ཁ་བའི་འབྲོག་མོ།
ནམ་མཁའི་དབྱིངས་ལ་འཛེག་པའི་བློ་ཞིག་གིས།།
ཡན་ལག་གཤོག་པར་འགྱུར་བའི་སྣང་བ་མཐོ།།
སྤྲིན་པ་ཚོམ་བུ་ཕར་འགྲོ་ཚུར་ཡོང་བྱས།།
རབ་ཏུ་མྱོས་པའི་རང་སེམས་ཡང་ཡང་བཟི།།
སྤྲིན་པའི་ཁ་དོག་དཀར་ནག་དམར་གསུམ་བཅས།།
འགྱུར་བའི་གཟུགས་ལ་ངེས་པ་དེ་བས་མེད།།
ཆར་དང་ཁ་བ་སྤྲིན་པའི་རང་གཟུགས་ཏེ།།
མི་རྟག་འཚོ་བ་དེ་དང་ཁྱད་ཡོད་དམ།།
སྤྲིན་པ་སྤྲིན་པ་ཞེས་པ་རླངས་པ་ཞིག།
དྲོ་གྲང་མ་སྙོམས་བསྡུས་གཟུགས་དེ་ལ་འོ།།
སྒྱུ་མའི་ལྷ་ཡིས་བསྒོ་པ་མ་ཡིན་པ།།
གོང་མ་མི་ཡིས་རྟོག་བཟོ་ག་ལ་ཡིན།།
ལྷ་དང་འདྲེ་ཡང་མེད་པའི་ཡུལ་ཞིག་བཙལ།།
རྐང་པ་ཕྱོགས་བཞིའི་ལམ་ལ་ངལ་བས་བསད།།
སྒྱུ་འཕྲུལ་གཏམ་གྱི་སྐྱེས་བུ་ཡང་དག་པ།།
འཁོར་བའི་གཏིང་མཐའ་མ་ཆོད་དེ་རེ་སྡུག།
གཟུགས་མེད་ཡོལ་བ་འདི་ཡི་ཕ་རོལ་ན།།
ད་དུང་ཅི་ཞིག་ཡོད་དམ་སྙམ་པ་ཞིག།
ཞེ་ནས་འདོར་བར་དཀའ་བའི་ལས་ཤིག་གིས།།
ལྐོག་གྱུར་སྒྱུ་མའི་གསང་བ་བརྟོལ་མ་ནུས།།
ནམ་མཁའི་ངོས་སུ་དལ་གྱིས་རྒྱུ་བ་འདི།།
ཆར་དང་ཆུ་ཡི་ཕུང་བོ་ལྗིད་པོ་ཞིག།
དེ་ནི་སྟེས་དབང་ཞིག་དང་རང་བྱུང་ཞིག།
ཇི་ལྟར་བསམ་ཡང་གཏིང་མཐའ་མེད་པ་ཞིག།
སྙན་ཐ་ཡ། མཎ་རྡོག་པོ།
དོ་སྣང་མཐོང་ཆེན་བྱ་འོས་པའི་ཀ་ཁའི་བདག་མོ་ཉུང་ཙམ་རེ་འདུག་ཨང་། མུ་མཐུད་ནས་ཀ་ཁའི་ཚེ་སྲོག་རྒྱས་བྱེད་ཀྱི་རྩོམ་ཡིག་སྤེལ་རོགས་ཞུ།