དཔལ་དགྱེས་པ་རྡོ་རྗེ།
ན་མོ་མ་ཧཱ་གུ་རུ་པདྨ་ཀ་ར་ཡེ།
གཉུག་མའི་ཡེ་ཤེས་ཀུན་ཏུ་བཟང་པོའི་གར།།
དག་པའི་ཞིང་ཁམས་རབ་འབྱམས་སྤྲུལ་པའི་སྐུ།།
གང་ལ་གང་འདུལ་སྣང་བའི་ཐབས་མཁས་ཅན།།
འདྲེན་མཆོག་དཔལ་ལྡན་བླ་མ་གསོལ་བ་འདེབས།།
ཚེ་སྔོན་ལས་ཀྱིས་འབྲེལ་བའི་སེ་ཁྱུང་དབྲ།།
གཉེན་དང་ཉེ་བར་བཅིངས་པའི་མཛའ་མཐུན་ལ།།
ཚོགས་བསགས་དགའ་སྟོན་རོལ་བའི་གླེང་སྟེགས་སུ།།
གང་དྲན་འབེལ་གཏམ་སྤྲིངས་ཡིག་འདི་ན་སྤྲོ།།
རིགས་ཀྱི་མཆོག་གྱུར་ཤྰཀྱའི་རྒྱལ་པོ་རིགས།།
རུས་ཀྱི་ཕུལ་བྱུང་སེ་ཁྱུང་དབྲ་ཡི་རུས།།
ངེས་དོན་རྨད་བྱུང་དྲང་བདེན་མི་རིགས་ལ།།
བརྩེ་དུང་ཆེན་པོས་བཀྲ་ཤིས་བདེ་ལེགས་ཞུ།།
མེས་པོའི་མཁས་གྲུབ་ཁྱུང་རྒྱལ་འཕུར་ཤུལ་དུ།།
ཡ་རབས་དབྲ་ཆེན་སྐལ་བཟང་བགྲོད་པའི་ལམ།།
གཟུར་གནས་བློ་གྲོས་ལྡན་པའི་དཔའ་མཛངས་ཅན།།
གཉེན་བཤེས་ཡོངས་ལ་རེ་བའི་གཏམ་འདི་ཐལ།།
རྒྱལ་རོང་ཡན་དང་འབྲས་ལྗོངས་ལ་དྭགས་ཚུན།།
མདོ་དབུས་ཁམས་དང་འཛམ་གླིང་ཡུལ་གྲུ་ན།།
སེ་ཁྱུང་དབྲ་རིགས་མཆེད་པའི་གངས་ཅན་པས།།
སྐད་ཡིག་གཙང་མའི་རྒྱུད་འཛིན་ཡོང་བར་གཅེས།།
དཀོན་མཆོག་གསུམ་ལ་བློ་ཕུག་བཅོལ་བ་དང་།།
རྟེན་འབྲེལ་གནས་ལ་རྒྱུ་འབྲས་ཞིག་ཕྲ་དང་།།
དགེ་སྒྲུབ་སྡིག་སྤོངས་ཅི་ནུས་འབད་བརྩོན་གྱིས།།
འཇིག་རྟེན་ཡ་རབས་སྤྱོད་པ་རྒྱུན་སྐྱོང་གཅེས།།
བཅུ་ཕྲག་རིག་པའི་གནས་ལ་ཐོས་བསམ་དང་།།
ཐོས་བསམ་ཕྱག་ལེན་འཐེབ་པའི་སྒོམ་པ་དང་།།
དམ་ཆོས་བཤད་སྒྲུབ་ཕྲིན་ལས་སྤེལ་བ་གཅེས།།
བདེ་ཐང་ལུས་ལ་རྩལ་སྦྱང་འཕྲོད་བརྟེན་དང་།།
བདེན་དྲང་ངག་ལ་སྨྲ་བའི་སྤོབས་པ་དང་།།
ལྷག་བསམ་ཕན་བདེ་མཛད་པའི་ཕྱག་ལས་གསུམ།།
ནམ་ཡང་དྲན་ཤེས་བག་ཡོད་ལྡན་པར་གཅེས།།
གངས་ལྗོངས་སྰ་ལའི་སྨན་ཀླུང་མཛེས་པ་ནས།།
ལུགས་གཉིས་ཚུལ་བཞིན་མཛད་པའི་ཀུན་མཁྱེན་པ།།
མི་དབང་ཆོས་རྒྱལ་ཡིད་བཞིན་ནོར་བུ་ཉིད།།
དམངས་ཀྱིས་སྤྱི་གཙུག་རྒྱན་ཏུ་བཀུར་བར་གཅེས།།
བྱིས་པ་ཤེས་བྱའི་འོ་དཀར་འཐུང་བ་དང་།།
གཞོན་པས་ཕན་བདེ་བྱ་དཀར་མཛད་པ་དང་།།
རྒན་པས་དམ་ཆོས་རྣམ་དཀར་བརྩོན་པ་དང་།།
ཚང་མས་ཕྱི་རབས་མིག་ལྟོས་གནང་བར་གཅེས།།
མི་ཆོས་མཁས་པས་དབྲ་རིགས་དར་སྤེལ་དང་།།
མི་གཤིས་བཙུན་པས་དགེ་བཅུའི་ཁྲིམས་ལ་གནས།།
མི་མཆོག་བཟང་པོས་འདི་ཕྱིའི་དོན་འགྲུབ་ནས།།
མི་ཚེའི་སྙིང་པོ་ཀུན་ལ་དབང་ཐོབ་ཤོག།
ཅེས་པ་འདི་ཡང་རབ་གནས་མེ་བྱའི་གྲོ་བཞིན་ཟླ་བའི་ཉ་ལ་དབྲ་ཆེན་པདྨ་རྡོ་རྗེ་དང་། དབྲ་ཆེན་བཀྲ་ཤིས་ཆོས་དར་དང་དབྲ་ཆེན་ཐུབ་བསྟན་ཀུན་གྲོལ་སོགས་ཀྱི་གསུང་སྐུལ་དང་དབྲ་ཆེན་གཉེན་ཚོགས་ལ་མཁན་ཆེན་བླ་མ་འམ་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་ལྷག་བསམ་དག་པས་སྙིང་གཏམ་གཉེན་ཉེ་ཡོངས་ལ་ཨེ་ཝྃ་རྫོགས་ཆེན་དུས་འཁོར་རི་ཁྲོད་ནས་གདམས་པར་དོན་དང་ལྡན་པར་གྱུར་ཅིག་གུ།། །།
བོད་སྐད་སྡེ་ཚན། | གསར་འགྱུར།
ཞབས་འདྲེན་ཞུ་མཁན་བླ་མ་དེ་ཚོ་སྤྱི་ཚོགས་ནང་ཐེར་འདོན་བྱེད་དགོས།
http://www.rfa.org/tibetan/sargyur/dalai-lama-denounces-ethical-misconduct-by-buddhist-teachers-08092017133125.html
་་་་་་་་་་ཨེ་ཝྃ་རྫོགས་ཆེན་དུས་འཁོར་རི་ཁྲོད་ནས་་་་་་་་་་་་་་
རི་ཁྲོད་ནས་ཁ་བརྡར་འཛུལ་ནས་བསྡད་ན་བོད་ཆོས་པ་རི་ཁྲོད་པའི་ཞབས་འདྲེན་མ་རེད་དམ།