སློབ་དཔོན་ཟམ་གདོང་རིན་པོ་ཆེ།
ཡིག་འགོད་པ། གླིང་ལོ་མ་སེར་པོ།
རྒྱ་གར་རིག་བྱེད་ཀྱི་ལམ་སྲོལ་ནི། ལོ་ཉི་ཤུ་རྩ་ལྔའི་བར་ཤེས་ཡོན་སློབ་སྦྱོང་བྱ་རྒྱུ། དེ་ནས་ལོ་ཉི་ཤུ་རྩ་ལྔར་ཁྱིམ་སོ་འཛིན་རྒྱུ། དེ་རྗེས་ལོ་ཉི་ཤུ་རྩ་ལྔར་ཁྱིམ་སོ་འཛིན་པ་གང་ཞིག་ལ་རང་ཉིད་ཀྱི་བུ་ཕྲུག་ཚོར་ལམ་སྟོན་བྱ་རྒྱུ། མཐར་ལོ་ཉི་ཤུ་རྩ་ལྔ་དེ་ཆོས་ཉམས་ལེན་གནང་རྒྱུ་བཅས་མི་ཚེ་གཅིག་དུམ་བུ་བཞིར་བགོ་བཤའ་རྒྱག་སྲོལ་ཡོད་རེད།
ང་ཚོ་ནང་པས་དེ་འདྲ་བགོ་བཤའ་རྒྱག་པའི་སྲོལ་མེད་ཀྱང་། གང་ལྟར་མི་ཚེའི་ནང་ནས་སློབ་ཕྲུག་གི་དུས་སྐབས་དེ་གོ་སྐབས་ཡག་ཤོས་དེ་རེད། དེ་ནི་ལུས་སེམས་གཉིས་ཀ་ཡར་རྒྱས་འགྲོ་བའི་དུས་སྐབས་ཡིན་པས་རེད། ལུས་སེམས་ཡར་རྒྱས་འགྲོ་བའི་སྐབས་དེར་རང་བཞིན་གྱིས་ལུས་ཀྱི་གྲུབ་ཆ་ལ་ཡོད་པའི་རྡུལ་ཕྲན་དང་ཕྱིའི་མཐུན་རྐྱེན་མང་པོ་ཞིག་མཉམ་དུ་འཛོམས་དགོས་རེད།
མི་གང་འདྲ་ཞིག་ཡིན་ཡང་སྐྱེས་ཙམ་ཉིད་ནས་ལུས་ཀྱི་ངོ་བོ་དང་གཟུགས་པོ་ཆེ་ཆུང་གང་འདྲ་ཞིག་ཆགས་རྒྱུ་ཡིན་པ་ཐོག་མའི་ས་བོན་རང་བཞིན་གྱིས་གྲུབ་ཡོད་རེད། དཔེར་ན། འབྲུ་ཡི་ས་བོན་ལྟ་བུ་ཡིན་ནའང་འབྲས་བུ་སྐྱེ་བར་ས་ཆུ་དྲོད་སོགས་མཐུན་རྐྱེན་ཆ་ཚང་བ་ཞིག་མ་འཛོམས་པ་ཡིན་ན་མྱུ་གུ་ཡག་པོ་ཞིག་སྐྱེ་བ་ཁག་པོ་ཡིན་པ་ནང་བཞིན་ལུས་ཡར་རྒྱས་འགྲོ་བར་མཐུན་རྐྱེན་མང་པོ་ཞིག་མ་འཛོམས་པ་ཡིན་ན་ཡར་རྒྱས་འགྲོ་བར་ཁག་པོ་རེད།
བསམ་བློ་ཡར་རྒྱས་འགྲོ་རྒྱུ་ནི་དེ་ལས་ཀྱང་ཁག་པོ་ཞིག་རེད། རང་ཉིད་ཀྱི་ངོས་ནས་ཤེས་འདོད་ཡོད་པའི་ཐོག་ནས་ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་ལ་བརྟེན་ནས་རིག་པའི་གཞུང་ལུགས་ལ་སློབ་སྦྱོང་བྱས་ན་བསམ་བློ་ཡར་རྒྱས་འགྲོ་བ་ཆོས་ཉིད་རེད་མ་གཏོགས་རིག་པའི་གཞུང་ལུགས་ལ་སློབ་སྦྱོང་མ་བྱས་ན་བསམ་བློ་ཡར་རྒྱས་འགྲོ་རྒྱུ་དུས་ནམ་ཡང་ཡོད་མ་རེད། གསལ་རིག་གི་སེམས་ནི་ཡར་རྒྱས་གོང་འཕེལ་འགྲོ་བྱེད་ཀྱི་གཞི་རྩ་ཡིན་པའི་དབང་གིས་རིག་པའི་གནས་ཟེར་བ་རེད། སྤྱིར་སློབ་ཚན་ཡོད་ཚད་རིག་པའི་གནས་ཡིན་པའི་ངེས་པ་ཡོད་མ་རེད།
སྲོལ་རྒྱུན་གྱིས་རིག་པའི་གནས་ངོས་འཛིན་ཚུལ་ནི།བཅུ་ཕྲག་རིག་པའི་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་ཟེར་ནས་བཤད་ཀྱིན་ཡོད་རེད། དེ་ནི་ནང་པའི་ཐུན་མོང་མ་ཡིན་པའི་ལྟ་སྟངས་ཤིག་རེད། དེ་དག་རིག་པའི་གནས་བཤད་དགོས་པའི་རྒྱུ་མཚན་ནི། རང་གིས་ཐོས་བསམ་གྱི་སྒོ་ནས་སློབ་སྦྱོང་བྱས་པ་ཡིན་ན་དེའི་དབང་གིས་ནང་གི་བསམ་བློ་ཡར་རྒྱས་འགྲོ་བའི་གོ་སྐབས་ཤིག་ཡོང་གིན་ཡོད་པས་རེད།
རིག་པའི་གནས་ལ་སློབ་སྦྱོང་ཡག་པོ་ཞིག་བྱས་པ་ཡིན་ན་ཐོག་མ་དེ་སྒྲ་རིག་པ་དང་གཏན་ཚིག་རིག་པ་གཉིས་ནི་གཞི་རྟེན་ལྟ་བུ་རེད། སྒྲ་རིག་པ་ནི་སྐད་ཡིག་རེད། རང་གི་སྐད་ཡིག་གང་ཡིན་པ་དང་གཞན་གྱི་སྐད་ཡིག་གང་འདྲ་ཞིག་ཡིན་པ་འགྲོ་སྟངས་ཤེས་པ་ཡིན་ན་མདོ་དང་བསྟན་བཅོས་སོགས་རིག་པའི་གཞུང་ལུགས་ལ་སློབ་སྦྱོང་གི་སྒོ་ལྟ་བུ་ནི་སྐད་ཡིག་རེད། ཡིན་ན་ཡང་། སྐད་ཡིག་ཤེས་པ་ཙམ་གྱིས་འགྲིག་པ་མ་རེད། སྐད་ཡིག་དེའི་ནང་དུ་ཡོད་པའི་རིག་པའི་གཞུང་ལུགས་དེ་དག་ཡག་པོ་ཞིག་ཤེས་པར་བྱེད་པར་མངོན་རྟོགས་རིག་པའི་ལམ་ནས་བརྟག་དཔྱད་བྱེད་པའི་ནུས་པ་ཞིག་དགོས་རེད།དེ་མེད་པ་ཡིན་ན་སློབ་ཚན་ཤེས་རྒྱུ་ཡོད་མ་རེད།སློབ་ཚན་དེའི་གནས་ཚུལ་གོ་ཙམ་ཞིག་ནི་ཆགས་བཞག་ན་འགྲིག་པ་ལྟ་བུ་ཞིག་རེད།
དེང་རབས་ཀྱི་སློབ་ཚན་ལྟ་བུ་ཡིན་ན། དཔེར་ན།རྫས་འདི་ལྟ་བུ་ཞིག་འཛོམས་པ་ཡིན་ན་ཆུ་གྲུབ་པ་དང་མེ་འབར་བ་སོགས་བཤད་པའི་སྐབས་སུ་རང་ཉིད་ཀྱིས་བརྟག་དཔྱད་བྱེད་སའི་ཁང་པའི་ནང་དུ་ཚོད་ལྟ་མ་བྱས་པར་དགེ་རྒན་གྱིས་བཤད་པ་དེས་ཆོག་པར་བྱས་ན་ཆགས་བཞག་བྱས་པ་རེད། ཆགས་བཞག་པ་དང་ཤེས་པ་གཉིས་ཐ་དད་རེད། ང་ཚོས་ཤེས་ཡོན་མང་པོ་ཞིག་མ་ཤེས་པར་ཆགས་བཞག་རྒྱུ་དེ་དེང་རབས་ཀྱི་ཤེས་ཡོན་པའི་ནང་དུ་ཡོད་པའི་ཞན་ཆ་ཞིག་རེད། དགེ་རྒན་གྱིས་གང་གསུང་པ་དང་དེབ་ནང་གང་ཡོད་པ་དག་ཡིན་ཤག་བྱེད་རྒྱུ་དེ་སྐྱོན་ཆེན་པོ་ཞིག་རེད།
ལྷག་པར་ང་ཚོ་ཆོས་པ་ཞིག་ཡིན་ན་སངས་རྒྱས་ཀྱི་གསུང་པར་ཆགས་བཞག་ནས་འགྲོ་རྒྱུ་དེ་སངས་རྒྱས་ཀྱི་བཀའ་དང་མཐུན་པ་ཞིག་མ་རེད། སངས་རྒྱས་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས།།བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།།ལེགས་པར་བརྟགས་ལ་ང་ཡི་བཀའ།། གསུང་པ་བཞིན། གསེར་བཟོ་མཁས་པའི་གསེར་མེ་ལ་བསྲེག།གཟོང་གིས་བཅད། རྡོ་ཡིས་བརྡར་སོགས་བྱས་ནས་གསེར་ཡང་དག་ཡིན་མིན་བརྟག་དཔྱད་བྱེད་པ་ནང་བཞིན་དེ་བཞིན་གཤེགས་པའི་གསུང་ལ་མཐོང་བ་མངོན་གྱུར་ལ་མངོན་སུམ་ཚད་མས་གནོད་པ་ཡོད་མེད། ཅུང་ཟད་ལྐོག་གྱུར་ལ་མངོན་རྟོགས་རིགས་པས་གནོད་པ་ཡོད་མེད། ཤིན་ཏུ་ལྐོག་གྱུར་ལ་རྗེས་དཔག་ཚད་མས་གནོད་པ་ཡོད་མེད། དཔྱད་པ་གསུམ་གྱི་ལམ་ནས་བརྟག་དཔྱད་བྱས་མཐར་དོན་དེ་བདེན་མིན་ངེས་དགོས་རེད་མ་གཏོགས་སངས་རྒྱས་ཀྱིས་གསུང་པ་རེད་ཟེར་ནས་གུས་ཞབས་བྱེད་ནས་བཞག་པ་ཡིན་ན་འགྲིག་གི་མེད་པར་སངས་རྒྱས་ཀྱི་ཞལ་ནས་ཐག་བཅད་ཚར་བ་རེད།
ཚད་མ་རིག་པའི་རྣམ་གཞག་ལ་བརྟེན་ནས་ལྐོག་ཏུ་གྱུར་པའི་ཆོས་གསལ་པོར་རྟོགས་དགོས་རེད།མངོན་སུམ་གྱིས་རྟོགས་མི་ཐུབ་པའི་དོན་རིགས་པའི་ལམ་ནས་གཏན་ལ་དབབ་རྒྱུའི་རྣམ་གཞག་དེ་རེད། དེ་འདྲ་ཞིག་ལ་ཚད་མ་རིག་པ་ཟེར་གྱིན་ཡོད་རེད། སྒྲ་རིག་པ་དང་ཚད་མ་རིག་པ་གཉིས་ནི་སློབ་སྦྱོང་བྱེད་པའི་ལག་ཆ་ལྟ་བུ་ཞིག་རེད།ལག་ཆ་དེ་གཉིས་ཁུར་ནས་གསོ་བ་རིག་པ་ནང་དོན་རིག་པ་སོགས་སློབ་སྦྱོང་བྱས་པ་ཡིན་ན་དོན་གནད་མང་པོ་ཞིག་རྟོགས་སླ་པོ་ཡོང་གི་རེད།
རྒྱུ་མཚན་དེ་དག་ལ་བརྟེན་ནས་སློབ་སྦྱོང་བྱེད་པའི་དུས་ཚོད་ནི་རིག་པའི་གནས་མང་པོ་ཞིག་ལ་རང་སྟོབས་ཀྱིས་དཔྱད་པ་བྱེད་པའི་གོ་སྐབས་ཡིན་པ་དང་དེ་ལ་བརྟེན་ནས་ལུས་སེམས་གཉིས་ཀ་འཚར་ལོངས་བྱུང་བའི་གོ་སྐབས་ཤིག་ཡིན་པས་སློབ་མ་ནི་སྐལ་བ་བཟང་པོ་དང་བསོད་ནམས་ཆེན་པོ་ཞིག་རེད། ལྷག་པར་མི་ཚེའི་ཆ་ཤས་ནང་དུ་གོ་སྐབས་ཡག་ཤོས་དང་སྐལ་བ་བཟང་ཤོས་ཤིག་རེད། གོ་སྐབས་དེ་ཆུད་ཟོས་སུ་མ་སོང་བར་བྱ་རྒྱུ་ཧ་ཅང་གལ་འགང་ཆེན་པོ་རེད།
ཕྱོགས་གཞན་ཞིག་ནས་བལྟས་པ་ཡིན་ན། ཁྱེད་རང་ཚོ་དང་ལོ་ན་མཉམ་པའི་མི་མང་པོ་ཞིག་ལ་སློབ་སྦྱོང་གི་གོ་སྐབས་ཡག་པོ་འདི་ལྟ་བུ་ཞིག་ཐོབ་གི་ཡོད་རེད་དམ་ཡོད་མ་རེད། སློབ་སྦྱོང་གི་གོ་སྐབས་ཚད་ལྡན་ཐོབ་མཁན་ཅུང་ཙམ་དཀོན་པོ་ཞིག་རེད།གོ་སྐབས་འདི་དག་དཀོན་པའི་འདུ་ཤེས་བཟུང་ནས་དུས་ཚོད་ཆུད་ཟོས་སུ་མ་སོང་བ་བྱ་རྒྱུ་གལ་འགང་ཆེན་པོ་རེད།
སློབ་སྦྱོང་ཟེར་བའི་ཚིག་གཉིས་ནི། སློབ་ནི་ཐོས་བྱུང་གི་ཤེས་རབ་ཐོག་ནས་མ་ཤེས་པ་ཞིག་ཤེས་པར་བྱས་ནས་གཏན་ལ་དབབ་རྒྱུ་ཞིག་རེད། ཐོས་བྱུང་གི་ཤེས་རབ་ནི་རང་གི་ཡོན་ཏན་མ་ཡིན་པར་གཞན་ཞིག་ནས་གཡར་པའི་ཤེས་རབ་ཅིག་རེད། དེ་རང་གི་ཡོན་ཏན་གྱུར་པ་ལ་བསམ་བྱུང་གི་ངེས་པ་རྙེད་དགོས་རེད། དཔེར་ན། དགེ་རྒན་གྱིས་བསླབ་པ་དག་དོན་དངོས་ཡིན་མིན་རང་ཉིད་ཀྱིས་བརྟག་དཔྱད་བྱེད་ནས་ངེས་པ་འབྲང་བ་ཞིག་ལ་བསམ་བྱུང་གི་ཤེས་རབ་ཟེར་བ་རེད། དེ་འདྲའི་ངེས་ཤེས་དེ་གཞན་གྱིས་བསྒྱུར་བཅོས་གཏོང་བ་དང་འཕྲོག་རྒྱུ་ཡོད་མ་རེད།ཆགས་བཞག་བྱས་ནས་ཤེས་པ་དེ་དག་སང་ཉིན་མི་གཞན་ཞིག་གིས་མ་རེད་ཟེར་ནས་བཤད་མཁན་བྱུང་བ་ཡིན་ན་གློ་བུར་འགྱུར་འགྲོ་བ་རེད། ངེས་པ་རྙེད་ནས་ཤེས་པ་དག་མི་གཞན་གྱིས་ག་ཚོད་མ་རེད་ཟེར་བ་ཡིན་ན་ཡིན་པའི་རྒྱུ་མཚན་བཤད་རྒྱུ་ཡོད་རེད།རྒྱུ་མཚན་གྱི་ལམ་ནས་ཐག་བཅད་ཐུབ་པ་ཞིག་རེད།
བསླབ་རྒྱུ་དང་སྦྱོང་རྒྱུ་གཉིས་ཡ་མ་བྲལ་བའི་སྒོ་ནས་ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་ལ་བརྟེན་ན་བླང་དོར་གྱི་གནས་ལ་མ་རྨོངས་པ་ཞིག་འགྱུར་དགོས་རེད། བླང་དོར་གྱི་གནས་ལ་མི་རྨོངས་པའི་མི་ཞིག་གྱུར་སོང་ན་མི་དེ་མི་ཚད་ལྡན་ཞིག་ཆགས་པ་རེད།གཞན་སློབ་སྦྱོང་བཞིན་བཟང་སྤྱོད་ཟུར་དུ་བསླབ་དགོས་ན་དེ་ནི་ཆ་མི་ཚང་བའི་སློབ་སྦྱོང་ཞིག་རེད།སློབ་སྦྱོང་བྱེད་པར་བརྟེན་ནས་དངོས་པོའི་གནས་ཚུལ་རང་གིས་ཤེས་རྟོགས་བྱུང་བ་དེ་ལ་བརྟེན་ནས་བླང་དོར་གྱི་གནས་ལ་མི་རྨོངས་པའི་ཤེས་རབ་སྐྱེ་ཡོང་བའི་གོ་རིམ་དེ་འདྲ་ཡོད་མཁན་ཞིག་ལ་སྤྱོད་པ་བཟང་པོ་དགོས་རེད་བཅས་བསླབ་དགོས་མ་རེད།རང་བཞིན་གྱིས་མི་ཚད་ལྡན་དང་སྤྱོད་པ་བཟང་པོ་འགྱུར་ཡོང་གི་རེད། རང་ཉིད་ལ་ཡོད་པའི་རྣམ་དཔྱོད་དེ་བེད་སྤྱོད་གནང་ཐུབ་པ་ཞིག་བྱ་རྒྱུ་ནི་སློབ་སྦྱོང་བྱེད་པའི་དགོས་པ་རེད།
ད་ལྟ་ངས་བཤད་པ་འདི་དག་དོན་དངོས་དང་མཐུན་གྱིན་ཡོད་མེད་བརྟག་དཔྱད་གནང་ནས་སྐད་ཆའི་ནང་དུ་དོན་དངོས་དང་མ་མཐུན་པ་ཞིག་མཐོང་བ་ཡིན་ན་ཤེས་རབ་ཅིག་རྙེད་པ་རེད། བསམ་བློ་གང་འདྲ་ཞིག་ཡིན་ན་བརྟག་དཔྱད་བྱེད་པའི་ནུས་པ་དེ་ཆུང་དུས་ནས་སྦྱོང་དགོས་པ་གལ་ཆེན་པོ་རེད།
བྱ་དངོས་དང་གནས་ཚུལ་སོགས་བརྟགས་དཔྱད་བྱེད་ཐུབ་པའི་ནུས་པ་ཞིག་བྱུང་བ་ཡིན་ན་རྒྱུགས་འབྲས་མི་བཟང་ནའང་རང་ཉིད་ལ་སློབ་སྦྱོང་ཐོབ་ཡོད་རེད། དཔེར་ན། རྒྱ་གར་མཁས་པ་ར་ཧུ་ནི་སྒོ་ར་པོར་གྲོང་གསེབ་ཅིག་ལ་སྐྱེས་པ་རེད། ཁོང་འཛིན་གྲྭ་བཅུ་གཉིས་སམ་བར་མའི་སློབ་སྦྱོང་རྒྱུགས་མ་འཕྲོད་པ་རེད། ནང་དུ་འབྱོར་དུས་ཨ་ཕས་བཀའ་བཀྱོན་མང་པོ་ཞིག་བཏང་བས་ཁྱིམ་ནས་བྲོས་བྱོལ་སོང་བ་རེད། དེ་ནས་ཤི་རི་ལང་ཀ་དང་བོད་རྒྱ་ནག་ཨོ་རུ་སུ་སོང་བས་སྐད་རིགས་སུམ་ཅུ་ཙམ་ཤེས་གི་ཡོད་རེད། སྐད་ཡིག་བཅུ་བདུན་ནང་དུ་རྩོམ་ཡིག་བྲིས་ཡོད་རེད། དགེ་འདུན་ཆོས་འཕེལ་རྒྱ་གར་དུ་ཁྲིད་ཡོང་མཁན་ཡང་ཁོང་རེད། ཧ་ཅང་མཁས་པ་ཆེན་པོ་ཞིག་རེད།
གནས་ཚུལ་མང་པོ་ཞིག་བརྟགས་དཔྱད་མ་བྱས་པར་སློབ་ཚན་བློ་འཛིན་བྱས་ནས་རྒྱུགས་ཤོག་ཐོག་ཏུ་བྲིས་ནས་བརྒྱ་ཆ་མཐོན་པོ་རག་ནའང་མཁས་པར་གྱུར་པ་ལ་ཕན་ཐོགས་དེ་ཙམ་ཡོད་མ་རེད།རྣམ་དཔྱོད་དང་རྟོག་དཔྱོད་བྱེད་པའི་ཤེས་རབ་ཡོད་པ་ཡིན་ན་སྟབས་མ་ལེགས་པར་ཡིག་རྒྱུགས་མ་འཕྲོད་ཀྱང་དོན་གྱི་གནས་ལུགས་ཇི་ལྟ་བ་བཞིན་མཐོང་མཁན་ཞིག་ཏུ་འགྱུར་རྒྱུ་རེད། ཡིན་ན་ཡང་།ངས་ཡིག་རྒྱུགས་མ་འཕྲོད་པ་ཡག་པོ་རེད་ཅེས་བཤད་ཀྱིན་མེད་པས་གོ་ནོར་བྱེད་མི་ཉན། ག་དུས་ཡིན་ན་རྟོག་དཔྱོད་ཡོད་མཁན་ཞིག་བྱེད་དགོས་རེད་མ་གཏོགས་ཆགས་བཞག་ནས་འགྲོ་མཁན་ཞིག་བྱ་རྒྱུ་ཡོད་མ་རེད། རྒྱུ་མཚན་དེ་དག་གི་ཆེད་དུ་བླ་མ་བདག་ཉིད་ཆེན་པོས་སློབ་གྲྭའི་ནང་དུ་བསྡུས་གྲྭ་དང་ཚད་མ་སྦྱོང་དགོས་རེད་གསུང་བ་དེ་སློབ་ཕྲུག་ཡོད་ཚད་གཞུང་ཆེན་པོ་ལྟ་མཁན་དང་ནང་ཆོས་སྤེལ་མཁན་གྱི་དམིགས་ཡུལ་བཞག་ནས་གསུང་གིན་ཡོད་མ་རེད། ཆོས་ལ་དད་པ་དང་སློབ་སྦྱོང་བྱེད་མིན་རང་དབང་རེད།
ཚད་མ་སྦྱོང་བ་ཡིན་ན་ཁྱེད་རང་ཚོ་རྨོངས་དད་མི་བྱེད་མཁན་གྱི་མི་ཞིག་ཏུ་གྱུར་པ་ལ་ཕན་ཐོགས་ངེས་ཅན་ཞིག་ཡོད་པས་རེད། རྨོངས་དད་ནི་ཆོས་ཕྱོགས་དང་ཆོས་ལས་གཞན་པའི་སློབ་ཚན་ནང་དུ་མང་པོ་སྤེལ་གི་རེད་ལ་ཚན་རིག་གིས་ཀྱང་སྤེལ་གི་ཡོད་རེད། རྨོངས་དད་ནི་ཡིན་གཅིག་ཆོས་དང་འབྲེལ་བའི་སྐད་ཆ་ཞིག་མ་རེད།
རྒྱུ་མཚན་ཅི་ཡང་མེད་པར་ཡིན་མིན་ཐག་བཅད་ཀྱི་བསམ་བློ་ནི་རྨོངས་དད་རེད། དཔེར་ན།སློབ་ཕྲུག་ཅིག་ལ་ཁྱེད་རང་གིས་གང་བྱེད་ནས་སློབ་སྦྱོང་བྱེད་ཀྱིན་ཡོད་ཅེས་དྲིས་ན་ཚད་ལྡན་གྱི་ལན་འདེབས་མཁན་ཉུང་ཉུང་ཡིན་རྒྱུ་རེད་དྲན་གྱིན་འདུག མང་ཆེ་བས་ཕ་མས་སློབ་གྲྭ་འགྲོ་དགོས་རེད་ཟེར་བས་ཡིན་བཤད་རྒྱུ་རེད། རང་གི་ངོས་ནས་དགོས་པ་དང་རྒྱུ་མཚན་རྟོགས་ནས་སློབ་གྲྭ་ཡོང་མཁན་དཀོན་པོ་རེད།
ལྷག་པར་དུ་སློབ་གྲྭ་ནང་དུ་འབྱོར་བའི་རྗེས་སུ་ཨང་རྩིས་དང་སྐད་ཡིག་གང་བྱེད་ནས་སློབ་ཀྱིན་ཡོད་པ་དང་དེ་བསླབ་པའི་མ་འོངས་པའི་དམིགས་ཡུལ་གང་རེད་བཅས་དྲིས་པ་ཡིན་ན། དེང་སང་མང་ཆེ་བའི་བསམ་བློའི་ནང་དུ་རྨོངས་དད་ཅིག་ཡོད་རེད།དེ་གང་རེད་ཅེ་ན། མི་ཚེའི་འཚོ་བ་ཡག་པོ་བསྐྱེལ་ཐུབ་པ་དང་ཟླ་ཕོགས་ཆེན་པོ་ཡོད་པའི་ལས་ཁུངས་ཤིག་ལ་གཡོག་པོ་རྒྱུག་རྒྱུ་རག་པའི་བསམ་བློ་ཞིག་ཡོད་རེད།
རྒྱ་གར་ལྟ་བུ་ཡིན་ན་ལོ་ཉིས་བརྒྱ་ཙམ་ཞིག་གི་ཡུན་ལ་རྒྱལ་ཁབ་གཞན་གྱིས་དབང་བསྒྱུར་འོག་ཏུ་བསྡད་པའི་ད་ལྟ་རྒྱ་གར་གྱི་བསམ་བློའི་བག་ཆགས་ཀྱི་ནང་དུ་སློབ་སྦྱོང་བྱེད་པའི་རྗེས་སུ་ལས་ཀ་རག་དགོས་དྲན་པ་ཞིག་ཡོད་རེད།
ཤེས་བྱ་ཡོན་ཏན་སྦྱོང་རྒྱུ་དེ་རང་ཉིད་ཀྱི་མ་རིག་པའི་རྨོངས་པ་སེལ་བའི་ཆེད་དུ་མ་དམིགས་པར་འཚོ་ཐབས་ཙམ་ལ་དམིགས་པ་རེད། འཚོ་བ་ཙམ་ལ་དམིགས་པ་ཡིན་ན་ཞིང་ཁ་ཡག་པོ་རྨོ་མཁན་གྱི་ཡིག་རྨོངས་པ་ཞིག་ཡིན་ཡང་འཚོ་བ་འཁྱོལ་རྒྱུ་རེད།དེ་དང་མཚུངས་པའི་ནག་ཚོང་རྒྱག་མཁན་དང་སྐུ་གསུང་ཐུགས་རྟེན་འཚོང་མཁན་དག་གིས་ཀྱང་སྒོར་མོ་མང་པོ་རག་གི་ཡོད་རེད། དེ་འདྲ་བའི་དམིགས་པས་བཟུང་སྟངས་དེེ་ནས་རྨོངས་དད་ཟེར་བ་དེ་འབྱུང་གི་ཡོད་རེད།
སློབ་སྦྱོང་བྱེད་དགོས་པའི་རྒྱུ་མཚན་ཡང་དག་ཅིག་མ་ཤེས་པ་ཡིན་ན་སློབ་སྦྱོང་ཚད་ལྡན་ཞིག་ཡོང་རྒྱུ་ཁག་པོ་རེད། སྔོན་གྱི་མཁས་པ་ཚོས་བསྟན་བཅོས་གང་འདྲ་ཞིག་རྩོམ་སྐབས་ཐོག་མར་དགོས་པ་རྗོད་ཀྱིན་ཡོད་རེད། མཐའ་མའི་དམིགས་ཡུལ་དང་དགོས་པ་གང་འདྲ་ཡིན་པ་རིག་པའི་ལམ་གསལ་པོ་ཞིག་མ་ཤེས་པ་ཡིན་ན་བྱ་བ་གང་འདྲ་ཞིག་ཡིན་ན་ཕུགས་རེ་མེད་པ་དང་ལམ་ཕྱོགས་ནོར་བའི་ཉེན་ཁ་ཡོད་རེད།
ཐོག་མར་རང་ཉིད་ངོས་ཟིན་པ། དེའི་རྗེས་རང་ཉིད་ཀྱི་མི་ཚེའི་དམིགས་ཡུལ་ངོས་ཟིན་པ། དེ་གཉིས་ངོས་ཟིན་རྗེས་དམིགས་ཡུལ་དེ་སྒྲུབ་བྱེད་ཀྱི་ཐབས་ལམ་ངོས་ཟིན་རྒྱུ་ཧ་ཅང་གལ་ཆེན་པོ་ཞིག་རེད། ད་སྐབས་བོད་ཀྱི་ཆོས་དང་རིག་གཞུང་ལེགས་བྱང་བོད་ཀྱིས་གཡུག་བཞག་པ་ཡིན་ནའང་ཉམས་པའི་ཉེན་ཁ་མེད་པ་ལྟ་བུ་ཞིག་རེད།
མ་འོངས་པར་བོད་ཀྱི་ཆོས་དང་རིག་གཞུང་སྦྱང་སར་ནུབ་ཕྱོགས་མགོ་སེར་རྩར་འགྲོ་དགོས་ཐུག་པའི་དུས་ཚོད་ཡོང་སྲིད་པ་ཞིག་རེད། ད་སྐབས་ང་ཚོས་ཞིབ་ཕྲ་བྱས་ནས་བལྟས་པ་ཡིན་ན་དུས་ཚོད་དེ་མགྱོགས་པོ་ཤར་བའི་བཟོ་ལྟ་ཡོང་གི་འདུག་དྲན་གྱིན་འདུག བཀའ་འགྱུར་བསྟན་འགྱུར་ནུབ་ཕྱོགས་པའི་སྐད་ལ་བསྒྱུར་བའི་ལས་གཞི་དེ་མགྱོགས་པོ་འགྲོ་བཞིན་པ་རེད།
འཇིག་རྟེན་ཁྱོན་ཡོངས་ནས་བོད་ཀྱི་ཆོས་དང་རིག་གཞུང་དོ་སྣང་བྱེད་ཚུལ་ལ་བལྟས་ན་གཏན་མེད་འགྲོ་བའི་ཉེན་ཁ་དེ་ཧ་ལམ་མེད་པ་རེད། བོད་པའི་མི་ཡིས་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་མ་ཤེས་པ་བྱུང་ན་གཟུགས་བརྙན་དེ་གང་འདྲ་འགྱུར་གྱིན་ཡོད་མེད་སོ་སོས་བསམ་བློ་གཏོང་རྒྱུ་རེད།གཞན་ཞིག་གིས་འགན་འཁྲི་ཡོད་རེད་ཟེར་ནས་བཤད་རྒྱུ་གང་ཡང་ཡོད་མ་རེད། དེ་སོ་སོའི་ངོས་ནས་བསམ་བློ་གཏོང་དགོས་རེད།
ལྷག་པར་དུ་དེང་སང་འཇིག་རྟེན་ཁྱོན་ཡོངས་ནས་ཛ་དྲག་གི་གནས་ཚུལ་ཞིག་ཡོད་རེད། སྲོལ་རྒྱུ་དང་དེང་རབས་དབར་གྱི་འགལ་ཟླ་དང་འཐབ་རྩོད་ཅིག་ཡོང་གིན་ཡོད་རེད། དེང་རབས་ཀྱི་དབང་གིས་སྲོལ་རྒྱུན་ཉམས་དམས་འགྲོ་བ་དང། སྲོལ་རྒྱུན་གྱིས་དབང་གིས་དེང་རབས་ནང་དུ་རྗེས་ལུས་ཐེབས་པའི་འགལ་ཟླ་མང་པོ་ཞིག་ཡོང་གིན་ཡོད་རེད།
ན་གཞོན་དག་གིས་ཐུགས་སྣང་གནང་རྒྱུ་གནད་འགག་ཅིག་ངེས་པར་དུ་ཡོད་རེད་དྲན་གྱིན་འདུགགང་ལྟར་མདོར་བསྡུས་ནས་བཤད་ན། ཁྱེད་རྣམ་པས་རང་ཉིད་ཀྱི་རྣམ་དཔྱོད་བེད་སྤྱོད་གནང་ནས་རང་ཉིད་ཀྱི་མདུན་ལམ་དང་སྤྱི་ཚོགས། མི་རིགས་དང་འཇིག་རྟེན་ཁྱོན་ཡོངས་ཐོག་ལ་དགོངས་པ་བཞེས་པའི་རེ་བ་ཞུ་བཞིན་ཡོད། མི་ཚེ་དོན་ལྡན་ཡོང་བའི་སྨོན་ལམ་ཞུ། ཐུགས་རྗེ་ཆེ།
བདུད་རྩི་ལྟ་བུའི་ཤེས་ཡོན་སློབ་གསོ་འདི་།
མ་འོངས་བོད་ཀྱིས་སྲོན་རྩའི་མདུན་ལམ་བསྟན་།
ཁ་སྐད་ཡི་གེར་འགོད་སྟངས་ཤིནད་ཏུ་ལེགས། འདི་ཡི་ནང་གི ཆགས་བཞག་པ་འདི། ཆ་བཞག་པ་ཡིན་དགོས།
་
་་་་་་་་ མ་འོངས་པར་བོད་ཀྱི་ཆོས་དང་རིག་གཞུང་སྦྱང་སར་ནུབ་ཕྱོགས་མགོ་སེར་རྩར་འགྲོ་དགོས་ཐུག་པའི་དུས་ཚོད་ཡོང་སྲིད་པ་ཞིག་རེད། ད་སྐབས་ང་ཚོས་ཞིབ་ཕྲ་བྱས་ནས་བལྟས་པ་ཡིན་ན་དུས་ཚོད་དེ་མགྱོགས་པོ་ཤར་བའི་བཟོ་ལྟ་ཡོང་གི་འདུག་དྲན་གྱིན་འདུག བཀའ་འགྱུར་བསྟན་འགྱུར་ནུབ་ཕྱོགས་པའི་སྐད་ལ་བསྒྱུར་བའི་ལས་གཞི་དེ་མགྱོགས་པོ་འགྲོ་བཞིན་པ་རེད། ་་་་་་་་
སློབ་དཔོན་ཟམ་གདོང་རིན་པོ་ཆེས།
མི་རིགས་སྲུངས་སྐྱོབས་ཆོས་རིག་ལས་ཀྱིས་སྲུངས་།
མི་རིགས་ཁ་འཐོར་ཆོས་རིག་ཤུགས་ཀྱིིས་ཉམས་།
བོད་མིའི་བསོད་ནམས་ལག་པའི་རི་མོ་འདྲ་།
སྤྱི་མཐུན་བསོད་ནམས་ལ་ཁའི་ཉི་མ་འདྲ་།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་གཞན་སློབ་སྦྱོང་བཞིན་བཟང་སྤྱོད་ཟུར་དུ་བསླབ་དགོས་ན་དེ་ནི་ཆ་མི་ཚང་བའི་སློབ་སྦྱོང་ཞིག་རེད།སློབ་སྦྱོང་བྱེད་པར་བརྟེན་ནས་དངོས་པོའི་གནས་ཚུལ་རང་གིས་ཤེས་རྟོགས་བྱུང་བ་དེ་ལ་བརྟེན་ནས་བླང་དོར་གྱི་གནས་ལ་མི་རྨོངས་པའི་ཤེས་རབ་སྐྱེ་ཡོང་བའི་གོ་རིམ་དེ་འདྲ་ཡོད་མཁན་ཞིག་ལ་སྤྱོད་པ་བཟང་པོ་དགོས་རེད་བཅས་བསླབ་དགོས་མ་རེད།རང་བཞིན་གྱིས་མི་ཚད་ལྡན་དང་སྤྱོད་པ་བཟང་པོ་འགྱུར་ཡོང་གི་རེད། རང་ཉིད་ལ་ཡོད་པའི་རྣམ་དཔྱོད་དེ་བེད་སྤྱོད་གནང་ཐུབ་པ་ཞིག་བྱ་རྒྱུ་ནི་སློབ་སྦྱོང་བྱེད་པའི་དགོས་པ་རེད།་་་་་་་་་་་་་་་་་་་་་་་་་་་་
ཅི་ཞིག་ལ་སློབ་སྦྱོང་ཟེར་རམ།
སློབ་སྦྱོང་ = instruction
ཤེས་ཡོན་ = education
སློབ་གསོ་ = advice
བོད་ཕྱིནང་གཉིས་དང་། གཞུང་སྒེར་གཉིས། མཁས་བླུན་གཉིས་ཀྱིས་བཟོས་པའི་མིང་ཚིག་རྣམས་ཨིན་སྐད་དུ་གོ་བརྡ་གཅིག་འགྱུར་འོངས་བ་ལ་འབད་དགོས་འདུག
སྲིད་སྐྱོང་མཆོག་གིས།
https://www.facebook.com/CTATIBETTV/videos/10154844184840382/?hc_ref=ARRNr_nd3coDVwKSiAij8u6J0SZDhJhLbA34aijOJ_-XVzBPuYg7bQRzCYkPSYZQ28U
དུས་སྔ་མོ་ཡིན་ན་རང་གི་མི་ཚེ་བཟང་མཐའ་ལ་བསྐྱལ་ནས་གཞན་ལ་ཕན་པ་སྒྲུབ་ཐུབ་པའི་ནུས་པ་ཡོད་མཁན་ཞིག་ལ་སྤྱི་ཚོགས་ནང་སློབ་སྦྱོང་ཡོད་པའི་མི་ལ་ངོས་འཛིན་དང་ཆེ་མཐོང་ཞུ་བ་དང་དུས་དེང་སང་ཡིན་ན་སློབ་གྲ་མཐོན་ནས་ལག་ཁྱེར་རྫིགས་པོ་བསྟན་རྒྱུ་ཡོད་པའི་རང་གི་ལྟོ་གོས་འཚོལ་ཐུབ་མཁན་ལ་སློབ་སྦྱོང་ཡོད་པར་སྤྱི་ཚོགས་ནས་ངོས་འཛིན་བྱེད་བཞིན་པའི་སྒོམས་བཤིས་ལུང་པ་ཚང་མའི་ནང་དར་འདུག་།
བོད་རིགས་ས་ཁུལ་མོན་རྟ་དབངངམ། རྟ་སྤང་གི་སྐོར་ལ།
https://www.facebook.com/166673117180527/videos/243433272837844/?hc_ref=ARSNkhcgmJZccJG2Rr734w2jBKaPM6HlkLRxIAG69zmv1YCWQy24zHUVluy0m4wLdkw
དུས་ད་ལྟ་ཡང་། བོད་ཕྱི་རོལ་གྱི་ནང་ཆོས་ལ་གཟིགས་དང་།
https://www.facebook.com/theOneBuddha/videos/1210836272360838/?hc_ref=ARTXYpv2VN5BG2KO1-adJ0o0IZiLDr94adBzFDHb00sqewrjKG773S9KBnct03S4xM4
ལྷན་རྒྱས་ཁམས་བཟང་། རྩོམ་ཡིག་འདིའི་ནང་དོན་དང་འབྲེལ་བའི་བགྲོ་གླེང་དང་ཡི་གེར་འགོད་སྟངས་ཀྱི་སྐྱོན་ཆ་སོགས་ཐད་ཀར་བགྲོ་གླེང་ལྷུག་པོར་གནང་རོགས།
དམིགས་ཡུལ་བཟུང་དགོས་པས་རྒྱུ་མཚན་གང་ལ་ཐུག་ཡོད་དམ?
དམིགས་ཡུལ་མེད་ན་ཉེས་དམིགས་གང་ཡོད་དམ?