འཇུག> གཡང་མོ་མཚོས་བརྩམས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།
<གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས།> སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
<ཆོས་འབྱུང་མཁས་པའི་དགའ་སྟོན།> དཔའ་བོ་གཙུག་ལག་ཕྲེང་བས་བརྩམས། མི་རིགས་དཔེ་སྐྲུན་ཁང་།
<མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ།> བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།
མགུལ་ལྷ་རེད་དམ་མགུར་ལྷ་རེད་དམ་མགོན་ལྷ་རེད་གསལ་བཤད་བཀྲིན་ཆེ་བ་ཞུ་།
ཆེད་རྩོམ་འདི་ནི། བོད་མིས་བོད་རིག་པར་ཞིབ་འཇུག་ཚད་ལྡན་གྱི་གྲལ་དུ་གྱུར་པས་ཤིནད་ཏུ་ལེགས་སོ།།
མགུལ་ལྷ་ཟེར་ན་གང་རེད་།
མགུར་ལྷ་ཟེར་ན་གང་རེད་།
མགོན་ལྷ་ཟེར་ན་གང་རེད་
མཁས་པ་ཚོའི་གསལ་བཤད་གནང་རོགས་།
དིང་སང་གི་འབྲུག་ཆོས་ལ་གཟིགས་དང་།
https://www.facebook.com/karzechoekyi.gyaltsen?hc_ref=ARQIinKGgRZTDgVJntJyXboFamuBUZ4QYFzL1Q0qH1n0qGUuClxyaLpUbgQ_JQkeU7E&fref=nf
མགུལ་ལྷ་མགུར་ལྷ་མགོན་ལྷ་གསུམ་།
ཚད་ལྡན་ཐ་སྙད་གསལ་སྟོན་ཟབ་།
མ་དག་ཡིག་ནོར་ས་སྟེང་ཁྱབས་།
དག་བཅོས་མཁས་པས་གསལ་སྟོན་ཟབ་།
དཔལ་ལྡན་ཁ་བརྡ་ཚང་གིས་འདིར་ལྟར་བཀོད་སྤེལ་གནང་བར་སྙིང་ནས་སྐུ་དྲིན་ཆེ་ཞུ། །
དུས་རྒྱན་མགྲིན་པ་ལ་་་མགུལ་་་ལབ་གསོལ་ཡོད། སངས་རྒྱས་ཀྱིས་བཀའ་གསུངས་དུས་མགུལ་གྱི་བུམ་པ་ནས་དྲངས། ཅེས་བརྗོད་སྲོལ་ཡོད་པ་ཇི་བཞིན། བོད་བཙན་པོའི་མགུལ་ནས་ཧ་ཅང་གཙིགས་ཆེའི་འདུ་ཤེས་ཀྱིས་བོད་ཀྱི་ཡུལ་ལྷ་འདི་རྣམས་ཀྱི་མཚན་སྨོས་ནས་གསོལ་མཆོད་གནང་སྲོལ་ཡོད་པས་ན། མགུལ་ལྷ་ཞེས་པའི་མིང་ཚིག་འདི་བྱུང་བ་ཡིན་སྲིད། དེས་མ་ཚད་བོད་བཙན་པོའི་མགུལ་ལྷ་ཞེས་བརྗོད་པ་ཙམ་གྱིས་ཡུལ་ལྷ་དེ་རྣམས་གནས་སའི་ཡུལ་ཁམས་དེ་དག་ཀྱང་རང་བཞིན་གྱིས་བོད་བཙན་པོའི་ཆབ་འབངས་སུ་གྱུར་བ་མཚོན་བྱེད་ལྟ་བུ་ཡང་ཡིན་སྲིད། །
བོད་མིའི་ཤ་ཁྲག་རུས་གསུམ་རང་ཆས་སུ་ཁུར་ནས་དུས་རྒྱུན་དུ་བོད་མི་ཡིན་བསམ་པའི་སེམས་ཁྲལ་ཁུར་སྡོད་མཁན་ཚོས། བོད་རང་གི་རིག་གནས་སྣ་ཁ་གཅིག་རང་ལ། དོ་ཁུར་དང་སློབ་སྦྱོང་གནང་ཐུབ་པ་ཡིན་ན། འདི་ནས་འཆི་འཕོ་བྱུང་བའི་དུས་ཉིད་ལའང། ཁྱེད་ཀྱི་རྣམ་པར་ཤེས་པ་མདའ་འཕངས་བ་ལྟར་བོད་གངས་ཅན་གྱི་ཞིང་དུ་སྐྱེ་བ་ལེན་པའི་རྒྱུ་རུ་ཡང་དག་པར་འགྱུར་ངེས་སོ། ། ཨཱོཾ་བོད་བོད་ཡུལ་དུ་སྐྱིད་སྭཧཱ། །
དུས་བབ། > གསར་འགྱུར།
༡༩༥༩ ལོར་མའོ་ཙེ་ཏུང་དང་ཀཱུ་རུ་ཤ་ཤིཕ་གཉིས་ཀྱིས་རྒྱ་དཀར་ནག་གི་ས་མཚམས་སྐོར་ལ་རྩོད་པ་བརྒྱབ།
་
http://tibettimes.net/2017/08/06/161691/
སྟོངས་ཆ་ཆེ་བའི་ལོ་རྒྱུས་ཡིག་མཛོད་ལ་།
གཅིག་ཏུ་ངོས་འཛིན་ཐུབ་པའི་ཁྲིམས་ལུགས་དཀོན་།
རང་རང་རིག་པས་ངོས་འཛིན་བློ་ཡིས་དཔྱད་།
རྣམ་དཱོགས་སེལ་བའི་ཤེས་རབས་རྙེད་པ་ཤོག་།
དུས་སྔ་མོའི་མི་གི་ལོ་རྒྱུས་ནང་འདྲེ་ཙན་ལ་སྐྱབས་བཅོལ་ནས་མི་ཚེ་སྐྱེལ་མཁན་ཡོད་པ་ནི་གསར་བརྗེ་དང་གསར་གཏོད་སོགས་རིག་པའི་རྣོ་ངར་ལ་འགན་སྲུང་མ་ཐུབ་ནས་འདྲེ་ཙན་སོགས་གཟུགས་མེད་ལ་གཟུགས་སུ་བཀོད་ནས་མི་མང་གི་འཚོ་བ་ལ་འགན་སྲུང་བྱེད་པའི་གྲལ་རིམ་དེ་དག་དེང་སྐབས་འཇུག་བསྡུས་ནས་སྤྱི་ཚོགས་འཕེལ་རིམ་གྱི་གསར་བརྗེའི་ལ་ཁ་ཕྱོགས་ནས་ཞི་བའི་མི་མང་གི་འཚོ་བ་ལ་དོན་དངོས་ལག་ལྟར་བྱེད་བཞིན་པའི་ཚན་རིག་དང་འཕྲུལ་རིག་གི་དུས་རབས་ནས་ད་དུང་ང་ཚོའི་ཕྱི་ཤིག་རྒྱབ་ནས་མགུལ་ལྷ་དང་མགུར་ལྷ་མགོན་ལྷ་སོགས་ལ་དུས་ཚོད་བསྐྱལ་ནས་བཞུགས་རྒྱུ་ཡིན་ནམ་
ཧཧཧ
ཙག་བཀྲ་བཟོ་མི་ཤེས་མཁན་མིས་ག་རེ་གསར་བརྗེ་དང་གསར་གཏོད་བྱ་རྒྱུ་ཡོད་དམ། གནམ་གྲུའི་བབ་ཐང་ནི་རྒྱ་མིས་བཟོས་སོང། མོ་ཊའི་ནག་ལམ་ནི་རྒྱ་མིས་བཟོས་སོང་། རི་ལི་ལྕགས་ལམ་ནི་རྒྱ་མིས་བཟོས་སོང་། སློབ་གྲྭ་དང་སྨན་ཁང་ནི་རྒྱ་མིས་བཟོས་སོང་། དེང་སང་དགོན་སྡེ་ཆེ་ཁག་གི་ཨར་ལས་གཞི་ཆེ་བ་འགྲོ་བཞིན་པ་དེ་རྣམས་ཀྱང་རྒྱ་དངུལ་འབོར་ཆེན་ལ་བརྟེན་ཡོད། ད་ཅི་འདུག་སོམས་དང་།
དེ་ལས་རྒྱ་གར་ལའང་བད་མེད་དུ་གྱུར་ཟིན་པའི་སཱ་དྷུ་སྦ་བའི་ངན་སྔགས་རྙིང་པ་འདྲ་འདོན་ནས་མི་ཚེ་སྐྱེལ་བསྡད་ན་ཡག་ཤོས་ཡིན་ས་མིན་གདའ་ནི།
ང་ནི་རྩམ་འགམས་ཅིག་བརྒྱབ་གྱིན། ཇ་ནག་ཐང་ལ་ཕོར་མར་བླུགས་ནས་བཏུང་གིན་བསྡད་ཡོད།
ཧ་ཧ་བོད་མི་་རིགས་དེ་འདྲའི་སྐྱོ་བོ་ཨ་ཡིན་ན་ང་ཚོའི་མ་བྱས་པ་དང་མ་ལས་པ་མ་རྟོགས་བོད་མི་རིགས་ཀྱི་རིག་རྩལ་དང་འཇོན་སྟངས་ནུས་པ་སྙིང་སྟོབས་མཆོད་སེམས་འགན་འཁུར་དྲང་བདེན་ལྷག་བསམ་རྒྱལ་ཞེན་སོགས་འཛམ་གླིང་གི་’མི་རིགས་གཞན་དང་སྡུར་ན་སྔོན་འཐོན་མེད་ན་ཡང་རྗེས་ལུས་ནམ་ཡང་མིན་པ་ནི་སྒྲུབ་ཐོབ་ཐང་སྟོང་རྒྱལ་པོའི་བོད་ནང་ལྕགས་ཟམ་བཙུགས་པ་ལས་ཤེས་ཐུབ་ན་ནམ་ཡང་སེམས་ཤུགས་ཆག་མི་ཉན་ནོ་།
#12 BONPO ་ལགས།
སྔར་རྒྱ་གར་དུ་ན་ལེན་དྲ་དེ་རྒྱ་གར་བས་འཛི་སྐྱོང་བྱས་པ་དང་། བརྒྱ་ཕྲག་བརྒྱ་དགུ་ནས་ལང་བཅུ་ང་དགུའི་བར་དང་། དེ་ནས། ང་དགུ་ནས་ཉི་སྟོང་བརྒྱ་མེད་བཅུ་བདུན་བར་འཛིན་མཁན་དེ་བོད་མི་ས་ཡ་དྲུག་གིས་འཛིན་སྲུང་སྤེལ་སྐྱོང་བྱེད་བཞིན་འདི་ཁྱེད་ཀྱིས་མི་མཐོང་ངམ།
རྒྱ་ནག་ཡར་འགྲོ་བ་དེ་བོད་སའི་གཏེར་རྫས་ཀྱིས་ཕྱིན་པ་ཁྱེད་ཀྱིས་ཤེས་མི་ཐུབ་བམ། རྒྱ་དཀར་ནག་གི་ཞི་བདེ་དེ། ༸གོང་ས་མཆོག་གིས་བཀའ་དྲིན་ལ་བརྟེན་ནས་འོང་བཞིན་པ་འདི་བོད་མིས་མི་ཤེས་སམ། འཛམ་གླིང་ཞི་བདེ་ལ་བོད་ཀྱི་ཆོས་དང་རིག་ཞཞུང་། ས་ཁད་དང་བོད་མི་རིགས་ཀྱིས་ཞབས་འདེགས་ཞུ་བཞིན་པ་འདི། གནམ་གྲུའི་བབ་ཐང་་དང་། ལམ་ཁ་བོ་མཁན་ཞིག་དང་འགྲན་བཟོད་ཐུབ་བམ། ཁྱེད་བོད་རིགས་ཤེས་ཡོན་པ་ཞིག་གི་་གྲལ་དུ་བཞུགས་ཡོད་པ་མེད་པེ། ལགས།། །།
ད་ཡང་ལྕགས་ཟམ་བཟོ་མཁན་ཁོ་ཡང་གྲུབ་ཐོབ་ཅིག ཨ་ཙི་འདི་འདྲ་ཡ་མཚན་ལ། ཡང་ཁོས་བཟོ་སྟངས་བཟོ་ལུགས་ག་འདྲ་བྱས་ཡོད་པ་ཡིན་ནམ། གྲུབ་ཐོབ་མ་ཡིན་ན་ལྕགས་ཟམ་མི་ཤེས་པ་འདྲ་པོ། ཧཧཧ
ཆོས་གྲོགས་ཀརྡོ་རབ་འབྱམས་པ་ལགས་ཀྱི་བཀའ་སློབ་རྣམས་བདག་གིས་ཐོས་ཡོད་དོ། གུས་པས་ནི་མིག་སྔར་གང་མཐོང་བ་དེ་སྲོང་པོར་ཞུས་པ་ཡིན། སྔར་མིའི་ཁ་དཔེ་ལ། གཏམ་མདའ་མོ་གཉིས་དེ་དྲང་ན་དགའ་་་ཞེས་གསུངས་སྲོལ་ཡོད་པ་ཇི་བཞིན་དྲང་པོར་ཞུས་པའི་ཁུལ་ཡིན་ནོ། རྒྱབ་ལོག་གི་གནས་ཚུལ་ཁག་ནི་བདག་བློ་ཆུང་ཁོང་དགེས་དེ་ཙམ་མི་ཤེས། དགོངས་འགལ་མེད་པ་ཞུ། །
རྗེ་ཡི་མགུལ་ལྷ་བཅུ་གསུམ་གྱི་བླ་རི་དང་གནས་ཡུལ་ཚང་མ་དབུས་གཙང་ལ་འདུག བྱུང་རབས་འདི་ཚོས་དབུས་གཙང་ནི་སྔར་སྔ་མ་བོན་ཁམས་ཤིག་ཡིན་པ་ངང་ངམ་ཤུགས་ཀྱིས་བསྟན་པ་རེད། དེང་སང་གི་དབུས་གཙང་བ་དེ་ཚོའི་གྲལ་དུ་རང་གི་མེས་པོ་སྐུ་དྲིན་ཅན་གྱི་ཞབས་རྗེས་ལ་ཐུགས་སྣང་གནང་མཁན་ཡོད་དམ། ཡང་མིན་ན་སྔ་རབས་ཀྱི་མེས་པོ་དེ་ཚོར་བྱ་རྒྱུ་ལས་རྒྱུ་མ་རགས་ནས་སྣང་བར་གང་དྲན་བྱས་བཞག་དེ་འདྲ་ཡིན་ནམ། །
བོད་ཡུལ་དབུས་གཙང་རུ་བཞི་ལ་བོན་གྱི་འདུ་གནས་སོ་བདུན་བྱུང་བའི་ལོ་རྒྱུས་ལ་གཟིགས་དང་། འདུ་གནས་སོ་བདུན་ནི་བོད་རྒྱལ་གཉིས་པ་མུ་ཁྲི་བཙན་པོའི་སྐུ་རིང་ལ་ཕྱག་བཏབས་པའོ་ལོ་རྒྱུས་ཡོད་། །
ཨ་རིའི་བོད་སྐད་རླུང་འཕྲིན་ཁང་གི་་་མི་དཀར་མཆོག་འཛིན་ལས་འགུལ་་་ཞེས་པའི་གླེང་མོལ་ལེའུ་ཚན་ཞིག་སྤེལ་སོང་། དེར་དྲི་བ་གཏོང་མཁན་རྡོ་རྗེ་ཚེ་བརྟན་ལགས་དང་དྲིན་ལན་འདེབས་མཁན་ཚེ་བརྟན་དབང་ཕྱུག་ལགས་རྣམ་གཉིས་རེད་བཞག །
འདིར་ཚེ་བརྟན་དབང་ཕྱུག་ལགས་ཀྱིས་་་ན་རྫིའི་ལས་རྟགས་དེ་་་གཡུང་དྲུང་་་་卍་་་རེད་ཟེར་ནས་ཡང་ནས་སྐྱར་དུ་གསུངས་ཀྱི་འདུག འདིའི་སྐོར་ལ་ཁོང་གིས་ཐུགས་བཟབ་དང་ཞིབ་འཇུག་གནང་མྱངས་སམ། རྒྱ་གར་གྱི་ཆོས་ལུགས་པ་མངས་པོས་་་སོ་བཱ་སོ་ཏི་ཀ་་་ཞེས་པ་རི་མོ་་་卐་་་འདི་ལྟར་བྲིས་ཡོད་པ་དེ་་་ན་རྫིས་་་བེད་སྤྱོད་བྱས་ཡོད། ཡིན་ནའང་ན་རྫི་དང་རྒྱ་གར་ཆོས་ལུགས་པའི་དབར་འབྲེལ་ལམ་བྱུང་ཡོད་མེད་ངས་ནི་མི་ཤེས་སོ། འོན་ཀྱང་བོད་ལུགས་་་་གཡུང་དྲུང་་་རི་མོ་དངོས་གནས་འདི་ལྟར་བྲིས་པ་དེ་་་་卍་་་་ན་རྫིས་བྱེད་སྤྱོད་བྱས་མྱངས་མེད། དེ་ནི་འདྲ་དཔར་སོགས་ལ་ཞིབ་བལྟས་གནང་ན་ཤེས་བསླ། རྒྱ་གར་ཆོས་ལུགས་ཀྱིས་བོད་ཡུལ་དུ་དབང་བསྒྱུར་འགོ་འཛུགས་མ་བྱས་པའི་ཡར་སྔོན་ནས་བོད་ཡུལ་དུ་་་གཡུང་དྲུང་་་གི་མིང་ཚིག་དང་་་གཡུང་དྲུང་གི་རི་མོ་་་ཡོད་པར་ཕལ་ཕེར་གཞི་གྲུབ་པ་རེད། གཡུང་དྲུང་་་ཞེས་པའི་མིང་ཚིག་འདི་ནི་བོད་རང་གི་མིང་ཚིག་བཅོས་མིན་ཞིག་དང་། རི་མོ་འདི་ཡང་བོད་རང་ལ་སྔར་ནས་ཡོད་བསྡད་པ་ཞིག་ཡིན། དེར་མ་ཚད་གཡུང་དྲུང་ཞེས་པའི་མིང་ཚིག་འདི་ནི་བོད་རང་ས་ནས་བྱུང་བའི་ཆོས་ལུགས་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན་པས། རང་སའི་ཆོས་ལུགས་ལ་མཐོང་ཆུང་དང་ཁྱད་གསོད་འགྲོ་བའི་རྣམ་འགྱུར་ཐོན་གྱི་འདུག་ན་ཐུགས་གཟབ་གནང་བའི་རེ་བ་ཡོད། ངས་ནི་བོད་ཀྱི་གཡུང་དྲུང་་་དང་་་རྒྱ་གར་གྱི་སོ་བཱ་སོ་ཏི་ཀ་་་གཉིས་ཀྱི་བྱེད་ལས་དང་གོ་དོན་ཡིན་ལུགས་སོགས་འབད་དེ་ཁག་ཁག་ཡིན་པར་ངོས་འཛིན་བྱེད། ན་རྫིས་ལས་རྟགས་དེ་འདྲ་གཟུགས་ཀྱི་ཆ་ནས་སོ་བཱ་སོ་ཏི་ཀ་རེད་ཟེར་ནས་བཤད་ན་འགྲིག་གི་ཡོད་འགྲོ ཡིན་ནའང་གཡུང་དྲུང་རེད་ཟེར་ནས་་བཤད་ན་རྩ་བ་ནས་མི་འགྲིག་པའི་རྒྱུ་མཚན་སྟོང་གི་འགྲེལ་བརྗོད་བདག་ལ་ཡོད་པས། གསར་འགོད་པ་ཚོས་ཁ་བཤད་ཙམ་མིན་པར་བོད་ཀྱི་རིག་གཞུང་གི་གཏིང་ཚོད་ལེན་དགོས་པའི་རེ་བསྐུལ་ཞུ་བ་ཡིན་ནོ། །
https://www.voatibetan.com/a/3988026.html
གཡུང་དྲུང་་་་གི་མིང་ཚིག་དང་རི་མོ་འདི་དག་ནི་བོད་རང་སའི་ཆོས་དང་རིག་གཞུང་གང་ཅིར་སྲིད་པ་སྔར་ནས་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན་པས། བོད་རང་ལ་མཚོན་ན་མིང་ཚིག་འདི་ལས་བསླ་པོ་ཞིག་རྩ་བ་ནས་མ་རེད།
དེ་འདྲ་ཡིན་དུས་ཕྱི་རྒྱལ་མི་གསོད་ཁྲག་སྦྱོར་གྱི་ཚོགས་སྡེའི་ལས་རྟགས་དེ་་་གཡུང་དྲུང་་་རེད་ཟེར་ནས། དུས་ངན་སྙིགས་མའི་བོད་ཀྱི་ཤེས་ཡོན་པ་ཡིན་ཟེར་མཁན་ཚོས་འདི་འདྲ་དུས་ནམ་ཡང་རྫོད་མི་ཉན། ཕྱི་གཟུགས་འདྲ་པོ་ཡོད་པ་ཡིན་ནའང་ནང་དོན་གཅིག་པ་མ་རེད། གཅིག་པ་མིན་སོང་དུས་མིང་ཚིག་གཅིག་གྱུར་བེད་སྤྱོད་གཏོང་མི་ཉན། ཉན་ཚབས་ཅན་གྱི་གོ་ལོག་ཐེབས་པའི་ཉན་ཁ་ཡོད་པས་བོད་པ་ཚོས་རང་སྡུག་རང་གིས་མི་ཉོ་བའི་རེ་བསྐུལ་ཞུ་བ་ཡིན་ནོ། །
གཡུ་དྲུང་བོན་གྱི་བསྟན་པ་དར་བའི་དར་བརྟགས་རེད་།
དེ་ལ་དཔེ་བླང་གཡུ་དྲུང་རི་མོ་འཛམ་གླིང་གང་སར་ཁྱབ་།
ཕལ་ཆེར་རྒྱུ་ཚན་མ་མཐོང་ལས་རྟགས་ཙམ་དུ་ཟད་།
གསར་འགོད་རིག་པས་གང་བསམ་བརྗོད་ལ་འགན་།
གནད་དོན་འདི་ཚོ་གནས་ཚུལ་ཆུང་ཆུང་རྩ་བ་ནས་མ་རེད། རྙོག་གྲ་ཆེན་པོ་ལངས་རྒྱུའི་ཉན་ཁའི་རྩ་བ་ཡིན་པས། སྐད་ཆ་ཤོད་དུས་བསམ་བློ་ཡག་པོ་གཏོང་རོགས་གནོངས། །
ཁྱེད་དགེ་རྒན་དགེ་ཕྲུག་ཚོའི་སོ་བཱ་སོ་ཏི་ཀ་དང་འདྲ་པོ་འདུག་པས་དམ་ཆོས་དར་བའི་དར་རྟགས་ཡིན་འགྲོ། དཔེ་བླངས་ཡོད་མེད་ནི་མི་ཤེས་ཏེ། ཧ་ཅང་འདྲ་བར་གྱུར་པ་ཞིག་འཛམ་གླིང་གང་སར་ཁྱབ་པ་དེ་མིག་ལྡན་ཀུན་གྱིས་ལོས་མཐོང་། གཞུང་པ་ཚེ་དབང་བསོད་ནམས་ལགས་ལ་ཕུལ་བ་ཡིན་ནོ། །
བོད་ཀྱི་བང་སོའི་སྐོར་ལ།
https://www.facebook.com/sherab.lobsang.94?hc_ref=ARTzK9npZk1lVpkoenQIOjF52MT2ML6TeRdxTyifbD1VzTc6v_g7mNXrBgiLHcaAiYc
བོད་ཀྱི་ས་ཁྲའི་ནང་གི་ཡ་མཚན་དངོས་འབྱུང་ལ་ལན་ཅིག་གཟིགས་དང་།
https://www.facebook.com/sherab.lobsang.94?hc_ref=ARTzK9npZk1lVpkoenQIOjF52MT2ML6TeRdxTyifbD1VzTc6v_g7mNXrBgiLHcaAiYc
རྗེ་ཡི་མགུལ་ལྷ་བཅུ་གསུམ་སོགས་སྲིད་པའི་ལྷ་རྒོད་དྲག་བདར་་བྱེད་ཀྱིན་བསྡད་ཡོད། འཕགས་ཡུལ་གྱི་མགོན་པོ་ཅིག་ཅིག་མག་མག་ཉོག་ཉོག་ཟེར་ནས།
བོད་རང་གི་ཡུལ་ལྷ་གཞི་བདག་དེ་ཚོ་ལ་མཐོང་ཆུང་དུས་ནམ་ཡང་གཏོང་མི་ཉན། བོན་གོག་སྐྱ་ཡུ་ཚོ་ཝར་ལངས་ནས་འདི་ཚོས་ལ་སྐོར་ལ་ཅུང་འཐུས་ཤོར་བཏང་མེད་དམ་སྙམ། །
གཡུང་དྲུང་སྐོར་ལ།
https://www.facebook.com/RevealedMysteries1/videos/10155696033131103/?hc_ref=ARQuc0TVDEaMUCs0qDDWJ0V5Al08Htq–cwOPwMDuZXtQXh48R66uTUKye4KqBUTG7o
བཻ་རོ་ཙ་ན་དང་འབྲེལ་བའི་ལོ་རྒྱུས་མདོར་བསྡུས། ཟེར་བའི་ནང་དུ་རྙིང་ཆོས་བོན་ཡིན་ཚུལ་བཤད་འདུག དེ་ལ་རྒྱུ་མཚན་ཡོད་མེད་བཤད་དཀའ་ཡང་། རྗེ་ཡི་མགུལ་ལྷ་རྣམས་ཨོ་རྒྱན་པདྨའི་དམ་ལ་མ་བཏགས་པར་བོན་སྐྱོང་དངོས་ཡིན་འདུག །
རྗེ་ཡི་མགུལ་ལྷ་རྣམས་ཨོ་རྒྱན་པདྨའི་དམ་ལ་མ་བཏགས་པར་བོན་སྐྱོང་དངོས་ཡིན་ན། ཡིན་ལུགས་དེ་ག་འདྲ་ཡིན་ནམ་ལགས། །
པདྨས་བོད་ཀྱི་ཡུལ་ལྷ་རྣམས་དམ་ལ་བཏགས་རབས་དེ་ཚོ་བདེན་པ་ཡིན་པའི་ཁུངས་ལུང་གང་ཡོད་དམ། ཡང་མིན་ན་ངའི་བླ་མས་ཞེས་གསུངས་པའི་ཕྱིར་ཟེར་རྒྱུ་ཡིན་ནམ་ལགས། །
བོད་ཀྱི་ཡུལ་ལྷའི་སྒང་ལ་ལག་པ་རིང་པོ་རྐྱང་མ་ཡོང་ཨ།
This belief that the “German race” descended from the Aryan race is likely one of the main reasons the Nazi party formally adopted the swastika or Hakenkreuz (Ger., hooked cross) as its symbol in 1920.
ད་ལྟའི་བར་དུ་དབྱིན་ཡོག་སོགས་ཡིག་རིགས་ཚང་མའི་ནང་དུ་་་སོ་བཱ་སོ་ཏི་ཀ་་་swastika་་་འམ་ཡང་ན་་་ཧ་ཀིན་ཀུ་རོས་་་Hakenkreuz་་་་བྲིས་འདུག་མ་གཏོགས་་་གཡུང་དྲུང་ཟེར་ནས་བྲིས་པ་མཐོང་ཡུལ་དུ་མ་གྱུར།
དབྱིན་སྐད་དུ་ཁ་གསལ་པོ་བཟོས་ན། ་་་་hooked cross་་་་བྲིས་བཞག
འདི་བོད་སྐད་དུ་བསྒྱུར་ན་ག་འདྲ་ཞིག་བསྒྱུར་དགོས་སམ། །
Bon po ལེགས། ང་ནི་བོན་པོ་ལ་ཤ་ཞེན་ཅུང་ཟད་ཡོད་མཁན་ཞིག་ཡིན། སྔར་ཡིན་ན་བོན་པོ་རྣམས་ཀྱི་བཟོད་སྒོམས་དང་། ཐུགས་རྒྱ་ཡངས་པ། གཞན་གྱིས་སྐྱོན་བརྗོད་ལ་ཅི་མི་སྙམ་པར་བཞག་ནས་རང་ལུགས་སྐྱོང་མཁན་དང་། ལོ་རྒྱུས་ནང་གི་ཆག་སྒོ་སྣ་ཚོགས་ལ་ཞུམ་མེད་སྙིང་སྟོབས་ཀྱིས་གདུང་ལེན་གནང་པ་བསྔགས་པར་འོས། བན་བོན་གཉིས་ཀས་ཕན་ཚུན་རྐུ་འཛུག་བྱེད་པ་ནི་མཐུན་སྒྲིལ་ལ་གནོད་པས་རང་སར་བཞག་ན་ལེགས་པར་སྣང་། འདྲ་ས་དང་མི་མཐུན་ས་གཉིས་ཀ་ལ་ཡོད། འཕེལ་འགྱུར་རིག་པའི་ལྟ་བ་ཡིན་ན། རིག་གཞུང་དང་ཆོས་ལུགས་གང་ཡིན་ཡང་ཕན་ཚུན་ཤུགས་རྐྱེན་ཐེབས་ནས་མཐུས་གཙང་བྱུང་བ་ལས་གདོད་མ་ནས་རིང་ལུགས་ཚུགས་ཐུབ་ཞིག་ཡོད་ཚུལ་མེད། ཐམས་ཅད་མཁྱེན་པ་ཟེར་བ་ཆོས་ལུགས་རང་གི་སྐད་ཆ་རེད། ཚན་རིག་དང་ཤེར་རྟོགས་རིག་པ། དངོས་པོའི་ཞིབ་འཇུག་པས་དེ་འདྲ་ཡོད་པ་མི་འདོད། བོན་ཀྱི་བརྟེན་འགྱུར་དེ་སྐད་ཡིག་གཞན་ལ་མེད། བོད་ཀྱི་ཁྱད་ཆོས་བྱས་ན་ལེགས། བན་དེའི་བཀའ་འགྱུར་ཕལ་མོ་ཆེར་དུས་རབས་རིམ་བྱུང་ན་སྐད་རིག་གཞན་ལ་སྒྱུར་ཐུབ་ཡོད། དེ་ཡང་ཁྱད་ཆོས་ཞིག་རེད། གཉིས་ཀ་ལ་ལེགས་ཆ་ཡོད། དེའི་སྐོར་ལ་རྩོད་པ་སྤངས་ན་ལེགས། གུ་རུ་པདྨའི་སྐོར་བོད་ཀྱི་ལོ་རྒྱུས་སྤྱི་ལ་གྲགས། དུས་རབས་རིམ་བྱོན་གྱི་ལོ་རྒྱུས། བོད་ཀྱི་རུས་ཆེན་ཁག་གི་ལོ་རྒྱུས། བོད་ས་གནས་སྤྱི། མི་མང་གི་འཚོ་བ། ས་གནས་ཀྱི་ལོ་རྒྱུས། ཆོ་ག་ཆོས་སྤྱོད་སོགས་ཀུན་དང་འབེལ་ནས་ཡོད། ཕྱོགས་གང་ཐད་ནས་ཀྱང་མེད་པ་སྒྲུབ་མི་ཐུབ་ལ། གལ་སྲིད་དེ་དག་རྫུན་པར་བསྒྲུབ་ན་བོད་ཀྱི་དེ་འབྲེལ་ཀྱི་ཆོས་དང་ལོ་རྒྱུས་རིག་གཞུང་བཅས་རྫུན་མ་དང་ནག་ཁུང་དུ་བཙུད་པ་ཡིན། སྨྱོན་པ་ཞིག་ཡིན་ན་མ་གཏོགས་སུ་ཡང་ཡིད་མི་ཆེས། སྲིད་པའི་ལྷ་རབས་སྐོར་ལ་ཕྲན་རྒྱུས་མི་ཆུང་ཟམ་ཡོད་ཀྱང་བྲེལ་བ་ཆེ་བས་དྲ་ཐོག་ཏུ་ཡོང་རྒྱུ་དང་ཞུ་ལོང་མི་འདུག སྤྱིར་བན་བོན་ལས་འཕྲོས་པའི་རྩོད་པ་འདི་ཨུ་ཐུག་ན་མ་གཏོགས་བྱེད་འདོད་མེད། སྐུ་ཚེ་རིང་།
དྲི་མེད་ལྷག་བསམ་ལགས།
རྙིང་ཆོས་ནང་ལ་དུས་ཕྱིས་་་གླིང་པ་་་མང་པོ་ཞིག་ཕེབས་འདུག
གླིང་པ་ག་ཚོད་ཕེབས་ཡོད་པ་ཡིན་ནམ།
གླིང་པ་ནང་ཕན་ཚུན་ལ་མཐུན་ལམ་དང་འབྲེལ་ལམ་ག་འདྲ་ཡོད་པ་ཡིན་ནམ་ལགས། །
དྲི་མེད་ལྷག་བསམ་ལགས།
སྐུ་ཉིད་ཀྱི་ཕྱག་བྲིས་མཆན་གྲངས་༢༩་པ་དེ་ཆ་ཚང་བཀླགས་པ་ཡིན། དེའི་སྐོར་ལ་རང་གི་བསམ་ཚུལ་ཚིག་ཁ་ཤས་ཅིག་ཞུ་འདོད། སྔོན་མ་བོན་པོ་ཚོས་ཐུགས་རྒྱ་ཡངས་བའི་འཕྲིན་ལས་བསྐྱངས་ཚུལ་དེ་བདེན་པ་རེད། དེ་ཚོ་ལོ་རྒྱུས་ནང་དུ་གསལ་འདུག དཔེར་ན་ཁྲི་སྲོང་སྐབས་བོན་གཤེན་ཀུན་་་གད་ཀྱི་བྱི་བ་མཁར་་་དུ་འཛོམས་ནས་བཀའ་བགྲོས་གནང་བཞག དེ་དུས་རྒྱལ་པོ་ལ་ཞུ་བ་ཡང་མི་ཐེན། ཡ་ལེན་ཡང་མི་སྤྲོད། ནང་འཁྲུངས་ཀྱང་མི་སློངབའི་ཐུགས་གྲོས་བྱུང་ནས། ཤར་ཙོང་ཁའི་ཡུལ། ལྷོ་དོམ་གྲོ་ནག་པོ། བྱང་མྱང་ངམ་ཐང་། གཡའ་རི་དང་གངས་བྲག་སོགས་ལ་ཕེབས་ནས་བསྟན་པ་སྤེལ་བ་དང་ཉམས་ལེན་སྐྱོང་བའི་མཛད་པ་ལྷུར་བླངས་ནས། བོན་གཤེན་གྱི་འཕྲིན་ལས་ས་མཐའ་ནས་སྤེལ་བའི་བཀའ་དྲིན་བསྐྱངས་འདུག ངས་དེ་ནི་ཧ་ལས་པའི་རླབས་ཆེན་གྱི་མཛད་པ་ཞིག་ཡིན་པ་དེང་སང་གཞི་ནས་ཤེས་བཞིན་ཡོད།
བན་བོན་དབར་གྱི་རྐུན་འཛུགས་ཀྱི་སྐད་ཆ་དེ་ལ་སྙིང་པོ་ཡོད་པ་བདག་གིས་མི་སེམས། ཅིས་ན་རང་ལྟ་བུར་མཚོན་ན་རྐུན་ཆོས་བྱེད་མཁན་ཡིན་བསམ་པ་ཞེ་གཏིང་ནས་མེད། རྒྱལ་བ་དགོངས་པའི་བརྒྱུད་པ། སེམས་པ་ཏིང་འཛིན་གྱི་བརྒྱུད་པ། གྲུབ་ཐོབ་སྙན་ཁུངས་ཀྱི་བརྒྱུད་པ་སོགས་བརྒྱུད་རིམ་ཟམ་མ་ཆད་པར་བོན་མདོ་སྔགས་སེམས་གསུམ་གྱི་བསྟན་པ་ཚུལ་བཞིན་དུ་ཐོས་བསམ་སྒོམ་པའི་རྣམ་དཀར་གྱི་བྱ་བ་ལ་བརྩོན་བཞིན་བསྡད་ཡོད། ང་ཚོ་ལ་རྒྱུ་ཤུགས་དང་དཔུང་ཤུགས་མེད་པ་ཡིན་ན་ལས། ཁུངས་ལྡན་དཔེ་ཆ་རྩ་ཆེན་དང་ལོ་རྒྱུས་ཀྱི་བདེན་པ་མངོན་གྱུར་ཡོད་པས་སུ་དང་གལ་ལའང་ཉམ་ང་དང་བག་ཚ་མེད་པར་བསྐལ་པ་མ་སྟོང་གི་བར་དུ་གནས་ཐུབ་པའི་གདེང་ཚོད་ཡོད། །
བཀའ་བརྟེན་གྱི་སྐོར་ནས་སྐད་ཆ་བཤད་པ་ཡིན་ན། སྟོན་པ་གཤེན་རབ་དང་ཤཀྱཱ་ཐུབ་པ་གཉིས་ཀྱི་ཕྱག་བྲིས་ཕྱག་བསྟར་མ་འདི་རེད་ཟེར་ནས་སུ་ལའང་སྟོན་རྒྱུ་མེད། རྗེས་འཇུག་གི་སློབ་མ་ཚོས་འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ན་ཟེར་ནས་བྲིས་པ་དེ་འདྲ་རེད་བཞག ཆོས་ལུགས་སོ་སོའི་དད་པ་དང་མོས་པས་གང་ཐུབ་སྐྱོང་རྒྱུ་ཞིག་རེད་འདུག་མ་གཏོགས། སྐད་ཡིག་གང་ལ་བསྒྱུར་ནའང་འདྲ་མ་བསྒྱུར་ནའང་འདྲ་ཡིན་ལུགས་ནི་དེ་ག་རང་དུ་སྡོད་རྒྱུ་ཡིན་པས་དེ་ལ་ནམ་རྒྱུན་དང་མི་འདྲ་བར་ཧ་ལས་དགོས་པ་ཞིག་ཨ་ཡོད་ན། །
བོན་གྱི་གཞུང་ལུགས་ནས་ཇི་ལྟར་བསྟན་པ་ལྟར་གྱི་རྫོགས་ཆེན་གྱི་བསྟན་པ་ཚུལ་བཞིན་དུ་ཉམས་སུ་ལེན་མཁན་གྱི་སྐྱེས་བུ་ཞིག འཛམ་གླིང་གི་ས་ཕྱོགས་གང་དུ་བཞུགས་པ་ཡིན་ན་ལས་དེ་ལ་མོས་གུས་ཞུས་ན་འགྲིག་པར་སེམས། དེ་འདྲ་ཡིན་དུས་བླ་ཆེན་དྲན་པ་ནམ་མཁའི་སྲས་སུ་གྱུར་བའི་གུ་རུ་རིན་པོ་ཆེ་མཆོག་རྣལ་འབྱོར་ཚད་ལྡན་གདམས་ངག་དང་བྱིན་རླབས་ཀྱི་འབྱུང་གནས་ཤིག་ལ་ང་ཚོས་བརྩི་བཀུར་ཞུ་བ་མ་གཏོགས། ཏོ་རོ་རྨོ་རོ་འཁྲབ་ནས་ཆེད་གཉེར་གྱིས་བོན་བསྟན་སྣུབ་སྡོད་མཁན་གྱི་མི་བུ་མ་རུང་བ་ཞིག་ལ་དུས་ནམ་ཡང་མི་བརྩི། དེ་ཐུགས་ལ་འཇོག་རོགས་གནོངས། སུ་འདྲ་ཞིག་ཡིན་ན་ལས་གལ་སྲིད་ཆེད་དུ་གཉེར་ནས་བོན་བསྟན་སྣུབ་སྡོད་མཁན་ཞིག་ཡོད་ན། དེ་ལ་བརྩི་བཀུར་ཞུ་དགོས་དོན་མེད། ག་རེ་བྱས་ནས་བརྩི་བཀུར་ཞུ་དགོས་སམ། བོན་པོས་བན་དེའིབསྟན་པ་བསྣུབས་རབས་དང་བན་དེའི་རྒྱལ་ཁམས་བཅོམ་རབས་ཀྱི་ལོ་རྒྱུས་ནི་མི་འདུག བསྣུབ་དགོས་རབས་ཀྱི་བཀའ་གཏོང་མཁན་གཏེར་བཏོན་དང་བླ་མ་སོགས་སུ་ཡང་བྱུང་མྱོང་མེད་དོ། མ་འོངས་པ་ལའང་བསྟན་པ་ཁ་ལ་ཁྱེར་ནས་ལག་པས་འགྲོ་ལ་གནོད་འཚེའི་བྱ་བ་ནི་དུས་ནམ་ཡང་མི་བྱ། སངས་རྒྱས་ཀྱི་བསྟན་པ་ནི་སྟོན་པ་པོ་སངས་རྒྱས་ཀྱི་དགོངས་པ་དང་མ་འགལ་བར་ཉམས་སུ་ལེན་དགོས་པར་སེམས་སོ། །
སྲིད་པའི་ལྷ་རབས་སྐོར་ལ་ཐུགས་རྒྱུས་ཡོད་ན་འབྲི་རོགས་གནོངས་ཤེས་འདོད་ཡོད། བཀའ་དྲིན་ཆེ་ཞུ། །
སེམས་གློ་བུར་བ་ལ་གང་དྲན་ཤར་མར་བྲིས་པས་ཐུགས་ལ་མི་བདེ་བ་ཡོད་ན་དགོངས་འགལ་མེད་པ་ཞུ། །