པད་མ་འབུམ།
གླེང་སློང་།
འདིར་བརྗོད་པའི་“རིག་གནས་སྲུང་སྐྱོབ་”ནི་སྐྱབས་བཅོལ་སྤྱི་ཚོགས་སུ་“རིག་གཞུང་སྲུང་སྐྱོབ་”ཅེས་པ་དང་དོན་མཚུངས་ཡིན། འདིར་“རིག་གནས་སྲུང་སྐྱོབ་”ཅེས་འབོད་དོན་ནི་བོད་ནང་ལ་འདི་ལྟར་གྲགས་ཆེ་བས་ཡིན། ཐ་སྙད་ཅིག་བོད་ནང་ལ་གྲགས་ཆེ་དུས་བེད་སྤྱོད་གཏོང་མཁན་གྱི་མི་འབོར་དེ་ན་མང་བ་ནི་བཤད་མ་དགོས་པ་རེད། “རིག་གཞུང་སྲུང་སྐྱོབ་”ཅེས་པའི་འབོད་སྟངས་འདི་ལ་རྒྱུ་མཚན་རེ་ཡོད་པ་སྨོས་མ་དགོས་ཤིང་། ཐ་སྙད་ལ་རྒྱུ་མཚན་གལ་ཆེ་བ་ཡང་བདེན་མོད། རྒྱུ་མཚན་ལས་ཀྱང་བེད་སྤྱོད་གལ་ཆེ། རྒྱུ་མཚན་ཡོད་ཀྱང་བེད་སྤྱོད་གཏོང་མཁན་ཉུང་དུས་ཐ་སྙད་དེ་ལ་གསོན་སྟོབས་ཆུང་རྟགས་ཡིན། རྒྱུ་མཚན་མི་དག་ན་ཡང་བེད་སྤྱོད་གཏོང་མཁན་མང་དུས་ཐ་སྙད་དེ་གསོན་པོར་གནས་ཡོད་པ་རེད།
དེང་སང་མི་རྣམས་ཀྱི་ངག་ལ་རླུང་ལྟར་གྲགས་པའི་རྗོད་ངག་ཅིག་ནི་རིག་གནས་སྲུང་སྐྱོབ་ཅེས་པ་འདི་ཡིན་ཅིང་། སྲུང་སྐྱོབ་བྱེད་མི་བྱེད་གཉིས་ཀས་བརྗོད་ལ། དོན་ལ་བསམ་བློ་གཏོང་མི་གཏོང་གཉིས་ཀས་བརྗོད། ང་ཚོའི་ཁ་ཏོན་མང་པོ་ཞིག་དེ་ལྟར་ཡིན། དེའི་ནང་དོན་བསྒྲུབ་དགོས་པའི་ངེས་པ་མེད་ལ་དེའི་ནང་དོན་ལ་བསམ་བློ་གཏོང་དགོས་པའི་ངེས་པ་ཡང་མེད། ཡིན་ན་ཡང་རིག་གནས་སྲུང་སྐྱོབ་ནི་ཁ་ཏོན་མིན་པར་བསྒྲུབ་བྱ་ཞིག་ཡིན། བསྒྲུབ་པའི་སྔོན་འགྲོ་ནི་དེའི་ནང་དོན་ལ་བསམ་བློ་བཏང་ནས་གོ་བ་ལེན་རྒྱུ་དེ་ཡིན། ཡིན་ན་ཡང་དེ་གོ་བ་ལེན་པར་རྩོམ་སྐབས་དེ་ནི་ངག་ནས་བརྗོད་པ་ལྟར་ལས་སླ་བོ་ཞིག་མིན་པར། ཅི་ཞིག་ནི་རིག་གནས་ཡིན་པ་དང་། དེ་སྲུང་སྐྱོབ་ཟེར་བ་ཅི་ཞིག་ཡིན། སྲུང་སྐྱོབ་ཇི་ལྟར་བྱེད་དགོས་ཟེར་བ་ལྟ་བུ་དྲི་བའི་ཕྲེང་བ་རིང་པོ་ཞིག་བསྣར་ནས་ཡོང་།
ང་རང་གིས་བོད་ཀྱི་རིག་གནས་ལ་བརྟེན་ནས་མི་ཚེ་བསྐྱལ་དང་སྐྱེལ་བཞིན་པར་བརྟེན། རྒྱུན་དུ་རིག་གནས་ཀྱི་སྐོར་ལ་བསམ་བློ་རེ་གཏོང་རྒྱུ་ནི་རང་བཞིན་ཞིག་ཡིན། ལོ་ངོ་ཉེར་བདུན་གྱི་སྔོན་ལ་བདག་རྒྱ་གར་དུ་འབྱོར་སྐབས། རྡ་རམ་ས་ལའི་བོད་ཀྱི་དཔེ་མཛོད་ཁང་དུ་བརྗོད་གཞི་འདིའི་སྟེང་ལ་གཏམ་བཤད་ཅིག་བྱས་པ་ཡིན། གཏམ་བཤད་དེ་ནི་སྤྱིར་བཏང་བོད་ཀྱི་སྲོལ་རྒྱུན་གྱི་རིག་གནས་ཞེས་པའི་གོ་བ་ལེན་སྟངས་དེ་དང་། སྐབས་དེར་བོད་ནང་གི་བོད་ཀྱི་གཞོན་སྐྱེས་རྣམས་ཀྱིས་རྒྱ་ཡིག་གི་གོ་བའི་ཤུགས་རྐྱེན་འོག་ནས་རིག་གནས་གོ་བ་ལེན་སྟངས་དེ་གཉིས་བསྲེས་ནས་བཤད་ཡོད། དེའི་རྗེས་ཀྱི་ལོ་ངོ་ཉེར་བདུན་གྱི་རིང་ལ་རིག་གནས་གི་སྐོར་ལ་དམིགས་བསལ་ཞིབ་འཇུག་མ་བྱས་ཀྱང་། དེའི་ཐད་ལ་རྒྱུན་དུ་དོ་སྣང་དང་བསམ་བློ་བཏང་བ་ཡིན།
ལོ་གཉིས་ཙམ་གྱི་སྔོན་ལ། ཕྱི་རྒྱལ་ན་ཡོད་པའི་དགུ་ཆུ་སྐད་ཚོམ་གྱི་ཁ་འགོ་བས་ང་ལ་བརྗོད་གཞི་གང་རུང་ཞིག་གི་སྟེང་ནས་གཏམ་བཤད་ཅིག་བྱེད་རྒྱུའི་འབོད་སྐུལ་གནང་སོང་བ་ལྟར། འདི་ནི་ང་རང་གི་རིག་གནས་གི་སྐོར་གྱི་བསམ་ཚུལ་ཐར་ཐོར་རྣམས་ལྷུ་སྒྲིག་བྱས་ནས་ཉན་མཁན་རྣམས་ལ་གྲོས་འདེབས་སུ་འབུལ་བའི་གོ་སྐབས་བཟང་པོ་ཞིག་རེད་བསམས་ནས་ཁས་ལེན་བྱས་ཏེ། ༢༠༡༤ ཟླ་ ༦ ཚེས་ ༡༥ རེས་གཟའ་ཉི་མའི་ཨ་རིའི་ནིག་ཡོག་གི་སྔ་དྲོའི་ཆུ་ཚོད་ ༡༠ པའི་སྟེང༌། ངས་༼རིག་གཞུང་(གནས)་སྲུང་སྐྱོབ་བམ་༽ཞེས་པའི་བརྗོད་གཞི་ལས་འཕྲོས་ནས་གཏམ་བཤད་ཐུང་ཐུང་ཞིག་བྱས་པ་ཡིན། ཉན་མཁན་རྣམས་ཀྱིས་གཏམ་བཤད་དེ་ལ་དྲི་བ་དང་དགོངས་འཆར་གང་མང་ཞིག་གནང་བ་དེ་དག་གིས་བརྗོད་གཞི་འདི་མུ་མཐུད་ནས་བསམ་བློ་གཏོང་བ་ལ་ཕན་ཐོགས་མི་ཆུང་བ་ཞིག་བྱུང་།
གཏམ་བཤད་བྱས་ནས་ཉིན་ཤས་ཀྱི་རྗེས་སུ་དགུ་ཆུ་སྐད་ཚོམ་གྱིས་ངའི་གཏམ་བཤད་དེ་ཡིག་ཐོག་ལ་ཕབ་ནས་ང་ལ་གནང་སོང་། དེ་གཞིར་བཞག་ནས་ད་བར་དུ་བསམ་ཞིབ་ཡང་ཡང་བྱས་པ་རྣམས་རིམ་གྱིས་ཡི་གེར་བཀོད་ནས་རྩོམ་འདི་གྲུབ། འདི་གྲུབ་ནས་ཅང་མ་འགོར་བར་བདག་རྒྱ་གར་ལ་སྐོར་སྐྱོད་ཅིག་བྱེད་སྐབས། བདག་གི་གྲོགས་རྙིང་། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་ནས་བདག་ལ་གཏམ་བཤད་ཅིག་གི་འབོད་སྐུལ་གནང་བ་ལྟར། ཡང་སྐྱར་བརྗོད་གཞི་གཅིག་པ་འདིའི་སྟེང་ལ་གམ་བཤད་ཅིག་བྱས་པ་དང་། དེ་ནས་ཝ་ར་ན་སིའི་བོད་ཀྱི་གཙུག་ལག་མཐོ་སློབ་ཏུ་བསྐྱོད་ནས་ཡང་སྐྱར་གཏམ་བཤད་འདི་སྐྱར་བཤད་ཅིག་བྱས་པ་ཡིན། གཏམ་བཤད་དེ་གཉིས་ཀྱི་སྐབས་སུ་ཉན་མཁན་གྱི་གྲས་སུ་དྲི་བ་འདོན་མཁན་དང་དགོངས་འཆར་འདོན་མཁན་འགའ་རེ་བྱུང་བ་དེ་དག་གིས་ཀྱང་དོན་གནད་འགའ་རེ་ཇེ་གསལ་དུ་ཡོང་བར་ཕན་ཐོགས་མི་ཆུང་བ་བྱུང་བ་ལ་བདག་གིས་འདིར་ཐུགས་རྗེ་ཆེ་ཞུ་གི་ཡོད། ལྷག་པར་དུ་དགུ་ཆུ་སྐད་འཕྲིན་ཚོགས་པས་ང་ལ་གཏམ་བཤད་དེ་བཀོད་སྒྲིག་གནང་བ་དང་། ངའི་གཏམ་བཤད་དེ་ཡིག་འབེབས་གནང་བ་ནི་རྩོམ་ཡིག་འདིའི་འབྱུང་རྐྱེན་གཙོ་བོ་ཡིན་པས། ངས་དགུ་ཆུ་སྐད་འཕྲིན་གྱི་ཁ་འགོ་བ་དང་ཡིག་འབེབས་པ་ལ་དམིགས་བསལ་གྱིས་ཐུགས་རྗེ་ཞུ་རྒྱུ་ཡིན།
དང་པོ། ཐ་སྙད་རིག་གནས།
སྲོལ་རྒྱུན་དུ་རིག་གནས་ཟེར་བའི་ཐ་སྙད་འདི་མཁས་པའི་ཁྲོད་དུ་གྲགས་ཆེ་ལ་ཡིག་རྨོངས་པའི་ཁྲོད་དུ་གྲགས་ཆུང་བའི་ཐ་སྙད་ཅིག་ཡིན། དགོན་སྡེ་ནས་ཐོས་བསམ་བྱས་ནས་ཐོན་པའི་མཁས་པ་སྟེ། དེང་སང་གི་སློབ་གསོ་མྱངས་མ་མྱོང་བའི་མཁས་པ་ཞིག་ལ་རིག་གནས་ཟེར་བ་ཅི་རེད་ཅེ་ན་ཐ་སྙད་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་ཟེར་བ་དེ་ལ་གོ་རྒྱུ་ལས་གཞན་པ་ལ་གོ་མི་སྲིད། ལོ་ངོ་བརྒྱད་བརྒྱ་ཙམ་གྱི་སྔོན་ལ་བྱོན་པའི་མཁས་པ་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས་(1276-1342)རིག་གནས་ཕྱོགས་བསྡེབས་ཞེས་པ་རྩོམ་སྐབས་ཀྱང་ཐ་སྙད་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་ཟེར་བ་འདི་བརྗོད་ཀྱི་ཡོད་ལ། དེ་ནས་ལོ་ངོ་བརྒྱད་བརྒྱ་ཙམ་གྱི་རྗེས་ལ་དུས་རབས་གོང་མའི་ལོ་རབས་དགུ་བཅུའི་ནང་ལ་འདས་པའི་སྲོལ་རྒྱུན་གྱི་མཁས་པ་དམུ་དགེ་བསམ་གཏན་(1914-1993)ལགས་ཀྱིས་བོད་ལ་རིག་གནས་བྱུང་ཚུལ་གྱི་ལོ་རྒྱུས་ཞེས་པའི་ནང་དུ་ཡང་ཐ་སྙད་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་དེ་མ་གཏོགས་གཞན་ཅང་གསུངས་མེད།
ས་པཎ་སྐབས་སུ་རིག་གནས་ཆེ་ཆུང་བཅུ་ཟེར་བའི་སྒྲོམ་གཞི་འདི་ནི་རྒྱ་གར་གྱི་ཡིན་པ་མ་ཟད་ནང་དོན་ཡང་རྒྱ་གར་གྱི་ཡིན། ཡིན་ན་ཡང་རིམ་གྱིས་རྒྱ་གར་གྱི་སྒྲོམ་གཞིའི་ནང་ལ་བོད་ཀྱི་ནང་དོན་ཇེ་མང་དུ་སོང་ནས་རྒྱ་གར་དང་བོད་འདྲེས་མ་ཡིན། དཔེར་ན། རིག་གནས་ཆེ་བ་ལྔའི་ནང་ཚན་སྒྲ་རིག་པ་བཤད་དུས། ཐོག་མའི་དུས་སུ་ལེགས་སྦྱར་སྐར་གྱི་སྒྲ་རིག་པ་དེ་བཤད་ན་ཡང་། ཕྱིས་སུ་བོད་རང་གི་སྒྲ་རིག་པ་ནི་བོད་ཀྱི་སུམ་རྟགས་དག་གསུམ་ལ་ངོས་འཛིན་བྱས་ཡོད། སྡེབ་སྦྱོར་རིག་པ་ཡང་དེ་ལྟར་ཡིན། སྔོན་མ་བོད་རང་ལ་སྡེབ་སྦྱོར་རིག་པ་ཟེར་བའི་རིག་ཚན་ཞིག་མེད་ན་ཡང་ཕྱིས་སུ་མཁས་དབང་དུ་དཀར་བློ་བཟང་འཕྲིན་ལས་ལགས་ནས་ཁོང་གི་སྙན་ངག་མེ་ལོང་མའི་འགྲེལ་བའི་ནང་དུ་བོད་རང་གི་སྡེབ་སྦྱོར་རིག་པའི་འགྲོ་སྟངས་ཤིག་འདོན་ཐབས་གནང་ཡོད། བཟོ་རིག་པ་ལྟ་བུར་མཚོན་ན་ལྷག་པར་དུ་དེ་ལྟར་ཡིན། བྲིས་འབུར་གྱི་ལྷ་སྐུ་བཞེངས་སྟངས་དང་པོ་རྒྱ་གར་དང་བལ་པོ་ནས་ཡོང་བ་ཡིན་ན་ཡང་། རྗེས་སུ་བོད་རང་གི་བཞེངས་ལུགས་ཤིག་གྲུབ་ནས་སྨན་ལུགས་མཁྱེན་ལུགས་ཟེར་བའི་རྟེན་བཞེངས་བྱེད་ལུགས་འདྲ་མིན་ཞིག་བྱུང་ཡོད་པ་རེད།
ས་པཎ་གྱི་སྔོན་ལ་རིག་གནས་ཟེར་བའི་ཐ་སྙད་དེ་བྱུང་ཡོད་ན་ཡང་དེ་སྤྱི་ཚོགས་ཐོག་ལ་ཁྱབ་བརྡལ་དུ་སོང་བའི་ཐ་སྙད་ཅིག་མིན་པ་འདྲ། རིག་གནས་ལས་གཙུག་ལག་ཟེར་བའི་ཐ་སྙད་འདི་ཁྱབ་བརྡལ་དུ་སོང་མེད་དམ་སྙམ། ཐ་སྙད་འདི་རྗེས་གྲུབ་ཀྱི་མིང་ཞིག་ཡིན་དགོས་པ་འདྲ་ཡང་མིང་འདི་འགྲུབ་བྱེད་ཀྱི་རྒྱུ་མཚན་བློ་ལ་འཇུག་པོ་ཞིག་རྙེད་དཀའ།
གཙུག་ལག་ཟེར་བ་འདིའི་གོ་དོན་མི་གསལ་བའི་སྟབས་ཀྱིས་འཇུག་ཡུལ་ཡང་དེ་འདྲའི་གསལ་པོ་ཞིག་མིན། སྡེ་སྲིད་སངས་རྒྱས་རྒྱ་མཚོས་བེ་དཀར་གཡའ་སེལ་དུ་སྔོན་བྱོན་མཁས་པས་རྒྱལ་བའི་བཀའ་རྣམས་“གཙུག་”དང་། བསྟན་བཅོས་རྣམས་་ “ལག་”ཏུ་གྲགས་ཚུལ་དང་། འཇམ་དཔལ་གྱི་“གཙུག་”ནས་བཏོན་ཏེ་ལྷ་མོ་རྣམ་རྒྱལ་མའི་“ལག་”ཏུ་བཞག་པས་གཙུག་ལག་སོགས་སྒྲ་བཤད་རྒྱག་ཚུལ་དུ་མ་དྲངས་ཡོད། ད་དུང་ཁོང་གིས་རིག་གནས་བྱེ་བྲག་པ་རྩིས་ཀྱི་གཙུག་ལག་དང་བརྡ་སྤྲོད་ཀྱི་གཙུག་ལག་ཅེས་པ་ལྟ་བུའི་འཇུག་ཚུལ་ཡོད་པ་ཡང་བཀོད་ཡོད། བོད་རྒྱ་ཚིག་མཛོད་ཆེན་མོའི་ནང་ལ་དུ་འདིའི་མཚན་ཉིད་ལ་སྡེ་སྣོད་དམ་གསུང་རབ་ཅེས་བཞག་ཡོད་ཅིང་། དག་ཡིག་གསར་བསྒྲིགས་ཀྱིས་རིག་གནས་ཐམས་ཅད་ཀྱི་སྤྱི་མིང་ཞེས་བཀོད་ཡོད།
རིག་གནས་དང་འབྲེལ་ནས་རིག་གཞུང་ཟེར་བ་ཞིག་ཡོད། དེ་ལ་ཡང་བོད་ཀྱི་ཚིག་མཛོད་དག་ནས་མཚན་ཉིད་གསལ་པོ་ཞིག་རྙེད་དཀའ། བོད་རྒྱ་ཚིག་མཛོད་ཆེན་མོའི་ནང་དུ་རིག་གནས་ཀྱི་གཞུང་ཟེར་བ་ཙམ་ལས་ཅི་ཡང་མེད། ང་རང་ལ་མཚོན་ན། ལུང་འདྲེན་ཁུངས་སྐྱེལ་བྱེད་རྒྱུ་མེད་ཀྱང་རང་བཞིན་གྱིས་རིག་ཚན་བྱེ་བྲག་པ་ཞིག་གི་རྣམ་གཞག་ཆ་ཚང་བ་ཞིག་གོ་རིམ་དང་ལྡན་པར་སྟོན་པ་ལ་རིག་གཞུང་ཞེས་གོ་བ་བླངས་ནས་བསྡད་པ་དང་། གཞན་པས་ཀྱང་དེ་ལྟར་གོ་བ་ལེན་གྱི་ཡོད་པར་ཡིད་ཆེས་བྱས་ནས་བསྡད་པ་ཡིན། ཡིན་ན་ཡང་རྒྱ་གར་གྱི་བོད་པའི་སྤྱི་ཚོགས་སུ་རིག་གཞུང་ཞེས་བརྗོད་དུས་འོག་ཏུ་འཆད་པར་འགྱུར་བའི་དོན་རྒྱ་ཧ་ཅང་ཆེ་བའི་སྤྱི་ཚོགས་རིག་གནས་ལ་གོ དཔེར་ན་བོད་ཀྱི་སྲོལ་རྒྱུན་གྱི་གླུ་གར་འཁྲབ་སྟོན་ལ་རིག་གཞུང་འཁྲབ་སྟོན་ཟེར། རིག་གནས་ཀྱི་ཐ་སྙད་སྦྱོར་སྟངས་འདི་བོད་རང་གི་སྦྱར་སྟངས་ཤིག་མིན་པར། དབྱིན་ཡིག་གི་Culture ཟེར་བའི་ཐ་སྙད་དེའི་གོ་དོན་གྱི་ཆ་ཤས་ཤིག་དྲངས་ནས་བརྗོད་ཀྱི་ཡོད།
ད་དུང་རིགས་པའི་གཞུང་ལུགས་ཞེས་པའི་ཐ་སྙད་ཅིག་ཀྱང་ཡོད་པ་ཡང་སྔོན་བྱོན་མཁས་པའི་ཁྲོད་དུ་གྲགས་ན་ཡང་དར་ཁྱབ་ཆེན་པོར་སོང་ནས་མི་མང་པོས་གོ་དོན་རྟོགས་པ་ཞིག་མིན་པ་འདྲ། ཨ་ལགས་ཚེ་ཏན་ཞབས་དྲུང་གི་རང་རྣམ་གྱི་ནང་དུ་ཁོང་གི་རྩ་བའི་བླ་མ་འཇིགས་མེད་དམ་ཆོས་རྒྱ་མཚོ་ཚང་གིས་དཔྱི་ས་བློ་གྲོས་ཚང་ལ་རིག་ལ་ས་མཐའ་ཅན་གྱི་རིགས་གཞུང་འདིའི་འཇུག་ཡུལ་ཅི་ཡིན་བཀའ་འདྲི་གནང་བར། དཔྱི་ས་བློ་གྲོས་ཚང་གིས་རྒྱུ་མཚན་དང་གཏན་ཚིགས་ཀྱིས་གཏན་ལ་ཕབ་པའི་རིགས་པའི་གཞུང་ལུགས་ལ་ས་མཐའ་དགོས་ཚུལ་གྱི་བཀའ་མོལ་བྱུང་ཚུལ་ཞིག་བཀོད་འདུག འཇིགས་མེད་དམ་ཆོས་རྒྱ་མཚོ་ཚང་ལྟ་བུའི་མཁས་ཆེན་ཞིག་གིས་ཀྱང་ས་མཐའ་ཅན་གྱི་རིགས་པའི་གཞུང་ལུགས་ལ་བཀའ་འདྲི་གནང་དགོས་དུས་ཐ་སྙད་འདིའི་གོ་དོན་ཡོངས་གྲགས་ཤིག་མིན་པ་ཤིན་ཏུ་གསལ། བོད་རྒྱ་ཚིག་མཛོད་ཆེན་མོ་ཞེས་པའི་ཚིག་མཛོད་དེའི་ནང་ལ་རིགས་པའི་གཞུང་ལུགས་འདི་བྱུང་མེད། དག་ཡིག་གསར་བསྒྲིགས་ཀྱི་ཐ་སྙད་རང་རྐྱ་འཕེར་བ་ཞིག་གི་ཚུལ་དུ་བྱུང་མེད་ན་ཡང་། གཞུང་ལུགས་ཞེས་པའི་ཐ་སྙད་འདི་ལ་མཚན་ཉིད་འཇོག་སྐབས་དེ་མཚོན་བྱེད་དུ་རིགས་པའི་གཞུང་ལུགས་ཞེས་པ་འདི་བྱུང་ཡོད།
ས་མཐའ་ཅན་གྱི་རིགས་པའི་གཞུང་ལུགས་ཞེས་པའི་ཐ་སྙད་འདི་གུང་ཁྲན་ཏང་གིས་བོད་ལ་དབང་སྒྱུར་བྱས་ནས་བོད་ཀྱི་སྤྱི་ཚོགས་ནང་ལ་ཁྱབ་བརྡལ་དུ་སོང་ཡོད། ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་ན་དུས་རབས་གོང་མའི་ལོ་རབས་ལྔ་བཅུ་དང་དྲུག་ཅུ། བདུན་ཅུ་བཅས་ཀྱི་ནང་ལ་རྒྱ་ནག་དང་བོད་ཡུལ་ན་ཡོད་པའི་རྒྱ་གཞུང་གི་དཔེ་སྐྲུན་ཁང་དག་གིས་དཔེ་སྐྲུན་བྱས་པའི་བོད་ཡིག་གི་དཔེ་དེབ་ལྔ་བརྒྱ་ལྷག་ཡོད། དེའི་ཁྲོད་ཀྱི་ཉུང་མཐའ་བརྒྱ་ཆའི་བཞི་བཅུ་ནི་དམར་པོའི་ལྟ་བ་སྟེ། མར་ཁེ་སི་དང་ལེ་ཉིན། མའོ་ཙེ་ཏུང་སོགས་དམར་ཕྱོགས་ཀྱི་གཙོ་འཛིན་རྣམས་ཀྱི་དམར་པོའི་ལྟ་བ་བརྗོད་པའི་གསུང་རྩོམ་དང་། དེ་དག་གི་ལྟ་བ་ལ་འགྲེལ་བཤད་རྒྱག་པའི་དཔེ་དེབ་ཡིན་ལ་། དེ་དག་གི་ནང་དུ་རིགས་པའི་གཞུང་ལུགས་ཟེར་བའི་ཐ་སྙད་འདི་རྒྱུན་མཐོང་དུ་བྱུང་ཡོད།
ཐ་སྙད་འདི་རྒྱ་སྐད་ཀྱི་理论(Lilun)ཟེར་བ་འདི་དོན་བསྒྱུར་བྱས་ནས་ཁྱབ་བརྡལ་དུ་སོང་། 理 ནི་རྒྱུ་མཚན་དང་གཏན་ཚིགས་ལ་འཇུག་ཅིང་། 论 ནི་དོན་དག་ཅིག་གམ་གནས་ཤིག་ལ་དབྱེ་ཞིབ་དང་འགྲེལ་བརྗོད་བྱེད་པ་ལ་འཇུག་པས་བོད་སྐད་ཀྱི་རིགས་པའི་གཞུང་ལུགས་ཞེས་པ་འདི་ཧ་ཅང་འབྱོར་བ་ཡིན། ཡིན་ན་ཡང་རྒྱ་སྐད་ནས་ཡོང་བའི་རིགས་པའི་གཞུང་ལུགས་ཀྱི་དོན་རྒྱ་ནི་བོད་རང་ལ་ཡོད་པའི་གོ་དོན་ལས་ཇེ་ཆེར་སོང་ཡོད། བོད་སྐད་རང་གི་རིགས་པའི་གཞུང་ལུགས་སྐབས་སུ་ཡང་ས་མཐའ་མེད་པའི་རིག་གཞུང་གི་དོན་རྒྱ་ལས་ཆེ། དེས་རིག་ཚན་བྱེ་བྲག་པའི་རྣམ་གཞག་ཆ་ཚང་བར་སྟོན་པ་ཙམ་མ་ཡིན་པར་དེ་ལས་རྒྱ་ཆེ་ཞིང་གཏིང་ཟབ་པའི་ལྟ་གྲུབ་ཀྱི་རྣམ་གཞག་གཏན་འབེབས་བྱེད། རྒྱ་ཡིག་ནས་བྱུང་བའི་རིགས་པའི་གཞུང་ལུགས་ཀྱི་སྐབས་སུ་ལྟ་གྲུབ་གཏན་ལ་འབེབས་པ་མ་ཟད་འགྲོ་བ་མིའི་སྤྱི་ཚོགས་ཀྱི་ལམ་ལུགས་ཀྱང་གཏན་ལ་འབེབས་ཀྱི་ཡོད།
རིག་གནས་དང་རིག་གཞུང་། རིགས་པའི་གཞུང་ལུགས། གཙུག་ལག་བཅས་ཀྱི་གོ་དོན་མཚུངས་མི་མཚུངས་ཇི་ལྟར་ཡང་། དེ་རྣམས་ལ་ཐུན་མོང་གི་ཆ་ཤས་ཤིག་འགའ་ཡོད་པ་འདི་ལྟར། ༡། ཚང་མ་ཡིག་ཐོག་ན་ཡོད་པ་དང་། ༢། དེ་རྣམས་ཤེས་པར་བྱེད་པ་ལ་དམིགས་བསལ་གྱི་དགེ་རྒན་ཟེར་བ་ཞིག་བསྟེན་དགོས་པ་དང་། ༣། ལྟོ་གོས་འཚོལ་སྒྲུབ་ཀྱི་རྩོལ་བ་དང་ཁ་བྲལ་ནས་དམིགས་བསལ་གྱི་དུས་ཚོད་བཀོལ་ནས་དམིགས་བསལ་གྱི་སྦྱོང་ཡུལ་ཞིག་ཏུ་སྦྱོང་དགོས་པ་བཅས་ཡིན། གཙུག་ལག་ཁང་ཟེར་བ་དེ་ནི་ནང་ཆོས་དང་འབྲེལ་བའི་བསྟི་གནས་ཤིག་ལ་གོ་བའི་གོ་སྐབས་མང་ན་ཡང་། སྔ་མོའི་དུས་སུ་ཡིག་ཐོག་ན་ཡོད་པའི་ཤེས་ཡོན་རྣམས་བཞུགས་ས་དང་དེ་དག་སྦྱོང་ས་སྟེ། དེང་སང་དཔེ་མཛོད་ཁང་ཟེར་བ་དང་སློབ་གྲྭ་ཟེར་བའི་ཚབ་ཏུ་ཡིན་ཡང་སྲིད་པ་རེད།
གཉིས་པ། སྤྱི་ཚོགས་རིག་གནས།
དུས་རབས་གོང་མའི་ལོ་རབས་ལྔ་བཅུའི་ནང་ལ་བོད་ཁམས་ཡོངས་ལ་དུས་འགྱུར་ཆེན་མོ་བྱུང་རྗེས་བོད་ཀྱི་སྤྱི་ཚོགས་ལ་འགྱུར་བ་ཆེན་པོ་སོང་བ་དང་མཚུངས་སུ་བོད་ཀྱི་སྐད་ཡིག་གི་ནང་ལ་ཐ་སྙད་གསར་བ་གང་མང་བྱུང་བ་དང་། རིག་གནས་ལྟ་བུ་ལ་མཚོན་ན་རྒྱ་སྐད་ཀྱི་wenhua (文化)ཡི་གོ་དོན་ཞུགས་ནས་སྔར་ཡོད་ཀྱི་གོ་དོན་ལ་འགྱུར་བ་ཆེན་པོ་སོང་ཡོད། ༡༩༥༤ ལོར་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི་ཐ་སྙད་གསར་བསྒྲིགས་ཟེར་བ་ཞིག་ཡོད། དེ་ནི་གུང་ཁྲན་ཏང་གིས་རྒྱ་ནག་སྐམ་ས་ཆེན་པོ་དང་བོད་ཡུལ་ལ་དབང་སྒྱུར་བྱས་རྗེས་བསྒྲིགས་པའི་རྒྱ་བོད་ཤན་སྦྱར་གྱི་ཚིག་མཛོད་དང་པོ་དེ་ཡིན། དེའི་ནང་དུ་རྒྱ་སྐད་ཀྱི་ Wenhuaཡི་སྐད་དོད་དུ་ “རིག་གཞུང་”ཞེས་སྦྱར་ཡོད། ཐ་སྙད་ཀྱི་མཁན་པོ་དེས་ “རིག་གཞུང་”ཞེས་ཐ་སྙད་འདི་མཁྱེན་ན་ “རིག་གནས་”ཞེས་པའི་ཐ་སྙད་འདི་མི་མཁྱེན་པ་མི་སྲིད་ཀྱང་། རིག་གནས་ཞེས་པའི་ཐ་སྙད་འདི་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་ལ་དབང་ཚར་བའི་རྐྱེན་གྱིས་དེ་རྒྱ་སྐད་ཀྱི་ Wenhua ཡི་སྐད་དོད་དུ་མ་སྦྱར་བ་ཡིན་སྲིད།
ཡིན་ན་ཡང་རྒྱུ་མཚན་ཅི་ཡིན་མི་ཤེས་ཀྱང་དེ་ནས་ལོ་གཅིག་གི་རྗེས་སུ་ཚིག་མཛོད་དེའི་བམ་པོ་གཉིས་པ་བསྒྲིགས་པའི་ནང་དུ་Wenhua ཡི་སྐད་དོད་དུ་རིག་གནས་ཞེས་སྦྱར་ཡོད། རིག་གནས་ཞེས་པའི་མིང་འདི་རྒྱ་ཡིག་གི་ Wenhua ཡི་སྐད་དོད་དུ་སྦྱྲར་ནས་རྒྱ་ཡིག་གི་མིང་བརྡ་དེའི་གོ་དོན་ཡང་ཞུགས་པས་སྤྱི་ཚོགས་རིག་གནས་ཀྱི་གོ་དོན་བྱུང་། ཐ་སྙད་གསར་བསྒྲིགས་ཀྱི་ཚིག་མཛོད་དེ་བསྒྲིགས་ནས་ཕལ་ཆེར་ལོ་བཅུ་དགུའི་རྗེས་ཀྱི་༡༩༧༣ ལོར་སྒྲིག་འགོ་བརྩམས་པའི་དག་ཡིག་གསར་བསྒྲིགས་ཀྱི་ནང་ལ་རིག་གནས་ཞེས་པ་འདི་ལ་གོ་དོན་གསར་རྙིང་གཉིས་ཞུགས་ཚར་བ་དེའི་རིག་གནས་ཀྱི་འགྲེལ་བཤད་ལས་མངོན་ཡོད།
“1. རིག་པའི་གནས་ཞེས་པའི་ཚིག་བསྡུས་པ་སྟེ། གནའ་དཔེར་རིག་གནས་ཞེས་པ་ནི། བཟོ་རིག་པ་དང་གསོ་བ་རིག་པ། སྒྲ་རིག་པ། གཏན་ཚིགས་རིག་པ། ནང་དོན་རིག་(ཆོས་ལུགས་ཀྱི་མཚན་ཉིད་རིག་པ་)སྟེ་རིག་གནས་ཆེ་བ་ལྔ་དང་། སྐར་རྩིས་དང་སྙན་ངག མངོན་བརྗོད། སྡེབ་སྦྱོར། ཟློས་གར་སྟེ་རིག་གནས་ཆུང་བ་ལྔ་བཅས་བསྡོམས་པའི་བཅུ་ཕྲག་རིག་པའི་གནས་ཞེས་པ་དེ་རྣམས་ཀྱི་སྤྱི་མིང་ཡིན། 2. ཆབ་སྲིད་དང་དཔལ་འབྱོར། རིག་གནས་གསུམ་གྱི་ནང་གི་རིག་གནས་ནི། སྤྱི་ཚོགས་འཕེལ་བའི་ལོ་རྒྱུས་ཀྱི་ནང་དུ་མིའི་རིགས་ཀྱིས་གསར་དུ་བསྐྲུན་པའི་དངོས་རྫས་ཀྱི་ལོངས་སྤྱོད་དང་། སློབ་གསོ་དང་ཚན་རིག རྩོམ་རིག་སྒྱུ་རྩལ་སོགས་བསམ་པའི་ལོངས་སྤྱོད་ཀྱི་སྤྱི་འདུས་ལ་ཟེར།…”
གོ་དོན་1. ནི་ང་ཚོས་གོང་དུ་བཤད་པའི་སྲོལ་རྒྱུན་གྱི་ཐ་སྙད་རིག་གནས་ཆེ་ཆུང་བཅུ་ཟེར་བ་དེ་ཡིན་པ་དང་། གོ་དོན་ 2. ནི་དེ་སྔའི་བོད་རང་གི་ཐ་སྙད་ཀྱི་གོ་དོན་ལ་མེད་ཅིང་རྒྱ་ཡིག་གི་wenhuaཟེར་བ་དེའི་གོ་དོན་ཞུགས་པ་དེ་ཡིན། གོ་དོན་དེ་ནི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་ཞེས་ཁྱབ་ཁོངས་ཆེན་པོ་གསུམ་གྱི་ཡ་གྱལ་ཞིག་ཡིན་ལ། དེང་སང་ཡང་བོད་ནང་གི་རྩོམ་ཡིག་རྣམས་སུ་འདི་གསུམ་ལ་ “ཆབ་དཔལ་རིག་གསུམ་”ཞེས་ཚིག་བསྡུས་ཀྱིས་འབྱུང་བཞིན་ཡོད།
དག་ཡིག་གསར་བསྒྲིགས་སུ་གསལ་པ་ལྟར། སྐབས་འདིའི་རིག་གནས་ནི་འགྲོ་བ་མིའི་ “དངོས་རྫས་ཀྱི་ལོངས་སྤྱོད་”དང་ “བསམ་པའི་ལོངས་སྤྱོད་”ཀྱི་སྤྱི་འདུས་ཡིན་པས། རིག་གནས་ཀྱི་དོན་ཁོངས་རྒྱ་སྐྱེད་བྱུང་ནས་ང་ཚོའི་སྲོལ་རྒྱུན་གྱི་རིག་གནས་ཆེ་ཆུང་བཅུ་ནི་དེའི་ཁོངས་ཀྱི་ཆ་ཤས་ཀྱི་ཡང་ཤས་ཙམ་ཞིག་ལས་མིན།
འདི་འདྲའི་དོན་ཁོངས་རྒྱ་ཆེན་པོ་ཅན་གྱི་རིག་གནས་ལ་བློ་ངོར་གསལ་ཐིང་ངེར་འགྲོ་བའི་མཚན་ཉིད་ཚིག་གཅིག་ཅན་ཞིག་འཇོག་རྒྱུ་ནི་ལས་སླ་བོ་ཞིག་མིན། རྒྱ་ཡིག་གི་ wenhua ཞེས་པའི་གོ་དོན་ཡང་རྒྱ་ཡིག་རང་སྟེང་ན་སྔ་མོ་ནས་ཡོད་པའི་གོ་དོན་དེ་མིན་པར་དུས་རབས་བཅུ་དགུ་བའི་འགོ་སྟོད་ལ་དབྱིན་ཡིག་གི་culture ཞེས་པ་དེའི་གོ་དོན་ཚུར་དྲངས་པར་བཤད། ནུབ་ཕྱོགས་ལ་དུས་རབས་བཅུ་དགུ་བའི་ནང་ལ་མིའི་རིགས་རིག་པ་ཞེས་པའི་རིག་ཚན་འདི་དར་ནས་བཟུང་ cultureཞེས་པའི་ཐ་སྙད་འདིའི་གོ་དོན་ལ་རྩོད་གླེང་ཡུན་རིང་བྱས། དེ་ལ་མཚན་ཉིད་སྣ་ཚོགས་ཀྱང་གྲངས་ ༦༠ ཙམ་བཞག་ཡོད་པ་དང་། མཐར་ཐུག་སྤྱི་ཚོགས་ཤིག་གི་བསམ་ཚུལ་དང་། སྤྱོད་ལམ། ཅི་ཞིག་བསྐྲུན་ནས་འབྱུང་འགྱུར་གྱི་མི་རབས་ལ་བརྒྱུད་རྒྱུ་བཅས་གསུམ་ལ་བསྡུས་པར་བཤད།
culture གྱི་སྐད་དོད་དུ་ཟམ་གདོང་རིན་པོ་ཆེ་ནས་ལེགས་བྱང་ཟེར་བ་ཞིག་རྒྱ་གར་བོད་པའི་སྤྱི་ཚོགས་སུ་རིག་གཞུང་ཞེས་པའི་ཐ་སྙད་དང་གདམ་ངའི་ཚུལ་དུ་སྦྱར་ཡོད། ཝ་ར་ཎ་སིའི་བོད་ཀྱི་གཙུག་ལག་མཐོ་སློབ་ཀྱི་སློབ་སྤྱི་ཟུར་བ་དགེ་བཤེས་ངག་དབང་བསམ་གཏན་ལགས་ནས་ལེགས་བྱང་ནི་སཾསྐྲིཏི་ཞེས་པ་འདིའི་ཚིག་དོན་གྱི་འབབ་སྟངས་ཤིག་ཡིན་ཅིང་། འདི་ནི་དབྱིན་ཡིག་གི་ culture ཡི་ནང་དོན་འདྲེན་ཐུབ་པའི་སྒྲ་ནུས་པ་ཅན་ཞིག་ཡིན་པར་ངོས་འཛིན་གནང་ཡོད་སྟབས། རྒྱ་ཡིག་གི་文化ཞེས་པའི་གོ་དོན་དང་ཧ་ཅང་ཉེ་མཚུངས་ཡིན།
སྤྱི་ཚོགས་ཤིག་གི་བསམ་ཚུལ་དང་། སྤྱོད་ལམ། ཅི་ཞིག་བསྐྲུན་ནས་འབྱུང་འགྱུར་གྱི་མི་རབས་ལ་བརྒྱུད་རྒྱུ་བཅས་གསུམ་ལ་བསྡུས་པའི་ནུབ་ཕྱོགས་ཀྱི་རིག་གནས་ཀྱི་གོ་དོན་ཡིན་ན་ཡང་འདྲ། ཡང་ན་རྒྱ་ཡིག་གི་ wenhua ནས་བྱུང་བའི་དངོས་རྫས་ཀྱི་ལོངས་སྤྱོད་དང་བསམ་པའི་ལོངས་སྤྱོད་ཀྱི་སྤྱི་འདུས་ཀྱི་གོན་དོན་དེ་ཡིན་ན་ཡང་འདྲ། དེ་གཉིས་ཀའི་དོན་ཁོངས་ཧ་ཅང་རྒྱ་ཆེ་ནས་ང་ཚོའི་བློ་ངོར་རིག་གནས་ཞེས་པ་དེའི་གོ་དོན་གསལ་ཐིང་ངེ་བ་ཞིག་འབབ་མི་ཐུབ། ལྷག་པར་དུ་ “རིག་གནས་སྲུང་སྐྱོབ་”ཅེས་སྐབས་འདས་དུས་བྱུང་ཞིང་གྲུབ་པ་ཞིག་ད་ལྟ་དུས་དང་མ་འཚམས་ཏེ་གནས་དཀའ་བར་གྱུར་བ་དེ་སྲུང་སྐྱོབ་བྱེད་དགོས་པ་དེ་བརྗོད་ཀྱི་ཡོད། ཡིན་ན་ཡང་གོང་གི་གོ་དོན་གཉིས་ཀྱི་ནང་དུ་དུས་ཀྱི་དབྱེ་བ་མེད་པར་འདས་མ་འོངས་ད་ལྟ་ལ་དབྱེར་མེད་དུ་འཇུག་ཐུབ། སྐབས་འགར་ཐ་སྙད་ཅིག་གི་མཚན་ཉིད་ལས་འཇུག་ཡུལ་ལ་རྒྱུས་ལོན་བྱས་ན་གོ་དོན་ཇེ་གསལ་ལ་འགྲོ་བར་ཕན་པས། ང་ཚོས་རྒྱ་ཡིག་གི་ wenhua ཡི་གོ་དོན་ཅན་གྱི་བོད་ཡིག་གི་རིག་གནས་ཀྱི་འཇུག་ཡུལ་ལ་དབྱེ་ཞིབ་ཅིག་བྱས་ན་དེའི་གོ་དོན་ཅུང་ཙམ་ཇེ་གསལ་དུ་འགྲོ་ཐུབ།
རྒྱ་ཡིག་གི་ wenhuaཡི་གོ་དོན་ཅན་གྱི་རིག་གནས་ཀྱི་འཇུག་ཡུལ་འཚོལ་སྐབས་ང་ཚོའི་སེམས་ལ་འཁོར་ཡོང་བ་དང་པོ་ནི་ “རིག་གནས་གསར་བརྗེ་ཆེན་པོ་”ཞེས་པ་འདི་ཡིན་ལས་ཆེ། འདིའི་སྐབས་ཀྱི་གསར་བརྗེ་སྟེ། གཏོར་རྒོལ་བྱ་ཡུལ་ནི་ང་ཚོའི་བོད་ཀྱི་སྲོལ་རྒྱུན་གྱི་རིག་གནས་ཆེ་ཆུང་བཅུ་བོ་དེ་ཙམ་མིན་པར། དེ་ལས་དོན་རྒྱ་ལྡབ་འགྱུར་གྱིས་ཆེ་བའི་ “རྙིང་པ་བཞི་”ཟེར་བ་སྟེ། བསམ་བློ་(思想 སྤྱི་ལོ་ཉིས་སྟོང་སྔོན་གྱི་རྒྱ་ནག་ཁུང་ཙི་ནས་བཟུང་སྟེ་རིག་གནས་གསར་བརྗེ་བར་དུ་མི་ལ་བླང་དོར་གྱི་རྣམ་གཞག་སྟོན་པ་ཆ་ཚང་།)རྙིང་པ་དང་། རིག་གནས་(文化གོང་གི་དག་ཡིག་གསར་བསྒྲིགས་སྐབས་ཀྱི་གོ་དོན་དང་མཚུངས།)རྙིང་པ། གོམས་གཤིས་(习惯ལོབས་དཀའ་བ་ཞིག་ལོབས་པར་གྱུར་པ་དང་གོམས་དཀའ་བ་ཞིག་གོམས་པར་གྱུར་ནས་སྤྱི་ཚོགས་ཤིག་ཏུ་རྒྱུན་འཇགས་སུ་གནས་པ།)རྙིང་པ། ཡུལ་སྲོལ་(风俗སྤྱི་ཚོགས་ཤིག་སྟེང་ལ་དུས་ཡུན་རིང་པོར་གྲུབ་པའི་དགའ་ཕྱོགས་དང་། གུས་ལུགས་དང་མཛད་སྒོ གོམས་གཤིས་སོགས།)རྙིང་པ་བཅས་བཞི་ཡིན། དེའི་ནང་དུ་འདིར་བརྗོད་བཞིན་པའི་དོན་རྒྱ་ཆེ་བ་ཡོངས་སུ་འདུས་ཡོད།
དུས་རབས་གོང་མའི་ལོ་རབས་བདུན་ཅུའི་ནང་ལ་རྒྱ་ནག་ཏུ་ལས་བྱེད་ཅིག་གི་ཤེས་ཚད་ལ་ “རིག་གནས་ཆུ་ཚད་”དམ་ “ཡོན་ཚད་”ཞེས་ཐ་སྙད་འདི་གདམས་ངའི་ཚུལ་གྱིས་བརྗོད། ཐ་སྙད་འདི་གཉིས་ཀ་བོད་རང་གི་སྲོལ་རྒྱུན་གྱི་ཐ་སྙད་མིན་པར་རྒྱ་སྐད་ཀྱི་文化水平ཟེར་བ་དེ་ཐད་སྒྱུར་བྱས་ནས་བྱུང་། སྐབས་འདིའི་རིག་གནས་ནི་དེང་རབས་ཀྱི་རིམ་པ་འདྲ་མིན་གྱི་སློབ་གྲྭའི་ནང་གི་སློབ་ཚན་རྣམས་ལ་གོ་བ་ཡིན། མི་བྱེ་བྲག་པ་ཞིག་ལ་ “ཡོན་ཚད་མཐོ་བ་”དང་ “རིག་གནས་ཆུ་ཚད་མཐོ་”ཞེས་གདེངས་འཇོག་བྱེད་སྐབས་ང་ཚོའི་སྲོལ་རྒྱུན་གྱི་རིག་གནས་ཆེ་ཆུང་བཅུ་ལ་མཁས་པའི་གདེངས་འཇོག་ཅིག་མིན་པར། དེང་རབས་ཀྱི་སློབ་གྲྭའི་སློབ་སྦྱོང་ཚད་མཐོ་བ་སྟོན་གྱི་ཡོད།
བོད་ཀྱི་ལོ་རྒྱུས་ལ་དོ་སྣང་ཅན་ཞིག་ཡིན་ན་ “བོད་ལྗོངས་རིག་གནས་ལོ་རྒྱུས་རྒྱུ་ཆ་བདམས་བསྒྲིགས།”ཟེར་བའི་དཔེ་ཚོགས་འདི་མ་བཀླགས་པ་ཞིག་དང་། ཉུང་མཐའ་ཡང་མ་ཐོས་པ་ཞིག་མེད་ལས་ཆེ། སྐབས་འདིའི་ “རིག་གནས་ལོ་རྒྱུས་”ཟེར་བ་ཡང་རྒྱ་ཡིག་གི་དཔེ་ཚོགས་འདིའི་མིང་ “西藏文史资料选编”འདིའི་ནང་གི་文史ཟེར་བ་འདི་བསྒྱུར་ནས་བྱུང་བ་ཡིན་སྟབས། རྒྱ་ཡིག་གི་wen hua ཞེས་པའི་གོ་དོན་ཡིན་གྱི་བོད་ཀྱི་རིག་གནས་ཆེ་ཆུང་བཅུ་མི་སྟོན། འདི་ཀློག་མཁན་རྣམས་ཀྱིས་ཀྱང་ལོ་རྒྱུས་ཀྱི་དོན་རྐྱེན་ཞིག་དངོས་སུ་བརྒྱུད་མྱོང་བའི་མི་ཞིག་གིས་བརྗོད་པའི་རང་གི་མྱོང་བ་དེ་ཤེས་འདོད་ཡིན་པ་མ་གཏོགས་ཐ་སྙད་རིག་གནས་ཆེ་ཆུང་བཅུ་ཤེས་ཆེད་དུ་དེབ་ཕྲེང་ཀློག་པ་མིན། རང་མྱོང་གསོན་པོ་དེ་དག་གི་མཉམ་དུ་འདས་པའི་སྤྱི་ཚོགས་ཤིག་གི་བསམ་བློ་གཏོང་སྟངས་དང་འཚོ་བ་སྐྱེལ་སྟངས་སོགས་ཀྱང་མཚོན་ཡོང་བ་དེ་ནི་དེབ་ཕྲེང་འདི་མིང་གི་ཆ་ཤས་སུ་ “རིག་གནས་”ཞེས་པ་འདི་སྦྱོར་དགོས་པའི་རྒྱུ་མཚན་ཡིན་དགོས།
འཚོ་ཐབས་ཀྱི་ལས་ཀ་མ་ཡིན་པའི་ལུས་སེམས་ལ་ངལ་གསོ་ཐོབ་བྱེད་དང་གཡེང་བྱེད་དེ། གློག་བརྙན་དང་། འཁྲབ་སྟོན། ལུས་རྩལ་གྱི་རིགས་ཆ་ཚང་ལ་རྒྱ་སྐད་ཀྱིས་ 文化娱乐ཟེར་བ་ཞིག་ཡོད། རྒྱ་བོད་ཤན་སྦྱར་ཚིག་མཛོད་ཀྱི་ནང་དུ་འདི་ལ་ “རིག་གནས་རོལ་རྩེད་”ཅེས་བསྒྱུར་ཡོད། འདིའི་སྐབས་ཀྱི་རིག་གནས་ཀྱང་དེའི་དོན་ཟུར་རེ་བོད་ཀྱི་སྲོལ་རྒྱུན་གྱི་རིག་གནས་བཅུའི་ཟློས་གར་དང་བཙན་སྦྱོར་བྱེད་ན་མ་གཏོགས་སྤྱིར་བཏང་ཐ་སྙད་འདི་གཉིས་ཀྱི་བར་ན་འབྲེལ་བ་ཅི་ཡང་མེད།
རྒྱ་ནག་གི་སྲིད་གཞུང་གི་རིམ་པ་སོ་སོར་རིག་གནས་ཀྱི་དོ་དམ་གྱི་ལས་ཁུངས་ཡོད། རྒྱལ་ཁབ་རིམ་པའི་རིག་གནས་ཀྱི་ལས་ཁུངས་ལ་རིག་གནས་པུའུ་དང་། ཞིང་ཆེན་རིམ་པའི་རིག་གནས་ཀྱི་ལས་ཁུངས་ལ་རིག་གནས་ཐིན། ཁུལ་རིམ་པའི་རིག་གནས་ལས་ཁུངས་ལ་རིག་གནས་ཅུའུ་སོགས་འབོད། འདིའི་སྐབས་ཀྱི་རིག་གནས་ཀྱི་གོ་དོན་ནི་གོང་གི་དོན་ཚན་བཞི་བའི་རིག་གནས་རོལ་རྩེད་ཀྱི་གོ་དོན་དང་འདྲ་བར། གཙོ་ཆེ་བ་མི་རྣམས་ཀྱི་ལུས་སེམས་འཚོ་ཐབས་ཀྱི་ངལ་དུབ་ལས་ངལ་གསོ་ཐོབ་བྱེད་ཀྱི་རིགས་ཏེ། གློག་བརྙན་དང་འཁྲབ་སྟོན། ལུས་རྩལ་སོགས་ལ་གོ
དུས་རབས་གོང་མའི་ལོ་རབས་བདུན་ཅུའི་མཇུག་ལ་ཆབ་མདོ་ཁ་རུབ་ས་ཆ་ནས་ལོ་གྲངས་བཞི་སྟོང་ནས་ལྔ་སྟོང་སྔོན་གྱི་མི་འཚོ་གནས་བྱས་པའི་གནས་ཤུལ་ཞིག་རྙེད་པ་ལ་རྒྱ་སྐད་ཀྱིས་ “卡若文化”ཟེར་བ་བོད་སྐད་དུ་ “ཁ་རུབ་རིག་གནས་”ཞེས་བསྒྱུར་ཡོད། གནའ་ཤུལ་དེར་གནའ་བོའི་མིའི་ཁང་པ་དང་། ཁོ་ཚོས་བེད་སྤྱོད་བྱས་པའི་རྡོ་ཆས་རྫ་ཆས་ཕོན་ཆེན་པོ་ཞིག་ཐོན་ཡོད། འདིས་མཚོན་པའི་གནའ་ཤུལ་གྲགས་ཆེན་གྱི་ས་མིང་གི་རྗེས་ལ་རིག་གནས་སྦྱོར་བ་ནི་རྒྱ་ཡིག་གི་文化ཡི་སྐད་དོད་དུ་སྦྱར་བ་ཡིན་གྱི་བོད་ཀྱི་རིག་གནས་བཅུ་མིན་པ་ནི་གསལ་པོ་ཡིན། དེའི་བསྟན་དོན་ཡང་གནའ་བོའི་མིའི་འཚོ་ཐབས་དང་དང་འཚོ་བའི་ནུས་རྩལ་ཡིན།
ད་དུང་དེང་སང་བོད་ནང་ལ་སྤྱི་ཚོགས་ཤིག་གམ་ཡང་མི་སྐོར་ཚོགས་ཤིག་གི་ཐུན་མོང་གི་སྤྱོད་ལམ་དང་བྱེད་སྟངས་ཤིག་གྲུབ་པ་དེ་ལ་ཡང་རིག་གནས་ཞེས་སྦྱོར། དཔེར་ན་ “ཆང་གི་རིག་གནས་”ཞེས་རྗོད་སྐབས་མི་རིགས་ཤིག་གམ་སྤྱི་ཚོགས་ཤིག་ལ་ཐུན་མོང་གི་ཆང་ལོངས་སུ་སྤྱོད་སྟངས་དང་། དེ་ཕབ་སྟངས་ཤིག་ཡོད་པ་ལྟ་བུ་ལ་གོ དེ་བཞིན་དུ་བོད་ཀྱི་ “འདས་མཆོད་རིག་གནས་”ཞེས་རྗོད་སྐབས་བོད་པ་ལ་ཐུན་མོང་དུ་ཡོད་པའི་འདས་མཆོད་ལ་ངོས་འཛིན་སྟངས་དང་བྱེད་ལུགས་བྱེད་སྟངས་ཤིག་ཡོད་པ་དེ་ལ་གོ་བ་འདི་ཡང་དེང་སང་དབྱིན་སྐད་ཀྱི་རྗོད་སྟངས་ཤིག་རྒྱ་སྐད་ལ་དར་བ་དེ་ནས་བོད་སྐད་ལ་མཆེད་པ་ཡིན་གྱི་བོད་སྐད་རང་ཐོག་ནས་བྱུང་བ་ཞིག་མིན་ནོ།།
བོད་ཡིག་གི་རིག་གནས་ཞེས་པའི་ཐ་སྙད་འདི་བྱུང་ནས་ལོ་ངོ་སྟོང་ཕྲག་གཅིག་ཡས་མས་ཤིག་སོང་ཡོད། རིག་གནས་ལ་གོང་གསལ་གྱི་གོ་དོན་གསར་པ་དེ་དག་ཞུགས་ནས་ལོ་ངོ་དྲུག་ཅུ་ལྷག་ཙམ་ལས་སོང་མེད། ཡིན་ན་ཡང་དེང་སང་གོ་དོན་ཕྱི་མའི་སྟེང་ལ་རིག་གནས་ཞེས་པའི་ཐ་སྙད་འདི་བཀོལ་བ་ཇེ་མང་དུ་འགྲོ་བཞིན་ཡོད།
གོང་གསལ་གྱི་འཇུག་ཡུལ་བདུན་པོ་ལས་གཉིས་པ་དང་། བཞི་བ། ལྔ་བ་གསུམ་པོ་མ་གཏོགས་དེ་འཕྲོས་ཀྱི་བཞི་བོ་འདས་པའི་དུས་ཀྱི་ཤེས་རྩལ་དང་གོམས་སྲོལ་གྱི་རིགས་ཡིན། དེས་ན་སྤྱི་ཚོགས་རིག་གནས་ཀྱི་འཇུག་ཡུལ་གལ་ཆེན་པོ་ནི་སྲོལ་རྒྱུན་དང་འདས་པའི་དུས་ཀྱི་ཤེས་རྩལ་དང་ཐུན་མོང་གི་ལྟ་བ་འཛིན་སྟངས་ལ་འབྲེལ་བ་ཆགས་ཡོད། དེང་སང་རིག་གནས་སྲུང་སྐྱོབ་ཅེས་པའི་སྐབས་ལ་ཡང་གཙོ་བོ་འདས་པའི་དུས་སུ་མི་རིགས་བྱེ་བྲག་པ་ཞིག་གམ་སྤྱི་ཚོགས་ཤིག་གི་འཚོ་ཐབས་དང་། སྤྱོད་ལམ། བླང་དོར་བྱེད་སྟངས་བཅས་མ་བགྲོས་གཅིག་གྱུར་གྱི་འགྲོ་སྟངས་ཤིག་ཆགས་པ་དེ་ཡིན།
ཐ་སྙད་རིག་གནས་དང་སྤྱི་ཚོགས་རིག་གནས་གཉིས་ཀྱི་ཁྱད་པར་ཁ་ཤས་ཡོད་པ་ལས། དང་པོ་ནི་ནང་དོན་གྱི་བདག་པོ་སྟེ། རྩོམ་པ་པོ་ཡོད་མེད་ཀྱི་ཁྱད་པར་ཡིན། ཐ་སྙད་རིག་གནས་ཀྱི་ནང་དོན་གྱི་འབྱུང་ཁུངས་སྤྱི་ཚོགས་ཡིན་ན་ཡང་། དེ་དག་ལ་དབྱེ་ཞིབ་བྱས་ཤིང་། གོ་རིམ་བསྒྲིགས་ནས་རྣམ་གཞག་གཏན་ལ་འབེབས་མཁན་ནི་གང་ཟག་བྱེ་བྲག་པ་ཞིག་ཡིན་ལ་དེ་ནི་གཞུང་དེའི་རྩོམ་པ་པོ་ཡིན། ང་ཚོས་ཐ་སྙད་རིག་གནས་ཆེ་ཆུང་བཅུ་ཡི་རིག་ཚན་གང་ཞིག་སྦྱངས་ན་ཡང་རྩོམ་པ་པོ་མེད་པའི་རིག་ཚན་ཞིག་མེད་པ་ལྟ་བུ་ཡིན། སྤྱི་ཚོགས་རིག་གནས་དེ་ལས་ལྡོག་སྟེ་རིག་ཚན་ཞིག་གི་བདག་པོ་སྤྱི་ཚོགས་ཤིག་ཡིན་པ་མ་གཏོགས་གང་ཟག་སྒེར་བ་ཞིག་མིན། དཔེར་ན་གོང་དུ་གླེང་བའི་ “འདས་མཆོད་རིག་གནས་”ལྟ་བུ་མཚོན་ན། མི་ཞིག་ཚེ་ལས་འདས་རྗེས་དེ་ལ་འདས་ཆོས་བྱེད་སྟངས་ཆ་ཚང་བ་ཞིག་ཡོད་པ་དེ་སྤྱི་ཚོགས་ཤིག་ལ་དབང་བ་མ་གཏོགས་གང་ཟག་སྒེར་བ་ཞིག་ལ་དབང་ཐབས་མེད་པ་ལྟ་བུ་ཡིན།
ཁྱད་པར་གཉིས་པ་ནི། ཐ་སྙད་རིག་གནས་ཀྱི་ནང་དོན་ཚང་མ་གླེགས་བམ་ལ་གནས་ཤིང་། དེ་སྦྱོང་བའི་སྔོན་འགྲོའི་ཆ་རྐྱེན་ལ་ཡིག་རྨོངས་སེལ་དགོས། དེ་ལས་ལྡོག་སྟེ་སྤྱི་ཚོགས་རིག་གནས་ཀྱི་ནང་དོན་ཚང་མ་སྤྱི་ཚོགས་ཀྱི་ཚོགས་མིའི་ངག་ཐོག སྤྱོད་ལམ། ཉམས་མྱོང་གི་ནང་ན་གནས་པ་དང་། དེ་དག་ཤེས་པ་ལ་ཡིག་རྨོངས་སེལ་དགོས་དོན་མེད། སྐད་ཆ་ཤེས་ན་རབ་ཡིན་ཡང་། དེ་མ་ཤེས་ན་ཡང་ཤེས་བྱ་གང་མང་ཞིག་མཐོང་ཐོས་མྱོང་གསུམ་གྱི་ལམ་ནས་མང་པོ་ཞིག་ཤེས་ཐུབ།
ཤེས་བྱ་གང་ཞིག་ཤེས་པ་ལ་དམིགས་བསལ་གྱི་དགེ་རྒན་དང་། སྦྱོང་ས། སྦྱོང་དུས་བཅས་དགོས་མི་དགོས་ནི་སྤྱི་ཚོགས་རིག་གནས་དང་ཐ་སྙད་རིག་གནས་གཉིས་ཀྱི་ཁྱད་པར་གསུམ་པ་ཡིན། སྤྱི་ཚོགས་རིག་གནས་ལ་དེ་དག་མི་དགོས། ལས་གང་ཞིག་ལ་འཇུག་ཞོར་དུ་ལས་དེ་ལ་སློབ་སྦྱོང་བྱེད། ལས་ལ་འཇུག་པ་དང་ལས་ལ་སློབ་པ་གཉིས་དུས་ཐ་དད་མིན། དཔེར་ན་འབྲོག་པ་ཞིག་ལ་མཚོན་ན་ལུག་འཚོ་ཞོར་དུ་ལུག་འཚོ་སྟངས་སློབ། ཐ་སྙད་རིག་གནས་སྦྱོང་བ་ལ་དམིགས་བསལ་གྱི་དགེ་རྒན་དང་། སྦྱོང་ས། སྦྱོང་དུས་བཅས་དགོས། ཤེས་ཡོན་ཞིག་སྦྱོང་བ་དང་ཤེས་ཡོན་དེ་བཀོལ་ནས་ལས་ལ་འཇུག་པའི་དུས་གཉིས་ཐ་དད་ཡིན།
རིག་གནས་སྲུང་སྐྱོབ་བམ།
བསམ་བློ་ཅུང་ཙམ་བཏང་ན། རིག་གནས་ལ་དོན་རྐྱང་ཞིག་གི་ཐོག་ནས་གོ་བ་མི་ལོན་པ་ལྟར། སྲུང་སྐྱོབ་ཅེས་པ་འདི་ཡང་གོ་བ་དོན་རྐྱང་ཅན་ཞིག་མིན། སྤྱིར་བཏང་“སྲུང་སྐྱོབ་”ཅེས་དུས། བསྲུང་བྱའི་དངོས་པོ་གང་ཞིག་ལ་ལྡོག་ཕྱོགས་ཀྱི་མི་དང་སྤྱི་ཚོགས། རང་བྱུང་གི་གནོད་པའམ། འཇིགས་པ། ཉམས་ཉེས་ཕོག་ཏུ་མི་འཇུག་པ་ཙམ་ཡིན། དེ་ཡང་རང་ཕྱོགས་དང་གཞན་ཕྱོགས་གཉིས་ཡོད་པ་ལས། རང་ཕྱོགས་ཀྱིས་གཞན་ཕྱོགས་ཀྱི་རྒོལ་བ་དང་གནོད་པ་འགོག་པ་ཡིན། ཡིན་ན་ཡང་ “རིག་གནས་སྲུང་སྐྱོབ་”ཟེར་དུས་གཞན་ཕྱོགས་ཀྱི་གནོད་པ་ལས་སྲུང་སྐྱོབ་བྱེད་པ་གཅིག་པོ་མིན། སྐབས་མང་པོར་རིག་གནས་གང་ཞིག་རང་ཕྱོགས་ལ་དགོས་མེད་དང་ནུས་མེད་དུ་གྱུར་ཏེ་རིག་གནས་གང་ཞིག་ཉམས་རྒུད་དུ་འགྲོ་བ་དེ་ལས་སྐྱོབ་པ་དེ་ལ་གོ
སྐབས་འདིའི་སྲུང་སྐྱོབ་ལ་གོ་བ་གཉིས་ལེན་རྒྱུ་ཡོད། དང་པོ་ནི་དུས་མཚམས་ཤིག་བཟུང་ནས་དེའི་ཡར་སྔོན་ལ་རིག་གནས་གང་ཞིག་ལ་གསོན་སྟོབས་ཡོད་པ་དང་། དེའི་རྗེས་ནས་ཉམས་རྒུད་དུ་སོང་ཞིང་། ད་ཉམས་རྒུད་དུ་མ་སོང་བའི་སྔོན་གྱི་གསོན་ཚད་དེ་ལ་སླེབས་སུ་འཇུག་པ་ལ་གོ་བཞིན་ཡོད། གོ་དོན་གཞན་པ་ཞིག་ནི་རིག་གནས་སྐོར་ཞིག་འཚོ་བའི་ཁྲོད་དུ་གནས་ཐབས་མེད་པར་ཉམས་རྒུད་དུ་འགྲོ་བ་འགོག་ཐབས་མེད་ན་ཡང་། དེ་དག་ཡིག་འབེབས་དང་སྒྲ་འབེབས། བརྙན་འབེབས་བཅས་བྱས་ནས་ཕྱིས་འབྱུང་གི་མི་རབས་ཀྱི་ཆེད་དུ་ཤེས་བྱའི་ངོ་བོར་ཉར་ཚགས་བྱེད་རྒྱུ་དེ་ཡིན།
ང་ཚོ་བོད་ཀྱིས་ “རིག་གནས་སྲུང་སྐྱོབ་”ལ་རྗོད་སྟངས་དེ་གཅིག་པོ་མ་ཡིན་པར་ “ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་”ཟེར་བ་དང་། “འཛིན་སྐྱོང་སྤེལ་གསུམ་”ཟེར་བ་ལྟ་བུའི་རྗོད་སྟངས་འདྲ་མིན་གྱིས་བརྗོད། རྗོད་སྟངས་དེ་དག་ནི་ “རིག་གནས་སྲུང་སྐྱོབ་”ཟེར་བ་ལས་ཛ་དྲག་གི་ཚོར་བ་སྟེར་ཤུགས་ཆུང་ན་ཡང་། སྐབས་དོན་གྱི་རིག་གནས་ཉེན་ཁའི་ཁོངས་སུ་ཚུད་པའི་ཚོར་བ་སྟེར་ཐུབ།
ང་ཚོར་ཐ་སྙད་རིག་གནས་དང་སྤྱི་ཚོགས་རིག་གནས་ཀྱི་ཁྱད་པར་མེད་པར་དེ་དག་ཚང་མ་འཇིག་བཞིན་པའི་འཇིགས་སྣང་ཞིག་དང་། དེ་མྱུར་སྐྱོབ་བྱེད་དགོས་པའི་བྲེལ་སྣང་ཞིག་སྐྱེ་བཞིན་ཡོད། ཡིན་ན་ཡང་ཐ་སྙད་རིག་གནས་ལྟ་བུར་མཚོན་ན། ང་ཚོས་དེའི་དུས་རིམ་སྔ་ཕྱི་གཤིབ་བསྡུར་ཞིག་བྱས་ནས་བལྟས་པ་ཡིན་ན་ང་ཚོའི་འཇིགས་སྣང་དང་བྲེལ་སྣང་དེ་གཉིས་ཀ་ལ་སྐྱར་ཞིབ་ཅིག་བྱེད་འོས་ཆེ་བ་ཡིན།
སྤྱིར་བཏང་བོད་ནང་ལ་མཚོན་ན། རིག་གནས་གསར་བརྗེ་ཆེན་པོ་དེ་བརྒྱུད་ནས་ཐ་སྙད་རིག་གནས་དང་སྤྱི་ཚོགས་རིག་གནས་གཉིས་ཀར་གོད་ཆག་ལོ་རྒྱུས་སྟེང་ལ་བྱུང་མ་མྱོང་བ་ཞིག་བྱུང་ཡོད། གོད་ཆག་དེ་རང་འཇགས་སུ་གནས་ཡོད་ན། ད་ལྟ་རིག་གནས་ཚང་མ་ཤི་ནས་སྲུང་སྐྱོབ་བྱེད་རྒྱུ་ཡང་མེད་པ་ལྟ་བུ་ཞིག་ཡིན། ཡིན་ན་ཡང་སྟབས་ལེགས་ནས། རིག་གནས་གསར་བརྗེ་དེ་ལོ་བཅུ་ཡི་རྗེས་སུ་མཇུག་བསྒྲིལ་ཅིང་། མཇུག་བསྒྲིལ་མ་ཐག་ནས་རིག་གནས་སྲུང་སྐྱོབ་བམ་ཉམས་གསོ་ཡི་ལས་འགོ་བརྩམས། རིག་གནས་ཉམས་གསོ་ཡི་ལས་འགུལ་དེ་འདྲ་ཡང་ལོ་རྒྱུས་སྟེང་ལ་བྱུང་མྱོང་མེད་ལ། ཉམས་གསོ་བྱས་པའི་འབྲས་བུ་དེ་འདྲ་ཡང་ལོ་རྒྱུས་སྟེང་བྱུང་མྱོང་མེད།
རིག་གནས་བཅུ་ཡི་ནང་ཚན་སྙན་ངག་ལྟ་བུ་ལ་མཚོན་ན། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུའི་སྔོན་གྱི་དུས་རབས་ཁ་ཤས་ཀྱི་རིང་ལ་སྙན་ངག་མེ་ལོང་སྦྱོང་རྒྱུ་ནི་དེ་སྦྱོང་འདོད་པ་རེ་ཟུང་གིས་སྒེར་ངོས་ནས་དགེ་རྒན་རེ་བཙལ་ནས་སྦྱོང་རྒྱུ་ཞིག་ཡིན་པ་མ་གཏོགས་དེང་སང་ནང་བཞིན་མི་མང་པོས་སློབ་གྲྭའི་ནང་ལ་ངེས་པར་སྦྱོང་དགོས་པ་ཞིག་མིན། དེའི་སྟབས་ཀྱིས་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུའི་སྔོན་ལ་རེབ་གོང་ལྟ་བུ་ཞིག་ལ་མཚོན་ན། སྙན་ངག་མེ་ལོང་སྦྱོང་མཁན་དང་སྙན་ངག་མཁན་བགྲང་ན་གྲངས་བརྒྱ་ཕར་ཞོག་ལྔ་བཅུ་ཡང་བགྲང་མི་ཐུབ། དེང་སང་སྙན་ངག་མེ་ལོང་ནི་མཐོ་འབྲིང་དང་སློབ་གྲྭ་ཆེན་མོའི་སློབ་ཚན་གྱི་ནང་དུ་ཚུད་པས། རེབ་གོང་གཅིག་པོ་ན་ལོ་གཅིག་གི་ནང་ལ་སློབ་མ་གྲངས་བརྒྱ་ཕྲག་དུ་མས་ལོ་རེ་ལ་སྙན་ངག་མེ་ལོང་གི་སློབ་ཚན་དང་། སྙན་ངག་མེ་ལོང་མའི་ལུགས་བརྩམས་ཆོས་སྦྱོང་བཞིན་དང་ཀློག་བཞིན་ཡོད། དེ་རིང་གི་ཉིན་འདི་ལ་རེབ་གོང་གི་སྤྱི་ཚོགས་ཐོག་ན་ཡོད་པའི་སྙན་ངག་མཁན་དང་སྙན་ངག་གི་བརྩམས་ཆོས་ཀྱི་གྲངས་ཀ་དེ་འདས་པའི་དུས་རབས་ཁ་ཤས་ཀྱི་རིང་བྱུང་བའི་སྙན་ངག་གི་མཁན་དང་སྙན་ངག་བརྩམས་ཆོས་ཀྱི་གྲངས་ཀའི་བསྡོམས་འབོར་ལས་བརྒལ་ཐུབ།
འདི་ལྟ་བུའི་གནས་སྟངས་ནི་སྙན་ངག་གཅིག་པོ་མ་ཡིན་པར། ནང་རིག་པ་འདུས་པའི་རིག་གནས་ཆེ་ཆུང་ཕལ་ཆེ་བ་དེ་ལྟར་ཡིན། དེ་དག་ལས་ལེགས་སྦྱར་གྱི་སྒྲ་དང་སྡེབ་སྦྱོར་ལྟ་བུ་ནི་སྙན་ངག་དང་བརྡ་སྤྲོད་ཀྱི་དར་ཤུགས་ལྟ་བུ་མེད་ན་ཡང་། དུས་རབས་སྔོན་མ་དག་དང་བསྡུར་ན་དེ་ཡང་སྦྱོང་མཁན་དང་ཤེས་མཁན་ཇེ་མང་ལ་སོང་ཡོད་པ་ལས་ཇེ་ཉུང་དུ་སོང་མེད། ང་ཚོས་སྲུང་སྐྱོབ་ཀྱི་འབོད་སྐད་གསེང་མཐོར་སྒྲོགས་ས་གཅིག་ནི་ནང་རིག་པ་སྟེ། སངས་རྒྱས་ཀྱི་བསྟན་པ་ཡིན། དེ་ལ་ཡང་དུས་ཀྱི་སྔ་ཕྱི་བསྡུར་ནས་བལྟས་ན། དགོན་གྲངས་གྲྭ་གྲངས་ཀྱི་ཐད་ནས་དུས་འགྱུར་ཆེན་མོའི་སྔོན་དང་བསྡུར་ན་ཉུང་ནས་སྡུག་སྐད་རྒྱག་པའི་རྒྱུ་མཚན་རེ་ཡོད་ན་ཡང་། སྡུག་སྐད་རྒྱག་མི་དགོས་པས་མི་ཚད་དགའ་སྣང་སྒོམ་དགོས་པའི་སྣང་ཚུལ་ཡང་མང་པོ་ཡོད།
ང་ཚོས་ནང་བསྟན་གྱི་གསུང་རབ་བཀའ་འགྱུར་བསྟན་འགྱུར་གཅིག་པོའི་སྟེང་ནས་དཔེ་འཇོག་ཅིག་བྱེད། དུས་འགྱུར་ཆེན་མོ་མ་བྱུང་སྔོན་གྱི་དུས་རབས་མང་པོའི་རིང་ལ་བཀའ་བསྟན་འགྱུར་ཆ་ཚང་ཞིག་བླུ་ཐུབ་ན་དེ་ནི་དགོན་ཆེན་ཞིག་གི་དཀར་ཆག་དང་བླ་ཆེན་ཞིག་གི་རྣམ་ཐར་གྱི་ནང་དུ་མཛད་རྗེས་གཞན་ལ་ངོམ་དུ་རི་བ་ཞིག་ཡིན། དགོན་ཆུང་དང་བླ་ཆུང་ཞིག་གིས་དེ་འདྲའི་མཛད་རྗེས་ནི་རྨི་ལམ་དུ་ཡང་རྨི་མི་ཐུབ་པ་ཞིག་ཡིན། དེ་ལྟ་བུའི་བཀའ་འགྱུར་བསྟན་འགྱུར་དེང་སང་མི་ཚང་དཀྱུས་མ་ཞིག་གིས་ཀྱང་བླུ་ཐུབ་པར་གྱུར་ཡོད། དེ་མ་ཟད་དེ་ད་དུང་འོད་སྡེར་དང་དྲ་ཐོག་སོགས་ནས་གང་འདོད་དུ་བླུ་ཐུབ།
བཀའ་འགྱུར་བསྟན་འགྱུར་ཙམ་མ་ཡིན་པའི་ཆོས་བརྒྱུད་སོ་སོའི་བླ་མ་མཁས་པ་རྣམས་ཀྱི་གསུང་འབུམ་ནི་དཔེ་སྐྲུན་གྱི་ཆུ་ལོག་ལྟ་བུ་ཞིག་བརྡོལ་བཞིན་ཡོད། རྗེ་ཙོང་ཁ་བའི་གསུང་འབུམ་དང་དང་ས་སྐྱ་གོང་མ་རྣམ་ལྔའི་གསུང་འབུམ་ལྟ་བུ་ལ་མཚོན་ན། འདས་པའི་ལོ་གྲངས་ཉི་ཤུ་སུམ་ཅུའི་རིང་ལ་ཉུང་མཐའ་ཡང་ཐེངས་གསུམ་རེར་དཔེ་སྐྲུན་བྱས་ཡོད། ཉེ་ཆར་གྱི་ཁུངས་ལྡན་གནས་ཚུལ་ཞིག་ལྟར་ན། རྒྱ་ནག་གཞུང་གིས་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ལ་འགྲོ་སོང་གནང་ནས་བོད་ཀྱི་བླ་མ་དང་མཁས་པའི་གསུང་འབུམ་ཡོད་ཚད་འཚོལ་སྡུད་ཀྱིས་གཅིག་གྱུར་གྱིས་དཔེ་སྐྲུན་བྱེད་རྒྱུ་ཡིན་པ་དང་། དེའི་ལས་གཞི་དགོན་སྡེ་དུ་མ་ན་འགོ་འཛུགས་བྱས་ཚར་བ་རེད་ཟེར།
ནང་ཆོས་ཀྱི་གསུང་རྟེན་ཐོབ་སླ་བ་ནང་བཞིན་ནང་ཆོས་སྦྱོང་སྟབས་ཀྱང་ཇེ་བདེར་སོང་ཡོད། དུས་འགྱུར་ཆེན་པོ་མ་བྱུང་བའི་སྔོན་ལ་ནང་ཆོས་ལ་ཐོས་བསམ་བྱེད་ས་གཙོ་བོ་ནི་དགོན་སྡེ་ཡིན། དེང་སང་སྔར་ཡོད་ཀྱི་དགོན་པའི་སྟེང་ལ་སློབ་གྲྭ་ཁག་ན་ནང་ཆོས་ཀྱི་འཛིན་གྲྭ་ཚུགས་ཡོད། ད་དུང་དྲ་ཐོག་དང་འོད་སྡེར་སོགས་ཀྱི་ལམ་ནས་༧རྒྱལ་བ་རིན་པོ་ཆེ་ལ་སོགས་པའི་བླ་ཆེན་མཁས་ཆེན་རྣམས་རྣམས་ཀྱི་ནང་ཆོས་ཀྱི་བཀའ་ཁྲིད་རྩེ་འཐོག་གིས་ཉན་ཐུབ།
ནང་ཆོས་སྦྱོང་བའི་མཐུན་རྐྱེན་སྣ་མང་འཛོམས་སྟབས་ཀྱིས་ནང་ཆོས་ཤེས་མཁན་ཇེ་མང་དང་ཤེས་ཚད་ཇེ་མཐོར་འགྲོ་བཞིན་ཡོད། ངས་རེབ་གོང་ལ་དཔེ་འཇོག་ཅིག་བྱེད། ངས་རེབ་གོང་རོང་དགོན་གྱི་གྲྭ་ཟུར་སྐུ་ཡོན་ཅན་ཞིག་ལ་དུས་འགྱུར་ཆེན་མོའི་སྔོན་ལ་རེབ་གོང་ན་དགེ་བཤེས་ལྷ་རམས་པ་ཅི་ཙམ་བྱོན་ཡོད་ཚུ་དྲིས་པར། ཁོང་གིས་ལྷ་རམས་པ་གཅིག་བྱོན་མྱོང་བའི་གོ་ཐོས་ཤིག་མ་གཏོགས་ངེས་གཏན་ཞིག་བཤད་མ་ཐུབ། དེ་ནི་དུས་རབས་དུ་མའི་རིང་ལ་དགེ་བཤེ་ལྷ་རམས་པ་གཅིག་ཡོད་མེད་ཐེ་ཚོམ་གྱི་གནས་རེད། ཡིན་ན་ཡང་ཁ་རྩང་དེ་རིང་རེབ་གོང་གཅིག་པོ་ན་དགེ་བཤེས་ལྷ་རམས་པ་བདུན་གསོན་བཞུགས་ཡིན།
སེར་མོ་བའི་སྡེ་ཙམ་དུ་མ་ཟད། སྐྱ་བོའི་ཁྲོད་ན་ཡང་ཆོས་སྤྱོད་ཀྱི་ནུས་པ་ཇེ་མཐོར་འགྲོ་བཞིན་འདུག སྔོན་ཆད་རེབ་གོང་ལ་རྙིང་ཆོས་ཀྱི་ཆོ་ག་ཕྱག་ལེན་ནི་གཙོ་བོ་ཁྱོ་ག་གཅིག་པོའི་ཁྲོད་དུ་དར་བ་ཞིག་ལས་བུད་མེད་ཀྱི་ཁྲོད་དུ་དར་བ་ཞིག་མིན། བུད་མེད་མང་ཆེ་བས་མ་ཎི་བགྲང་བ་ཙམ་དང། རིག་པ་རྣོ་བ་ཉུང་ཤས་ཤིག་གིས་སྒྲོལ་འདོན་རེ་བྱེད་པ་མ་གཏོགས་དེ་ལས་ལྷག་ཆོས་སྤྱོད་བྱེད་རྒྱུ་ནི་ཡིད་ལ་ཤར་མི་ཐུབ་པ་ཞིག་ཡིན། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུའི་ནང་ལ་ང་དང་ང་ཚོའི་ཡུལ་ཕྱོགས་ཀྱི་སྔགས་པ་ཁ་ཤས་བར་ལ་ཁ་རྩོད་ཅིག་བྱུང་སྟེ་ང་ཡོངས་སུ་ཕམ་པར་གྱུར། རྩོད་དོན་གྱིས་ང་ཕམ་པ་མིན། ཕམ་པ་ནི་ཁོང་ཚོའི་ཁྲེལ་རྒོད་ཀྱིས་ཕམ་པ་ཡིན། ངས་རྩོད་གཞི་དེ་ཇི་ལྟར་འགོ་བརྩམས་པ་མི་དྲན། ངས་ཁོང་ཚོ་ལ་རྩོད་དོན་གཅིག་ནི་ང་ཚོའི་བོད་ཀྱི་ཆོས་ཕྱོགས་ན་སྐྱེས་དམན་ལ་ཧ་ཅང་མཐོང་ཆུང་ཞིག་ཡོད་པ་དེ་བཀའ་འགྱུར་བསྟན་འགྱུར་གྱི་ནང་ན་ཡོད་ལས་མི་ཆེ། སྟོན་པ་ཤཀྱ་ཐུབ་པའི་དགོངས་གཞི་ཡང་དེ་ལྟར་ཡིན་རྒྱུ་མ་རེད་ཅེས་བརྗོད་པ་ཡིན། དེ་ལྟར་བརྗོད་པ་ན་ཁོ་ཚོ་ལས་གཅིག་གིས་ང་ལ། “ཁྱེད་ལྟར་ན་སྔགས་ཁང་གི་གྲལ་དུ་བུད་མེད་བསྒྲིགས་ཤིང་། བུད་མེད་ཀྱིས་རྔ་རྡུང་སྦུབ་དཀྲོལ་བྱེད་རྒྱུ་ཡིན་ནམ།”ཞེས་དྲིས་སོང་། ང་ལ་ལན་རྒྱག་ཁོམ་མ་ཡོང་བར་འཁྲིས་ཀྱི་མི་ཚང་མ་ཧབ་ཆ་དིར་རེར་གྱུར། ཁོ་ཚོ་ལས་ཁ་ཤས་གད་མོ་ཤོར་ནས་མིག་ཆུ་འདོན་བཞིན་དགོད། ཁ་ཤས་ཀྱིས་པུས་མོ་ལ་ཐལ་ལྕག་གིས་རྡེབ་བཞིན་དགོད།
ལོ་ངོ་སུམ་ཅུའི་སྔོན་ལ་ཁྲེལ་དགོད་ཀྱི་ཡུལ་ཡིན་པ་དེ་དེང་སང་དེ་ལྟར་མིན། རེབ་གོང་ལ་སྔགས་པའི་སྡེ་ཞིག་ཡོད་པ་བཞིན་སྔགས་མའི་སྡེ་ཞིག་ཀྱང་གྲུབ་དང་འགྲུབ་བཞིན་ཡོད། བུད་མེད་ཀྱི་སྡེ་ལ་ཡིག་རྨོངས་པ་ཇེ་ཉུང་དང་སོང་བ་བསྟུན་ནས་ཆོས་སྤྱོད་ཀྱི་འདོད་པ་དང་ནུས་པ་སོགས་ཇེ་མཐོར་སོང་སྟེ། མ་ཎི་བགྲང་མཁན་དང་སྒྲོལ་འདོན་བྱེད་མཁན་ཙམ་མ་ཡིན་པར་ཆོ་ག་ཕྱག་ལེན་དང་ཆོས་སྤྱོད་སྣ་ཚོགས་བྱེད་ཐུབ་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། དམར་ཟས་སྤོང་མཁན་གྱི་གྲངས་ཀ་ཡང་བུད་མེད་ཀྱི་སྡེ་ན་འཕེལ་བཞིན་ཡོད། སྒྲུབ་པ་བསྙེན་པ་གཏོང་མཁན་ཡང་བུད་མེད་ཀྱི་སྡེ་ན་འཕེལ་བཞིན་ཡོད། སྣང་ཚུལ་འདི་དག་ཚང་མ་ལོ་རྒྱུས་ཐོག་ལ་བྱུང་བ་དང་པོ་ཡིན།
ནང་ཆོས་ལ་གསོན་སྟོབས་ཡོད་རྟགས་གཞན་ཞིག་ནི་སྔོན་མ་ནང་ཆོས་ལ་དོ་སྣང་མེད་པའི་ཡུལ་ཁམས་དང་སྤྱི་ཚོགས་ཀྱི་ནང་དུ་དར་ཁྱབ་ཏུ་འགྲོ་བཞིན་པ་འདི་ཡིན། དེང་སང་ནུབ་ཕྱོགས་པའི་སྤྱི་ཚོགས་དང་རྒྱ་ནག་གི་སྤྱི་ཚོགས་སུ་དར་བཞིན་པའི་ནང་པའི་ཆོས་ཚོགས་འདི་འདྲ་ཞིག་ལོ་རྒྱུས་ཐོག་ལ་བྱུང་མེད། རྒྱ་ནག་གི་སྤྱི་ཚོགས་སུ་ཆོས་སྤེལ་དུ་འགྲོ་མཁན་གྱི་བོད་ཀྱི་བླ་གྲྭ་མང་སྟེ་ “རྒྱ་བླ་”ཞེས་པའི་བོད་ཀྱི་བླ་གྲྭའི་དམིགས་བསལ་གྱི་སྡེ་ཞིག་ཀྱང་ཆགས་བཞིན་ཡོད།
ཐ་སྙད་རིག་གནས་ཀྱི་བསྟན་པ་སྔར་བྱུང་མ་མྱོང་བ་ཞིག་དར་བ་དང་མཚུངས་སུ། དེ་ལ་བྱུང་བའི་འགྲན་རྩོད་དང་གནོན་ཤུགས་ཀྱང་ལོ་རྒྱུས་ཐོག་ལ་བྱུང་མ་མྱོང་བ་ཞིག་བྱུང་ཡོད། སྔོན་མ་དུས་རབས་གོང་མའི་ལོ་རབས་ལྔ་བཅུའི་ནང་གི་དུས་འགྱུར་ཆེན་པོ་དེ་མ་བྱུང་སྔོན་ལ་རིག་གནས་ཆེ་ཆུང་བཅུ་ཟེར་བ་འདི་དེང་སང་ནང་བཞིན་མི་མང་པོས་སྦྱངས་ཡོད་པ་ཞིག་མིན་ན་ཡང་། རིག་གནས་དེ་ལ་འགྲན་འཛུགས་མཁན་ཡང་མེད། བོད་ཁམས་ཡོངས་ན་ཡོད་པའི་རིག་གནས་གཅིག་པོ་ཡིན། དེ་ཤེས་མཁན་གྱི་མཁས་པ་ཧ་ཅང་ཉུང་། ཁོང་ཚོས་འཇིག་རྟེན་རིལ་པོ་འདིའི་སྟེང་ན་རིག་གནས་བཅུ་འདི་ལྟ་བུའི་གཏིང་ཟབ་པ་དང་རྒྱ་ཆེ་བ་མེད། དེའི་ནང་ལ་འཇིག་རྟེན་གྱི་ཤེས་ཡོན་ཆ་ཚང་འདུས་ཡོད་པ་རེད་ཅེ་ན་དེ་མ་རེད་ཟེར་མཁན་མེད། གལ་ཏེ་དེ་མ་རེད་ཟེར་ན་རིག་གནས་གཞན་པ་ཞིག་དཔེ་སྟོན་རྒྱུ་དགོས་ཀྱང་དེ་ཡང་མེད།
དེང་སང་རང་རེ་བོད་པའི་ཁྲོད་དུ་ཐ་སྙད་ཀྱི་རིག་གནས་སྦྱངས་མྱོང་མཁན་སྔོན་མ་ལས་གྲངས་འབོར་ཆེ་བ་ནི་གོང་དུ་གསལ་ལྟར་ཡིན། ཡིན་ན་ཡང་དེང་སང་ང་ཚོ་རང་གི་སྲོལ་རྒྱུན་གྱི་ཐ་སྙད་ཀྱི་རིག་གནས་གཅིག་པོ་ལ་ཡིད་དབང་ཚིམ་ནས་སྡོད་དབང་མེད། གླིང་གཞན་དང་རྒྱལ་ཁབ་གཞན། མི་རིགས་གཞན་གྱི་རིག་གནས་ཀྱང་གླེགས་བམ་གྱི་རྒྱུད་ལམ་ཙམ་དུ་མ་ཟད། ཁ་པར་དང་གློག་ཀླད། བརྙན་འཕྲིན་སོགས་བརྒྱུད་ནས་མི་རྣམས་ཀྱི་སྡོད་ཤག་གི་རྩིག་གྱང་ཡང་བརྟོལ་ནས་ཉི་མ་རེ་རེ་དང་དུས་ཚོད་རེ་རེ་ལ་བསྐྱལ་ཡོང་གི་ཡོད། དེ་དག་ཤེས་པ་ལ་ང་ཚོའི་རིག་གནས་ནང་བཞིན་ཐ་སྙད་སྐམ་སྦྱོང་བྱེད་མི་དགོས་པཪ། རྒན་བྱིས་དར་མའི་ཁམས་དང་མཐུན་པའི་སྒོ་ནས་ཉན་འདོད་པ་དང་བལྟ་འདོད་པའི་རྣམ་པར་འཕོས་ནས་ནས་ཡོང་གི་ཡོད། དེ་ལྟ་བུའི་གནས་སྟངས་ཀྱི་འོག་ཏུ་ད་དུང་ཐ་སྙད་ཀྱི་རྫོང་དུ་གནས་པའི་ང་ཚོའི་རིག་གནས་དེ་དག་གིས་རང་གི་ཚེ་ཐག་ལ་སེམས་ཁྲལ་ཞིག་མི་སྐྱེས་རང་སྐྱེ་ཡིན། དེའི་མཚོན་བྱེད་གཅིག་ནི་རིག་གནས་སྲུང་སྐྱོབ་ཅེས་པའི་སྡུག་སྐད་འདོན་པ་འདི་ཡིན།
བོད་ཀྱི་ཐ་སྙད་རིག་གནས་དང་བསྡུར་ན་སྤྱི་ཚོགས་རིག་གནས་ཀྱི་ཁྱབ་ཁོངས་སུ་སྲུང་སྐྱོབ་ཅེས་པའི་སྡུག་སྐད་འདི་འདོན་དགོས་ས་ཁ་ཤས་ཡོད། ཡིན་ན་ཡང་དེ་ཡང་གོང་དུ་བཤད་པའི་སྲུང་སྐྱོབ་ཀྱི་གོ་དོན་དང་པོ་སྟེ། འདས་པའི་འཚོ་བ་སྐྱེལ་སྟངས་གང་དག་སྒྲར་འཇུག་དང་ཡིག་འབེབས། བརྙན་ཕབ། ཡང་ན་འགྲེམས་སྟོན་ཁང་ལ་གསོག་ཉར་བྱེད་པ་ཙམ་གྱི་ཆ་ནས་བརྗོད་ཀྱི་ཡོད་ན། དེ་ལྟ་བུའི་སྲུང་སྐྱོབ་དེང་སང་ཚན་རིག་གིས་མཐུན་རྐྱེན་ཡང་སྔོན་མ་ཡོད་མ་མྱོང་བ་ཞིག་བསྐྲུན་ཡོད། མི་ཞིག་གིས་ཀུ་ཤུ་རྟགས་ཅན་གྱི་ཁ་པར་ཞིག་ལ་བརྟེན་ནས་ཚེ་མཐར་སླེབས་དང་སླེབས་ཉེའི་སྲོལ་རྒྱུན་གྱི་ལག་ཤེས་ཤིག་དང་ཆོ་ག་ཞིག ཡང་ན་ཅ་ལག་ཅིག་འགུལ་བརྙན་དུ་ཕབ་ཆོག་ལ་སྒྲ་ལ་ཕབ་ཆོག ད་དུང་འདྲ་པར་དང་ཡི་གེར་ཕབ་ཆོག ཡིན་ན་ཡང་། སྲུང་སྐྱོབ་དེ་ངོ་བོའི་སྟེང་ནས་བལྟས་ན་དེ་ནི་རིག་གནས་ཤིག་བེམ་སྐྱོབ་བྱས་པ་མ་གཏོགས་སྲོག་སྐྱོབ་བྱས་པ་མིན། དེ་ནི་མེ་ཏོག་གི་འདབ་མ་ཞིག་སྐམ་གསོད་བྱས་ནས་འཁྲུངས་དཔེ་ཉར་བ་དང་། བླ་མ་ཞིག་ལ་དམར་གདོང་གི་མཆོད་རྟེན་བཞེངས་པ་དང་གཅིག་མཚུངས་ཡིན།
སྤྱི་ཚོགས་རིག་གནས་ལས་ཕྱིར་མི་ལྡོག་པའི་འཆི་ལམ་ལ་ཞུགས་པ་ནི་འཚོ་ཐབས་དང་འབྲེལ་བའི་རིག་གནས་ཡིན། འདི་འཆི་ལམ་ལ་སྐྱེལ་མཁན་ནི་ཚན་རིག་དང་ཡར་རྒྱས། ཚོང་ལས་ཀྱི་འདུ་ཤེས། ཐ་དད་པའི་རིག་གནས་བར་ལ་འབྲེལ་འདྲིས་བྱུང་བ་བཅས་ཡིན། འདི་དག་ནི་གཞན་ལ་ཡོད་དེ་རང་ལ་མེད་སྐབས། ང་ཚོས་དེ་ལ་ཡིད་སྨོན་བྱས་ཡོད་ལ། རང་གི་སྤྱི་ཚོགས་ལ་དེ་དག་མགྱོགས་པོར་སླེབས་པའི་རེ་བ་བྱས་ཡོད། ང་ཚོ་ལ་དེ་དག་མེད་སྟབས་ཀྱིས་ང་ཚོ་རྗེས་ལུས་ཐེབས་ཤིང་། ང་ཚོ་ལ་གཞན་གྱིས་མཐོང་ཆུང་དང་ཐུབ་ཚོད་ཀྱི་བྱེད་ཀྱི་འདུག་ཅེས་སྡུག་སྐད་བཏོན་པ་ཡང་ཉུང་ཉུང་མིན།
མཐར་ཐུག་ཚན་རིག་དང་ཡར་རྒྱས་སོགས་ང་ཚོའི་སྤྱི་ཚོགས་འཚོ་བའི་ནང་དུ་དངོས་སུ་སླེབས་པ་ན། དེ་དག་གིས་ང་ཚོའི་འཚོ་ཐབས་ཀྱི་རིག་གནས་ཏེ། སྲོལ་རྒྱུན་ནམ་འཚོ་ཐབས་རྙིང་པ་གང་མང་ཞིག་རེ་རེ་བཞིན་སྒྱེལ་བར་བྱེད། དེ་ཡང་ཚན་རིག་གི་ལམ་གྱི་འཚོ་ཐབས་ཀྱིས་སྲོལ་རྒྱུན་གྱི་འཚོ་ཐབས་ཀྱི་ཚབ་བྱེད་བཞིན་ཡོད་ལ། འཚོ་ཐབས་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ཚེགས་ཇེ་ཆུང་ནས་ཇེ་ཆུང་དུ་འགྲོ་བཞིན་ཡོད། ཚན་རིག་གིས་སྲོལ་རྒྱུན་གྱི་ཚེགས་ཆེ་བའི་འཚོ་ཐབས་་རེ་རེ་བཞིན་འཇོམས་པ་མ་ཟད། འཚོ་ཐབས་དེ་དག་ལས་བྱུང་བའི་རིག་གནས་སམ་སྲོལ་རྒྱུན་རྣམས་ཀྱང་འཇོམས་པར་བྱེད།
ཚན་རིག་དང་ཡར་རྒྱས་ལ་མི་རིགས་ཀྱི་དབྱེ་བ་མི་གཙོ། དེ་ལ་གཙོ་བ་ནི་དུས་གྲོན་དང་ལས་གྲོན་ཆུང་བའི་འཚོ་ཐབས་ཡིན། ང་ཚོས་རིག་གནས་སྲུང་སྐྱོབ་ཟེར་བ་འདི་གོ་དོན་ངེས་ཅན་ཞིག་གི་སྟེང་ནས་དུས་གྲོན་དང་ལས་གྲོན་ཆུང་བའི་དེང་རབས་ཅན་གྱི་འཚོ་ཐབས་མང་པོ་ཞིག་དང་ལེན་མི་བྱེད་པར་སྲོལ་རྒྱུན་དུས་གྲོན་དང་ལས་གྲོན་ཆུང་ཆེ་བའི་འཚོ་ཐབས་ཀྱི་ཐོག་ལ་ཨུ་ཚུགས་ཀྱིས་གནས་རྒྱུ་ཡིན་ཟེར་བ་སྟེ། དེ་ནི་ཚེགས་ཆུང་བའི་འཚོ་ཐབས་ཤིག་བཀག་ནས་ཚེགས་ཆེ་བའི་འཚོ་ཐབས་ཤིག་ཨུ་ཚུགས་ཀྱིས་འཛིན་པ་དེ་ཡིན།
ང་ཚོས་རྒྱལ་ཁབ་ཅིག་གམ་མི་རིགས་ཤིག་ཡར་རྒྱས་དང་སྔོན་ཐོན་ཡིན་མིན་བཤད་པ་ནི། སྲོལ་རྒྱུན་གྱི་འཚོ་ཐབས་ལ་བླང་དོར་དང་ལེགས་བཅོས་བྱེད་ཐུབ་ཡོད་མེད་ལ་ཡང་འབྲེལ་བ་ཡོད། སྤྱི་ཚོགས་ཤིག་གིས་རང་གི་འཚོ་ཐབས་ལ་བླང་དོར་དང་ལེགས་བཅོས་ཅི་ཙམ་གྱིས་མང་པོ་དང་མགྱོགས་པོར་བྱེད་ཐུབ་ཡོད་ན་དེ་ནི་ཡར་རྒྱས་ཅན་དང་སྔོན་ཐོན་བརྩི་ཞིང་། སྤྱི་ཚོགས་ཤིག་གིས་འཚོ་ཐབས་རྙིང་པ་ལ་བླང་དོར་དང་ལེགས་བཅོས་མེད་པར་དེ་དེའི་སྟེང་ལ་ཅི་ཙམ་གྱིས་ཡུན་རིང་དུ་གནས་པ་ནི་ཡར་རྒྱས་མེད་པའམ་རྗེས་ལུས་ཀྱི་སྤྱི་ཚོགས་སུ་བརྩི་བཞིན་ཡོད། གལ་སྲིད་རིག་གནས་སྲུང་སྐྱོབ་ཟེར་བ་ནི་སྲོལ་རྒྱུན་གྱི་འཚོ་ཐབས་ཤིག་གསོན་པོར་གནས་སུ་འཇུག་པ་ལ་གོ་ན། ང་ཚོའི་མི་རིགས་འདི་ནང་འགལ་ཅན་གྱི་བསམ་བློ་ཞིག་གི་ནང་ལ་གནས་ཡོད། ཕྱོགས་གཅིག་ནས་འཚོ་ཐབས་རྙིང་པ་སྟེ། རིག་གནས་རྙིང་པ་ཞིག་ནུས་མེད་དུ་འགྲོ་བཞིན་པ་འདི་སྲུང་སྐྱོབ་བྱེད་དགོས་ཀྱི་འདུག་ཅེས་སྡུག་སྐད་རྒྱག་ཅིང་། ཕྱོགས་གཞན་ཞིག་ནས་ང་ཚོ་ལ་ཚན་རིག་དང་ཡར་རྒྱས་མེད་པར་རྗེས་ལུས་ཐེབས་འདུག་ཅེས་ནས་སྡུག་སྐད་རྒྱག
ང་ཚོས་རྒྱུན་དུ་ང་ཚོའི་རིག་གནས་ནི་ཐུན་མོང་མ་ཡིན་པ་ཞིག་ཡིན་ཞེས་སྒྲོགས་བཞིན་ཡོད། ཐུན་མོང་མ་ཡིན་པ་ཟེར་བ་འདི་གཞན་དང་མ་འདྲ་བ་ཅན་ཞིག་སྟེ། མི་རིགས་གཞན་གྱི་རིག་གནས་ལ་འདྲ་ས་ཉུང་བའམ་མེད་པའི་ཆ་ནས་བརྗོད་ཀྱི་ཡོད། གཞན་དང་འདྲ་ས་ཉུང་བའམ་མེད་པའི་ཡོང་རྐྱེན་ནི་གཞན་དང་འབྲེལ་འདྲིས་མེད་པའི་རྗེས་འབྲས་ཡིན། ང་ཚོའི་བོད་ཀྱི་དེང་སང་གི་གནས་སྟངས་འདི་ཡང་སྔོན་མ་དུས་རབས་དུ་མར་གཞན་ལ་འབྲེལ་བ་མེད་དེ་རང་ཉིད་ཁེར་རྐྱང་དུ་བསྡད་པའི་འབྲས་བུ་ཡིན་པར་ང་ཚོར་ངོས་འཛིན་བྱེད་བཞིན་ཡོད། གཞན་ལ་འབྲེལ་འདྲིས་ཡོད་ན་ཕན་ཚུན་གྱི་ལེགས་ཆ་ལེན་རེས་བྱས་ནས་འདྲ་ས་མང་བ་ནི་རང་བཞིན་ཞིག་ཡིན། གཞན་ལ་འབྲེལ་འདྲིས་མེད་ན་གཞན་གྱི་ལེགས་ཆ་ཡོང་ས་མེད་པས་དེ་ནི་ཐུན་མོང་མ་ཡིན་པ་ཞིག་ཡིན་པའི་ཞོར་དུ་རྗེས་ལུས་ཡིན་པའི་གོ་སྐབས་ཀྱང་ཆེ་བ་ཡོད། དེའི་སྟབས་ཀྱིས་ཐུན་མོང་མ་ཡིན་པ་ཟེར་བ་འདི་མཐའ་གཅིག་ཏུ་ངོམ་རྒྱུ་ཞིག་ཡིན་པའི་ངེས་པ་ཡང་མེད།
འགྲོ་བ་མི་ཡི་རྩ་བའི་དགོས་མཁོའི་ཆ་ནས་མི་རིགས་ཀྱི་དབྱེ་བ་དང་། རིག་གནས་ཀྱི་དབྱེ་བ། སྔོན་ཐོན་དང་རྗེས་ལུས་ཀྱི་དབྱེ་བ་འབྱེད་ཐབས་མེད། དབྱེ་བ་དེ་དག་ནི་རྩ་བའི་དགོས་མཁོ་དེ་དག་ཇི་ལྟར་སྐོང་བའི་ཐོག་ན་གྲུབ་ཡོད། དཔེར་ན། འཐུང་རྒྱུའི་ཆུ་དགོས་པ་དེའི་སྟེང་ནས་གོང་གསལ་གྱི་དབྱེ་བ་དེ་དག་འབྱེད་མི་ཐུབ། འགྲོ་བ་མི་བཤད་ཅི་དགོས། དུད་འགྲོ་ཡང་གཅིག་པ་ཡིན། ཚང་མ་ལ་འཐུང་ཆུ་དགོས་མཉམ་ཡིན། དབྱེ་བ་དེ་དག་འགྲུབ་བྱེད་ནི་འཐུང་ཆུ་ཇི་ལྟར་ལེན་པའམ་མཁོ་སྒྲུབ་བྱེད་སྟངས་ཡིན།
དཔེར་ན་འཐུང་ཆུ་མགོ་ལ་འཁུར་མཁན་ཞིག་ཡིན་ན་བོད་པ་མིན་ཐག་ཆོད་པ་རེད། དེ་བཞིན་ཆུ་སྣོད་ཀྱི་སྟེང་ནས་ཀྱང་འདི་ནི་ཡུལ་ག་གེ་མོ་དང་མི་རིགས་ག་གེ་མོ་ཞིག་གི་རེད་ཅེས་བརྗོད་ཐུབ་ཀྱི་ཡོད་ལ། དེ་དུས་ཡུལ་ཕྱོགས་བྱེ་བྲག་པ་ཞིག་དང་མི་རིགས་བྱེ་བྲག་པ་ཞིག་གི་ཆུ་ལེན་སྟངས་ཀྱི་རིག་གནས་བརྗོད་ཀྱི་ཡོད། སྲོལ་རྒྱུན་གྱི་ཨ་མདོའི་འཐུང་ཆུ་ལེན་སྣོད་ནི་ཤིང་གི་ཟོ་བ་ཡིན། དེ་རྒྱབ་ལ་འཁུར་སྟངས་ཀྱང་ཐུན་མོང་མ་ཡིན་པ་ཞིག་ཡོད། ཟོ་སྟོང་ལུས་རྒྱབ་ལ་སྦྱར་ནས་འཁུར་ལ། ཆུས་གང་བའི་ཟོ་བ་ལུས་རྒྱབ་ལ་བསླངས་ནས་ཁུར། ཤིང་ཟོ་དང་འཁུར་སྟངས་དེ་མཐོང་བ་ཙམ་གྱིས་དེ་ནི་ཨ་མདོའི་འཐུང་ཆུ་ལེན་བྱེད་དང་ལེན་སྟངས་ཡིན་པ་ཤེས། དེ་དུས་ང་ཚོས་ཨ་མདོའི་རིག་གནས་ཤིག་ངོས་ཟིན་པ་ཡིན། དེ་ནི་ང་ཚོའི་མཐོང་ལམ་དུ་མངོན་པའི་ཆུ་འཁུར་ནས་འགྲོ་བའི་གནས་སྐབས་དེ་ཡིན། དེའི་རྒྱབ་ལོགས་ན་ད་དུང་ཆུ་ཟོ་ཇི་ལྟར་བཟོ་བའི་ལག་རྩལ་གྱི་རིག་གནས་ཆ་ཚང་ཞིག་ཀྱང་ཡོད།
ཆུ་སྣོད་དང་ཆུ་འཁུར་སྟངས་ཀྱི་ཐད་ནས་ཐུན་མོང་མ་ཡིན་པའི་རིག་གནས་ཤིག་མངོན་པ་མ་ཟད། འཐུང་ཆུ་ལེན་པའི་རྒྱུད་རིམ་དེའི་ནང་ལ་ཡུལ་ཁམས་དེའི་བསམ་བློ་གཏོང་གཏོང་སྟངས་ཐུན་མོང་མ་ཡིན་པ་ཡང་ཐིམ་ཡོད། དཔེར་ན་ལོ་གསར་གྱི་ཚེས་གཅིག་ཉིན་ཁྱིམ་སོ་སོར་འཐུང་ཆུ་ལོས་ཡོད། ཡིན་ན་ཡང་ཡུལ་ཕྱོགས་ལ་ལར་ལོ་གསར་ཚེས་གཅིག་གི་རྟེན་འབྲེལ་གྱི་ཐོག་མ་ལ་ཆུ་ཁར་སོང་ནས་ཁྱིམ་ལ་འཐུང་ཆུ་ཟོ་གང་ལེན། ཨ་མདོའི་ཡུལ་ཁམས་མང་པོར་དོན་དག་ཅིག་བསྒྲུབ་ཏུ་འགྲོ་བའི་མི་ཞིག་ལམ་དུ་ཟོ་སྟོང་ཁུར་བ་ཞིག་ལ་ཐུག་ན་རྟེན་འབྲེལ་ཉེས་པར་བརྩི་ཞིང་། དེ་ལས་ལྡོག་སྟེ་ཆུ་ཟོ་བ་གང་འཁུར་ནས་ཡོང་བ་ཞིག་ལ་ཐུག་ན་རྟེན་འབྲེལ་ལེགས་པར་བརྩིས་ནས་ཆུ་མཆོད་འཕེན། འཐུང་ཆུ་ལེན་རྒྱུ་གཅིག་པོའི་སྟེང་ན་འདི་ལྟ་བུའི་གོམས་སྲོལ་མང་པོ་ཞིག་ཆགས་ཡོད།
ཡིན་ན་ཡང་ཆུ་སྦུག་ཁྱིམ་ལ་འཐེན་པའི་ཉིན་མོ་དེ་ནས་བཟུང་ཆུ་དང་འབྲེལ་བའི་རིག་གནས་ཀྱི་འཁོར་དེ་ཆ་ཚང་མི་དགོས་པར་གྱུར། སྲོལ་རྒྱུན་གྱི་ཤིང་ཟོ་མི་དགོས་པར་གྱུར་ལ། དེ་བཟོ་བའི་ཤིང་བཟོའི་ལག་རྩལ་དེ་ཡང་མི་དགོས་པར་གྱུར། དེའི་སྟེང་ལ་རྟེན་འབྲེལ་ལ་ཉེ་མཚོན་བྱེད་ཀྱི་རིག་གནས་དེ་དག་ཡལ་བར་གྱུར་ཡོད། མི་རབས་ནས་མི་རབས་ལ་འཐུང་ཆུ་ལེན་བྱེད་ཀྱི་ཆུ་ཟོ་ཡལ་ནས་མི་ཐོག་གཅིག་ཀྱང་ད་དུང་སོང་མེད། དེང་སང་བོད་པའི་སྤྱི་ཚོགས་སྟེང་ན་ཟོ་བ་བཟོ་ཤེས་པ་དང་རྒྱབ་ལ་འཁུར་བ་ལྟ་ཅི། ཟོ་བ་ཟེར་བ་ཅི་ཡིན་མི་ཤེས་པའི་མི་རབས་ཀྱི་འགོ་ཚུགས་ཡོད།
གལ་སྲིད་རིག་གནས་སྲུང་སྐྱོབ་ཟེར་བ་དེ་སྔོན་གྱི་འཚོ་ཐབས་རྙིང་པ་ཞིག་མི་འདོར་བ་ཙམ་ལ་བརྗོད་ཀྱི་ཡོད་ན། ཆུ་ལེན་སྟངས་ཀྱི་རིག་གནས་འདི་ཤི་ཐག་ཆོད་པས་ན་ང་ཚོས་སྲུང་སྐྱོབ་ཀྱི་སྡུག་སྐད་མི་ཚད་སྨྲེ་ངག་འདོན་དགོས་པའི་ཚད་ལ་སླེབས་ཡོད། ཡིན་ན་ཡང་ང་ཚོས་སྡུག་སྐད་འདི་འདོན་པ་མ་གཏོགས་དེ་སྐྱོབ་རྒྱུ་མིན་པ་གསལ་པོ་རེད། རིག་གནས་སྲུང་སྐྱོབ་ཅེས་ནས་ཁྱིམ་ལ་འཐེན་པའི་སྦུག་བཀོག་ནས་ཡང་སྐྱར་སྲོལ་རྒྱུན་གྱི་ཚེགས་ཆེ་བའི་ཆུ་ལེན་སྟངས་དེ་ལ་སྐྱར་ལོག་ནས་རྒྱག་སྲིད་ཀྱི་མ་རེད།
སྲོལ་རྒྱུན་གྱི་འཐུང་ཆུ་ལེན་པ་ནི་དཀའ་ཚེགས་ཆུང་ཆུང་ཞིག་མིན། འཐུང་ཆུ་ཆུ་ཟོ་ཆེན་པོ་གང་ལུ་རྒྱབ་ལ་ཁུར་ནས་ཆུ་ཚོད་ཕྱེད་ཀའི་ལམ་ལ་འགྲོ་དགོས་པ་ཐག་རིང་ལ་མི་བརྩི། འཐུང་ཆུ་དཀོན་པའི་ས་ཆ་དག་ཏུ། ཁལ་མ་དེད་ནས་ཉིན་ཕྱེད་ཀྱི་ལམ་ལ་འགྲོ་དགོས་པ་ཡང་ཡོད། དེ་ཡང་རྒྱུན་དུ་འགྲོ་དགོས་ལ། ཁ་ཆར་བུ་ཡུག་གི་ནང་དུ་ཡང་འགྲོ་དགོས། དེ་ལྟ་བུའི་འཐུང་ཆུ་རྩ་ཆེན་པོ་དེ་གཙོ་བོ་འཐུང་ཆུ་ཡིན། མ་བཀྲུས་ཐབས་མེད་ཀྱི་འཁྲུད་བཤལ་རེ་བྱེད་པ་མ་གཏོགས་ལུས་པོ་བཀྲུ་རྒྱུ་ནི་མི་ཚེ་ལ་བྱུང་མ་མྱོང་བ་མང་པོ་ཡོད། ང་ཚོས་རིག་གནས་སྲུང་སྐྱོབ་ཟེར་ནས་སྲོལ་རྒྱུན་གྱི་ཆུ་ལེན་སྟངས་དཀའ་ཚེགས་ཅན་དེ་ལ་ཕྱིར་ལོག་རྒྱག་འདོད་མཁན་ནི་སུ་ལ་ཡང་ཡོད་མི་སྲིད།
སྲོལ་རྒྱུན་གྱི་འཚོ་ཐབས་ནི་ཧ་ཅང་དཀའ་ཚེགས་ཆེན་པོ་གཅིག་པོ་ཡིན་པ་ཙམ་མ་རེད། རྒྱུ་ཆ་དང་ངལ་རྩོལ། དུས་ཚོད་བཅས་ཀྱི་འགྲོ་སོང་ཡང་ཧ་ཅང་ཆེན་པོ་རེད། ང་ཚོའི་བོད་ཀྱི་འབྲོག་ཁུལ་ཐུན་མོང་གི་སྲོལ་རྒྱུན་གྱི་གྱོན་ཆས་ཀྱི་སྟེང་ནས་དོན་གནད་འདི་ཇེ་གསལ་དུ་གཏོང་། སློག་པ་ནི་གྱོན་ཆས་དང་ཉལ་ཆས་གཉིས་ཀ་ཡིན་ཅིང་། ཉིན་མཚན་དུས་དྲུག་ལ་ལུས་དང་འབྲལ་མེད་ཡིན། ངས་སྔོན་མ་རྒྱ་མི་ཞིག་གིས་བོད་ཀྱི་འབྲོག་པ་ལ་མཚན་ཉིད་ཅིག་བཞག་ཡོད་སྐད་ཐོས། རྒྱ་མི་དེ་ནི་བོད་ཀྱི་འབྲོག་ཁུལ་བསྡད་མྱོང་བ་ཞིག་ཡིན་ལ། རྒྱ་མི་གཞན་ཞིག་གིས་འབྲོག་པ་ཟེར་བ་དེ་ཇི་འདྲ་ཞིག་ཡིན་པ་དྲིས་སྐབས། སྔ་མས་ལན་དུ་འབྲོག་པ་ཟེར་བ་ནི་གོས་སུ་ལུག་པགས་བརྒྱད་དང་ལྷམ་དུ་གཡག་ཀོ་ཕྱེད་ཀ་གྱོན་མཁན་ཡིན་ཞེས་འགྲེལ་བཤད་བརྒྱབ་པ་རེད་ཟེར། འདི་ལྟར་འདྲི་མཁན་དང་ལན་རྒྱག་མཁན་བྱུང་ཡོད་མེད་གང་ལྟར་ཡང་། གོས་སུ་ལུག་ལྤགས་བརྒྱད་དང་ལྷམ་དུ་གཡག་ཀོ་ཕྱེད་གོན་པ་དེ་བདེན་པ་རེད། ང་རང་སྔོན་མ་འབྲོག་ཁུལ་དུ་སྡོད་སྐབས་གཡག་ཀོ་ཕྱེད་ཀའི་ལྷམ་གོན་མ་མྱོང་ཡང་ལུག་ལྤགས་བརྒྱད་ཀྱི་སློག་པ་ངས་ཀྱང་རྒྱུན་གོན་བྱས་མྱོང་། ས་གནས་རང་གི་འབྲོག་པ་རྣམས་ཀྱིས་གཡག་ཀོ་ཕྱེད་ཀའི་ལྷམ་གོན་པ་དེ་ཡང་ཡོངས་ཁྱབ་ཡིན།
ལུག་ལྤགས་བརྒྱད་དང་གཡག་ཀོ་ཕྱེད་ཀ་ནི་རྒྱུ་ཆ་ཉུང་ཉུང་ཞིག་གཏན་ནས་མིན་པའི་སྟེང་ལ་དེ་དག་གྱོན་ཆས་སུ་བསྒྱུར་བའི་ངལ་རྩོལ་དང་དུས་ཚོད་ཀྱང་ཉུང་ཉུང་ཞིག་གཏན་ནས་མིན། ལྷམ་ཆ་གཅིག་འཚེམ་བཟོ་བྱེད་པ་ལ་མི་གཅིག་གི་ཉིན་གཉིས་ཀྱི་ངལ་རྩོལ་ཆ་ཚང་དགོས་ཀྱི་ཡོད་ལ། དེའི་ནང་དུ་ཀོ་བ་མཉེས་འདུལ་བྱེད་པའི་ངལ་དུབ་ཅན་གྱི་ལས་ཡུན་རིང་པོ་ཞིག་ཚུད་མེད། སློག་པ་གཅིག་བཟོ་བ་ཡང་དེ་ལྟར་ཡིན། ལུག་ལྤགས་བརྒྱད་མཉེས་འདུལ་བྱེད་པ་དང་དེ་སློག་པར་འཚེམ་བཟོ་བྱེད་པ་ལ་མི་གཅིག་གི་ཉིན་དུ་མའི་ངལ་རྩོལ་དགོས།
དེ་ལྟ་བུའི་རྒྱུ་ཆ་དང་ངལ་རྩོལ་གྱི་འགྲོ་སོང་ཆེ་བ། ལུས་ལ་ལྕི་ཞིང་རྩུབ་པའི་གྱོན་ཆས་དེ་འདྲ་ནི་དེང་རབས་ཀྱི་སྤྱི་ཚོགས་སུ་རྒྱུན་འཁྱོངས་བྱེད་རྒྱུ་ནི་ལས་སླ་བོ་ཞིག་མིན་པ་ནི་གསལ་པོ་ཡིན། ངའི་གཉེན་ཉེ་ཞིག་ནི་སྔོན་མ་སྲོལ་རྒྱུན་གྱི་ལྷམ་བཟོ་མཁན་ཡིན། རིག་གནས་གསར་བརྗེའི་སྐབས་ལ་ཁོང་ང་སྡོད་སའི་འབྲོག་ཁུལ་དུ་ཁྱིམ་ཉུལ་བྱས་ནས་ལྷམ་བཟོས་པའི་ཡོང་སྒོས་ཁྱིམ་ཚང་བསྐྱངས། ལོ་ཤས་ཀྱི་སྔོན་ལ་ང་ཕ་ཡུལ་དུ་སོང་ནས་ཁོང་ལ་ཐུག་པ་ཡིན། ཁོང་གིས་ལྷམ་མ་བཟོས་པར་ཡུན་རིང་སོང་འདུག་ཅིང་། ལྷམ་བཟོ་བྱེད་ཀྱི་ཅ་ལག་རྣམས་བེད་མེད་དུ་གྱུར་ནས་ཀྱང་ཡུན་རིང་དུ་སོང་འདུག ངས་ཁོང་ལ་ད་སྲོལ་རྒྱུན་གྱི་ལྷམ་བཟོ་དགོས་པའི་དུས་ཚོད་ཕྱིར་ཡོང་རྒྱུ་མ་རེད། ལྷམ་བཟོ་བའི་ལག་ཆ་དེ་དག་ཇི་ལྟར་བྱེད་རྒྱུ་ཡིན་ཞེས་དྲིས་པ་ཡིན། དེར་ཁོང་ལ་ཡང་ལན་གསལ་པོ་ཞིག་མི་འདུག ཁོང་གི་བུ་རྣམས་ཀྱིས་དེ་དག་གཡུག་རྒྱུའི་གྲོས་བཏོན་འདུག་ཀྱང་དེ་ལ་ཁོང་གིས་མོས་མཐུན་བྱས་མི་འདུག ཁོང་གིས་ཀྱང་དེ་དག་ལ་བེད་སྤྱོད་མེད་པ་ཤེས། ཡིན་ན་ཡང་རིག་གནས་གསར་བརྗེའི་སྐབས་ཏེ། འཚོ་ཐབས་ཧ་ཅང་སྐྱོ་བའི་སྐབས་སུ། ཁོང་འབྲོག་ཁུལ་ལ་སོང་ནས་ལྷམ་བཟོས་ནས་ཡོང་སྒོ་བཙལ་ཏེ་བཟའ་མི་བསྐྱངས་པ་ཡིན་སྟབས་ཅ་ལག་འདི་དག་ལ་འཁྲེང་སེམས་ཤིག་འདུག་ཟེར།
གྱོན་ཆས་ནི་སྐབས་མང་པོར་འཚོ་ཐབས་དང་མཛེས་ཚོར་གཉིས་སྤྱི་འདུས་ཀྱི་ཕུང་པོ་ཞིག་ཡིན། དེང་སང་གི་བོད་ཁུལ་གྱི་དུས་སྟོན་ཁག་ལ་བལྟས་པ་ཡིན་ན། བོད་ལུགས་ཀྱི་གྱོན་ཆས་སྣ་རིགས་སྔར་ལས་མང་ལ་བཀྲག་མདངས་སྔར་ལས་ཆེ། ཡིན་ན་ཡང་དེས་མཐའ་གཅིག་ཏུ་བོད་ལུགས་ཀྱི་གྱོན་ཆས་ལ་གསོན་སྟོབས་སྔར་བཞིན་ཡོད་པ་མཚོན་མི་ཐུབ། སྔོན་མ་བོད་ལུགས་ཀྱི་གྱོན་ཆས་དེ་དག་འཚོ་ཐབས་ཀྱི་དགོས་མཁོ་གཙོ་བོ་ཡིན། ལོ་གཅིག་གི་དུས་བཞི་བོ་དང་། ཉིན་ཞག་གཅིག་གི་ཉིན་གྱི་གྱོན་ཆས་དང་དགོང་མོའི་ཉལ་ཆས་ཀྱང་ཡིན། དེང་སང་བོད་ཆས་མང་ཆེ་བ་ཞིག་བོད་མདོག་སྟོན་ཆེད་གྱོན་པ་ཡིན། དགོས་མཁོ་དང་འབྲེལ་བ་མེད། གསང་གནས་སྒྲིབ་པ་དང་ཚ་གྲང་འགོག་པའི་འཚོ་ཐབས་ཀྱིདགོས་མཁོ་ནི་བོད་ལུགས་ཀྱི་གྱོན་ཆས་ལ་བརྟེན་མི་དགོས། དེ་ལས་ལུས་ལ་ཡང་ཞིག་འཇམ་པ། གོན་བདེ་ཞིང་ཕུད་བདེའི་གྱོན་ཆས་མང་པོ་ཉོ་རྒྱུ་ཡོད། དེའི་སྟབས་ཀྱིས་བོད་ལུགས་ཀྱི་གྱོན་ཆས་ནི་མི་མང་པོ་ཞིག་ལ་དུས་སྟོན་ཁོ་ནའི་སྟེང་ལ་གྱོན་རྒྱུ་ཞིག་ཡིན། དེ་ནི་གཅིག་བྱས་ན་རང་གི་མི་རིགས་ཀྱི་རང་མདོག་སྟོན་བྱེད་ཙམ་དང་། ང་ནི་བོད་པ་ཡིན་ཞེས་སྒྲོགས་བྱེད་ཅིག་ཡིན། རང་མདོག་ཡལ་བཞིན་པའི་མི་རིགས་ཀྱི་རང་ཆོས་དང་། དགོས་མཁོ་དང་ཁ་འབྲལ་བཞིན་པའི་བོད་ཆས་བཅས་ལ་འཁྲེང་སེམས་བཀྲག་མདངས་ཅན་ཞིག་གི་སྟོན་ཐབས་ཤིག་ཡིན་ཀྱང་སྲིད།
ང་ཚོས་རིག་གནས་སུ་འབོད་པ་གང་མང་ཞིག་གི་འབྱུང་ཁུངས་རྩད་གཅོད་བྱས་པ་ཡིན་ན། དེ་དག་ནི་འཚོ་ཐབས་ཀྱི་དགོས་མཁོ་སྐོང་བ་ལ་ཐུག་ཡོད་པ་མ་གཏོགས་མི་རིགས་ཤིག་གི་རང་ཆོས་སྟོན་པ་ལ་ཐུག་མེད། ད་ལྟ་ང་ཚོས་རིག་གནས་སྲུང་སྐྱོབ་ཅེས་བརྗོད་པའི་སྐབས་འདིར། རིག་གནས་གང་ཞིག་འཚོ་ཐབས་ཀྱི་དགོས་མཁོ་སྐོང་བའི་ནུས་པ་ཉམས་ཚར་ཏེ། དེའི་བྱེད་ལས་འགྱུར་ཏེ་མི་རིགས་ཀྱི་ངོ་བོ་སྟོན་བྱེད་ཙམ་དུ་གྱུར། དེ་དུས་རིག་གནས་ཤིག་གི་ནང་སྲོག་ཆད་དེ་ཕྱི་སྲོག་མ་ཆད་པ་ཙམ་ཡིན་པ་དང་། དེ་དུས་རིག་གནས་དེ་ལ་འཁྲེང་ཞེན་ཇེ་ཆེར་འགྲོ་བ་ཡང་ཆོས་ཉིད་ཡིན།
འཚོ་ཐབས་དང་འབྲེལ་བའི་བོད་ཀྱི་རིག་གནས་མང་པོ་ཞིག་དགོས་མཁོ་དང་བྲལ་ནས་འཁྲེང་སེམས་ཙམ་ལ་བརྟེན་ཡོད་ན་ཡང་། བོད་ཀྱི་སྐད་ཡིག་ནི་འཁྲེང་སེམས་ཙམ་བརྟེན་ནས་གནས་པ་མིན་པར་དགོས་མཁོ་ལ་ཡང་བརྟེན་ནས་གནས་ཡོད། གྲོང་གསེབ་ཏུ་གནས་པའི་བོད་མིའི་གྲངས་འབོར་མང་ཆེ་བ་ཞིག་གིས་ད་དུང་བོད་སྐད་གཅིག་པོ་ལ་བརྟེན་ནས་གོ་བརྡ་སྤྲོད་དགོས། བོད་སྐད་ཙམ་མ་ཡིན་པར་བོད་ཡིག་ཀྱང་གནས་སྐབས་འདི་ལ་ཡིག་ཐོག་དང་དྲ་ཐོག བརྙན་འཕྲིན་སོགས་སུ་སྔར་བྱུང་མ་མྱོང་བའི་སྐད་ཡིག་གི་གསོན་ཉམས་རེ་མངོན་ཡོད། བོད་ཡིག་གི་དཔེ་སྐྲུན་ནི་དེང་སང་ཀློག་མི་ཚར་བའི་སྡུག་བསྔལ་ཡིན་པ་མ་གཏོགས་ཀློག་རྒྱུ་མེད་པའི་སྡུག་བསྔལ་མིན།
སྤྱིར་བཏང་ཚན་རིག་དང་ཡར་རྒྱས་གཉིས་ཀྱིས་འགྲོ་བ་མིའི་འཚོ་ཐབས་ཇེ་བདེར་དང་ཇེ་སྐྱིད་དུ་གཏོང་ན་ཡང་། དེ་གཉིས་མི་རིགས་གཉོམ་ཆུང་རྣམས་ཀྱི་སྐད་ཡིག་འདུས་པའི་སྲོལ་རྒྱུན་གྱི་རིག་གནས་ལ་འཆམ་པའི་ངེས་པ་མེད། ཚན་རིག་དང་ཡར་རྒྱས་ལས་བྱུང་བའི་འཚོ་བའི་མཐུན་རྐྱེན་དང་འཚོ་ཐབས་གསར་བ་ཅི་ཙམ་གྱིས་མང་ན་སྐད་ཡིག་འདུས་པའི་སྲོལ་རྒྱུན་གྱི་རིག་གནས་གང་མང་ཞིག་གི་གསོན་ཤུགས་དེ་ཙམ་གྱིས་འཇོམས། ང་ཚོ་འཚོ་ཐབས་གསར་པའི་མཐུན་རྐྱེན་བཟང་ངན་གྱི་ཁྱད་པར་གསལ་བའི་ཁྱིམ་གཉིས་ལ་སོང་ན་ངང་ཚུལ་འདི་མཐོང་དཀའ་བ་ཞིག་མིན། འཚོ་ཐབས་གསར་པའི་མཐུན་རྐྱེན་འཛོམས་པའི་ཁྱིམ་དུ་སྐད་ཡིག་གཞན་པ་ཤེས་པ་དང་སྤྱོད་པ་མང་བ་དང་། འཚོ་ཐབས་གསར་པའི་མཐུན་རྐྱེན་ཞན་པའི་ཁྱིམ་ཞིག་ཏུ་སོང་ན་སྐད་ཡིག་གཞན་པ་ཤེས་པ་དང་སྤྱོད་པའི་ཉུང་བ་ཡོད། གནས་སྟངས་འདི་ང་ཚོ་འཚོ་ཐབས་གསར་པའི་མཐུན་རྐྱེན་གྱི་བཟང་ངན་ཤོར་བའི་གྲོང་བརྡལ་ཞིག་དང་རི་གྲོང་ཞིག་ལ་སོང་ན་ཡང་ཇི་བཞིན་དུ་མཐོང་ཐུབ།
རི་གྲོང་དག་ལ་ཡར་རྒྱས་ཀྱི་འཚོ་ཐབས་མ་སླེབས་པ་ནི་དུས་ཚོད་ཀྱིས་མ་སླེབས་པ་མ་གཏོགས། རི་གྲོང་གི་མི་རྣམས་ལ་དེ་མ་དགོས་པར་མ་སླེབས་པ་མ་རེད། སྔོན་མ་སྤྱི་ཚོགས་ཀྱིས་ཡར་རྒྱས་ཕར་བཙལ་བ་ཡིན་ལ་དེང་སང་ཡར་ཀྱིས་སྤྱི་ཚོགས་ཚུར་བཙལ་ནས་ཡོང་གི་ཡོད། དུས་ཚོད་ཀྱི་སྔ་རྗེས་ཙམ་མ་གཏོགས་རི་གྲོང་དག་ལ་ཡང་ཡར་རྒྱས་ཀྱི་འཚོ་ཐབས་སླེབས་རྒྱུ་དེ་ནི་གཡོལ་ཐབས་མེད་པ་ཞིག་ཡིན། དེ་དུས་རི་གྲོང་དག་ལ་བོད་སྐད་ཇེ་ཉུང་དང་གཞན་སྐད་ཇེ་མང་དུ་འགྲོ་འདི་ཡང་ལྡོག་ཏུ་མེད་པའི་འཕེལ་ཕྱོགས་ཤིག་ཡིན།
ཡར་རྒྱས་འཚོ་ཐབས་ལ་སྙེག་པ་ནི་འགྲོ་བ་མིའི་རང་གཤིས་ཤིག་ཡིན་སྟབས། སྤྱི་ཚོགས་ཤིག་ཡར་རྒྱས་ཀྱི་འཚོ་ཐབས་ལ་གོམས་རྗེས། སྲོལ་རྒྱུན་གྱི་འཚོ་ཐབས་རྙིང་པ་ཞིག་ལ་ཕྱིར་ལོག་བྱེད་རྒྱུ་ནི་ཡོང་མི་སྲིད་པ་ཞིག་རེད། བོད་པ་ཡང་འགྲོ་བ་མི་ཡིན་པའི་ཆ་ནས་ཡར་རྒྱས་ཀྱི་འཚོ་ཐབས་གསར་བ་ལོས་དགོས། འགྲོ་བ་མི་ཡིན་པ་དང་མཉམ་དུ་ང་ཚོ་བོད་པ་རེད། རང་གི་བོད་སྐད་འདི་བོར་མི་འདོད་པ་འདི་ཡང་རང་བཞིན་ཞིག་རེད།
སྐབས་འདིར་འགྲོ་བ་མི་ཡི་དགོས་མཁོ་དང་མི་རིགས་ཤིག་གི་དགོས་མཁོ་གཉིས་འགལ་བ་ལྟག་སྤྲོད་དུ་གྱུར་ཡོད། དཀའ་ངལ་འདི་ནི་ང་ཚོ་བོད་ལ་ད་བར་དུ་འཕྲད་མ་མྱོང་བའི་དཀའ་ངལ་ཞིག་ཡིན་པ་མ་ཟད་འཛམ་གླིང་ལ་ཡང་དཀའ་ངལ་གསར་པ་ཞིག་ཡིན་ལས་ཆེ། རིག་གནས་སྲུང་སྐྱོབ་དང་སྐད་ཡིག་སྲུང་སྐྱོབ་ཀྱི་སྡུག་སྐད་འདོན་མཁན་ནི་ང་ཚོ་བོད་པ་གཅིག་པོ་མ་རེད། འཛམ་གླིང་ཡོངས་རྫོགས་རེད། སྐད་ཡིག་ཞིབ་འཇུག་པའི་ཞིབ་འཇུག་ལྟར་ན། དེང་སང་འཛམ་བུ་གླིང་འདིའི་སྟེང་ན་སྐད་ཡིག་བདུན་སྟོང་ཡོད་ཅིང་། ཆ་སྙོམས་ཀྱིས་གཟའ་འཁོར་གཉིས་རེའི་ནང་ལ་སྐད་ཡིག་རེ་ཤི་བཞིན་ཡོད། ང་ཚོ་འགྲོ་བ་མི་ཤི་འདོད་མེད་ན་ཡང་། སྨན་བཅོས་དང་རིམ་གྲོ་བྱེད་ཀྱིན་བྱེད་ཀྱིན་ཤི་འགྲོ་གི་ཡོད་པ་ལྟར། སྐད་ཡིག་མང་པོ་ཞིག་ཤི་འདོད་མེད་ཀྱང་། སྐད་ཡིག་སྲུང་སྐྱོབ་ཅེས་པའི་སྡུག་སྐད་རྒྱག་གིན་རྒྱག་གིན་ཤི་བཞིན་ཡོད།
ཡིན་ན་ཡང་། མི་ཞིག་ཤི་ན་མི་གཞན་པ་ཞིག་སྐྱེ་ཡོང་གི་ཡོད། སྐྱེ་བ་དེ་ཤི་བ་ལས་མ་མང་ན་མི་ཉུང་། མི་ཤི་ནས་སྟོངས་འགྲོ་བ་ཟེར་དེ་ཡོང་མི་སྲིད། སྐད་ཡིག་ནི་དེ་ལས་ལྡོག་སྟེ་ཤི་རྒྱུ་མ་གཏོགས་སྐྱེ་རྒྱུ་མེད། སྐད་ཡིག་ཤི་ནས་སྟོངས་འགྲོ་བ་ཟེར་བ་དེ་ཡོང་མི་སྲིད་ན་ཡང་། མང་ཆེ་བ་ཤི་ནས་སྐད་ཡིག་ཉུང་ཉུང་ཞིག་མ་གཏོགས་གནས་རྒྱུ་མིན་པ་དེའི་ཕྱོགས་ལ་འགྲོ་བཞིན་ཡོད།
གཟའ་འཁོར་གཉིས་རེའི་ནང་ལ་སྐད་རིགས་རེ་ཤི་བའི་ཤི་ཚད་འདི་ལྟར་སོང་ན། སྐད་རིགས་བདུན་སྟོང་ཡོངས་སུ་ཤི་བ་ལ་ལོ་ཉིས་བརྒྱ་བརྒྱད་ཅུ་དགོས། འོན་ཀྱང་སྐད་ཡིག་གསོན་སྟོབས་ཅན་སྐོར་ཞིག་ཤི་རྒྱུ་མིན་པ་ནི་བཤད་མ་དགོས་པ་རེད། ད་ལྟའི་གནས་སྟངས་ལ་གཞིགས་ན། ང་ཚོའི་བོད་ཀྱི་སྐད་ཡིག་ནི་ཤི་རྒྱུ་མིན་པའི་སྐད་ཡིག་དེའི་གྲས་སུ་ཚུད་རྒྱུ་ནི་ཧམ་སེམས་སུ་འགྲོ་བ་ལྟ་བུ་ཞིག་ཡིན། དེ་ལྟར་ན་ང་ཚོའི་བོད་སྐད་ཀྱི་ཚེ་ཐག་གི་རིང་མཐའ་ནི་ལོ་གྲངས་ཉིས་བརྒྱ་བརྒྱད་ཅུ་ཡིན་དགོས། ཡིན་ན་ཡང་། མ་འོངས་པའི་ལོ་ཉིས་བརྒྱ་བརྒྱད་ཅུ་ལ་སྐད་ཡིག་ཤི་ཚད་འདི་འགྱུར་མེད་ཅིག་ཡིན་པ་སུས་ཀྱང་བཤད་དཀའ། ཤི་ཚད་ལ་མགྱོགས་དལ་གཉིས་ཀ་ཡོང་སྲིད་པ་དེས་ང་ཚོའི་སྐད་ཡིག་གི་ཚེ་ཐག་རིང་ཐུང་ལ་ཡང་འགྱུར་བ་འགྲོ་ལོས་སྲིད།
ཕུགས་ཡུན་རིང་པོའི་བོད་ཀྱི་སྐད་ཡིག་གི་གསོན་གནས་ནི་དགའ་སྐྱོ་འདྲེས་མ་ཞིག་ཡིན་ན་ཡང་། ང་ཚོའི་མིག་མདུན་གྱི་གནས་སྟངས་ལ་དགའ་བ་སྒོམ་འོས་པའི་གནས་ཀྱང་ཁ་ཤས་ཡོད། དེ་དག་ལས་གཅིག་ནི་བོད་ཀྱི་འཁྲབ་སྟོན་རིག་གནས་ལ། དེར་ལོ་རྒྱུས་སྟེང་ལ་བྱུང་མ་མྱོང་བའི་གསོན་སྟོབས་ཤིག་རྒྱས་ཡོད། འདིའི་སྐོར་གྱི་རྒྱུ་ཆ་འཛོམས་ཤོས་ནི་འཛམ་བུ་གླིང་འདིའི་སྟེང་ན་ལ་རྩེ་དཔེ་མཛོད་ཁང་ཡིན། ལ་རྩེ་དཔེ་མཛོད་ཁང་གིས་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུའི་ནང་གི་སྒྲ་ཐག་གི་དུས་ནས་བཟུང་ད་བར་གྱི་འོད་སྡེར་བར་གྱི་བོད་ཀྱི་འཁྲབ་སྟོན་གྱི་རྒྱུ་ཆ་ཉར་གསོག་བྱས་ཡོད། ད་ལྟ་སྒྲ་ཐག་དང་བརྙན་ཐག འོད་སྡེར་སོགས་བདུན་སྟོང་ལ་ཉེ་བ་ཡོད་ཅིང་། དེའི་ནང་ལ་དེང་སང་དྲ་ལམ་དང་སྤྱི་ཚོགས་རྒྱུད་ལམ་སོགས་སུ་འཁྲབ་སྟོན་གྱི་རྒྱུ་ཆ་གྲངས་འབོར་ཆེན་པོ་འཕེལ་བཞིན་ཡོད་པ་དེ་དག་འདུས་མེད།
འདི་ལྟ་བུའི་རྒྱུ་ཆའི་གྲངས་འབོར་དང་། ལོ་ངོ་བཞི་བཅུ་འདིའི་རིང་ལ་བྱུང་བའི་གླུ་བ་གླུ་མས་མཚོན་པའི་འཁྲབ་སྟོན་པ་དང་འཁྲབ་སྟོན་གྱི་གྲངས་འབོར། འཁྲུག་ཆ་དོད་པའི་འཁྲབ་སྟོན་སྣ་ཚོགས། འཁྲབ་སྟོན་གྱི་སྒྱུ་རྩལ་སྣ་ཚོགས་འདི་འདྲ་ནི་བོད་ཀྱི་ལོ་རྒྱུས་སྟེང་ལ་བྱུང་མྱོང་མེད། དེ་ཡང་བརྒྱ་ཆ་བརྒྱད་ཅུ་ནས་དགུ་བཅུ་བར་བོད་སྐད་རང་གི་སྟེང་ལ་འཁྲབ་སྟོན་བྱས་ཡོད་སྟབས་བོད་ཀྱི་སྐད་ཡིག་ལ་གསོན་སྟོབས་ཤིག་རྒྱས་སུ་བཅུག་ཡོད།
བོད་ཀྱི་རིག་གནས་ལ་གནས་སྐབས་སུ་གསོན་སྟོབས་རྒྱས་ཡོད་པ་ནི་འཁྲབ་སྟོན་གྱི་རིག་གནས་གཅིག་པོ་མིན་པར་གཞན་པ་ཡང་ཁ་ཤས་ཡོད། དེ་དག་ལས་མངོན་གསལ་དོད་པོ་ཞིག་ནི་དུས་སྟོན་གྱི་རིགས་ཡིན། རིག་གནས་གང་མང་ཞིག་རྒྱུན་ལྡན་གྱི་འཚོ་བའི་ནང་དུ་གནས་ཐབས་མེད་པར་འགྱུར་བཞིན་པ་འདིས། དུས་སྟོན་གྱི་སྐབས་སུ་གཞན་ལ་མངོན་སྟོན་བྱེད་རྒྱུ་སྟེ། དེ་ཡང་སྟོན་མཁན་དང་ལྟ་མཁན་གཉིས་ཀྱི་ཡིད་ཁ་གང་བའི་ཧར་མངོན་ཅན་གྱི་ལམ་ལ་སྐྱོད་བཞིན་ཡོད། དེའི་སྟེང་ལ་དེང་སང་གི་དཔལ་འབྱོར་དང་འཕྲུལ་རྩལ་གྱི་ཡར་རྒྱས་དང་། བོད་རང་གི་རྒྱུ་ངོམ་ལ་དགའ་བའི་གཤིས་ཀ རྒྱ་ནག་གཞུང་གི་ཕྱི་ཚུལ་གྱི་སྲུང་སྐྱོབ་ངོམ་དགའ་བ་བཅས་ཀྱིས་ཧར་མངོན་འདི་ལ་མཐུན་རྐྱེན་བླ་མེད་དུ་སྦྱར་ཡོད།
མཇུག་སྡུད།
སྤྱིར་བཏང་ང་ཚོའི་བོད་སྐད་ཀྱི་རིག་གནས་ཞེས་པའི་ཐ་སྙད་དེ་ལོ་ངོ་སྟོང་ཕྲག་ལྷག་གི་སྔོན་ནས་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་ཞེས་པའི་རིག་གནས་སྡེ་ཚན་དེ་ལ་དབང་ཚར་བའི་ཐ་སྙད་ཅིག་ཡིན། ཡིན་ན་ཡང་དུས་རབས་གོང་མའི་ལོ་རབས་ལྔ་བཅུའི་ནང་གི་དུས་འགྱུར་ཆེན་པོ་བྱུང་རྗེས་བོད་ཀྱི་སྤྱི་ཚོགས་ལ་འགྱུར་བ་ཆེན་པ་ཐེབས་པ་ལ་བརྟེན་ནས། བོད་ཀྱི་ཐ་སྙད་ཀྱི་ཚོགས་ལ་ཡང་འགྱུར་བ་སྣ་མང་ཞིག་སོང་། ཐ་སྙད་ཀྱི་ནང་ནས་འགྱུར་བ་ཆེན་པོ་སོང་བའི་དཔེ་མཚོན་གསལ་ཤོས་ཤིག་ནི་རིག་གནས་ཞེས་པ་འདི་ཡིན་ལས་ཆེ། དེའི་ནང་དོན་རྒྱ་སྐྱེད་བྱུང་ནས་གོང་དུ་ང་ཚོས་ཐ་སྙད་རིག་གནས་དང་སྤྱི་ཚོགས་རིག་གནས་ཞེས་སྡེ་ཚན་གཉིས་སུ་འབྱེད་དགོས་བྱུང་ཡོད།
ཐ་སྙད་རིག་གནས་ཀྱི་སྐབས་སུ་རིག་གནས་ཞེས་པའི་ཐ་སྙད་འདིས་བསྟན་དོན་ཅི་ཡིན་མི་གསལ་བ་ཅི་ཡང་མེད་ན་ཡང་། སྤྱི་ཚོགས་རིག་གནས་ཀྱི་སྐབས་སུ་དེའི་བསྟན་དོན་ཅི་ཡིན་བློ་ངོར་གསལ་པོ་ཞིག་འབབ་དཀའ། རྒྱུ་མཚན་ཐ་སྙད་དེའི་གོ་དོན་མི་རིགས་གཞན་གྱི་སྐད་དོད་ཀྱི་བསྟན་དོན་གྱི་རྗེས་སུ་འབྲང་དགོས་པ་དང་། དེའི་དོན་ཁོངས་ཧ་ཅང་རྒྱ་ཆེ་བ། དེའི་བཞེད་ལུགས་སྣ་ཚོགས་ཡོད་པ་བཅས་ཀྱིས་ཡིན། དེ་ལྟ་ན་ཡང་ང་ཚོས་བསྟན་དོན་གཙོ་བོའི་ཆ་རེ་བཟུང་ནས་གྲོས་བསྡུར་བྱས་ཡོད། དེ་ནི་འདས་པ་དང་ད་ལྟའི་དུས་སུ་སྤྱི་ཚོགས་ཤིག་གི་འཚོ་ཐབས་དང་། སྤྱོད་ལམ། བླང་དོར་བྱེད་སྟངས་བཅས་མ་བགྲོས་གཅིག་གྱུར་གྱི་འགྲོ་སྟངས་ཤིག་ཆགས་པ་དེ་ཡིན།
རིག་གནས་སྲུང་སྐྱོབ་ཅེས་པའི་སྐབས། སྤྱིར་བཏང་གོང་གསལ་གྱི་རིག་གནས་ཀྱི་ཁྱབ་ཁོངས་གཉིས་ཀར་གསོན་སྟོབས་ཤོར་ཏེ་སྲོག་སྐྱོབ་ཀྱི་ལས་དོན་རེ་སྤེལ་དགོས་པ་དང་། དེ་ཡང་གང་མགྱོགས་ཀྱིས་སྤེལ་དགོས་པའི་ཚོར་བ་ཞིག་སྟེར། ཡིན་ན་ཡང་ང་ཚོས་དོན་ཁོངས་གཉིས་ཀྱི་རིག་གནས་ཀྱི་གནས་སྟངས་ངོ་མ་ལ་ལྟ་དུས་རིག་གནས་སྐོར་ཞིག་ལ་ལོ་རྒྱུས་ཐོག་ལ་བྱུང་མ་མྱོང་བའི་གསོན་སྟོབས་རྒྱས་པའི་རྟགས་མཚན་ཞིག་མངོན་ཏེ་སྲུང་སྐྱོབ་མི་དགོས་པ་དང་། སྐོར་ཞིག་སྲུང་སྐྱོབ་བྱེད་ཅེས་དུས་ང་ཚོས་འགྲེལ་བཤད་རྒྱག་དཀའ་བའི་ནང་འགལ་དུ་མ་ཞིག་བྱུང་ཡོད།
ནང་འགལ་དང་པོ་ནི་རིག་གནས་གང་ཞིག་ཐོག་མའི་དུས་སུ་བྱུང་བའི་རྒྱུ་མཚན་དང་ད་ལྟ་སྲུང་སྐྱོབ་བྱེད་དགོས་པའི་རྒྱུ་མཚན་གཉིས་ནང་འགལ་ཡིན། རིག་གནས་ཤིག་བྱུང་དུས་མི་རིགས་ཤིག་གི་ངོ་བོ་མཚོན་ཆེད་དུ་བྱུང་བ་མིན་པར། འཚོ་བའི་དགོས་མཁོ་ཞིག་སྐོང་བའི་ཐབས་ལམ་གྱི་ཚུལ་དུ་བྱུང་བ་ཡིན། ད་ལྟ་ང་ཚོས་སྲུང་སྐྱོབ་བྱེད་པ་ནི་དགོས་མཁོ་དེ་སྐོང་བའི་ཐབས་ལམ་སྲུང་སྐྱོབ་ཀྱི་ཆེད་དུ་མིན། མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་ཀྱི་ཆེད་དུ་ཡིན།
ནང་འགལ་གཉིས་པ་ནི་ང་ཚོའི་དགོས་འདུན་ལ་ནང་འགལ་ཞིག་ཡོང་གི་ཡོད། ཕྱོགས་གཅིག་ནས་ང་ཚོས་ཡར་རྒྱས་དགོས་ཟེར་གྱི་ཡོད། ཡར་རྒྱས་ཀྱི་ནང་དོན་གཙོ་བོ་ཞིག་ནི་འཚོ་ཐབས་རྙིང་པ་སྐོར་ཞིག་ལ་ལེགས་བཅོས་བྱེད་དགོས་པ་དང་། ཐ་ན་འཚོ་ཐབས་རྙིང་ཆེས་ན་མ་དོར་ཐབས་མེད་ཀྱི་གནས་སུང་ལྷུང་ཡོད། ཡིན་ན་ཡང་ཕྱོགས་གཞན་ཞིག་ནས་ང་ཚོས་རིག་གནས་སྲུང་སྐྱོབ་ཟེར་ནས་འཚོ་ཐབས་རྙིང་པ་དེ་དག་སྲུང་སྐྱོབ་བྱེད་དགོས་ཀྱི་ཟེར་གྱི་ཡོད།
ནང་འགལ་གསུམ་པ་ནི་ང་ཚོ་འགྲོ་བ་མི་དང་བོད་པ་གཉིས་ལས་གང་གཙོ་ཆེར་འཛིན་པ་དེ་ཡིན། ང་ཚོ་འགྲོ་བ་མི་ཡིན་པའི་ཆ་ང་ཚོས་ཚེགས་ཆུང་གི་འཚོ་ཐབས་ལ་སྙེག་གི་ཡོད། ཚེགས་ཆུང་གི་འཚོ་ཐབས་ནི་ཚན་རིག་གིས་འགྲོ་བ་མི་སྤྱི་ལ་བསྐྲུན་པ་མ་གཏོགས་མི་རིགས་བྱེ་བྲག་པ་ཞིག་ཆེད་དུ་བསྐྲུན་པ་མིན། ང་ཚོས་ཚེགས་ཆུང་གི་འཚོ་ཐབས་ལ་སྙེག་དུས་མི་རིགས་ཀྱི་ངོ་བོ་ཤོར་གྱི་འདུག་ཟེར་ནས་སྡུག་སྐད་རྒྱག་གི་ཡོད། ང་ཚོར་དགོས་པ་ནི་བསྐྱབ་བྱའི་རིག་གནས་གང་ཞིག་མི་རིགས་གང་དེའི་ངོ་བོ་འཛིན་པ་ཙམ་གྱི་ཆེད་དུ་མ་ཡིན་པར་འཚོ་ཐབས་ཀྱི་དགོས་མཁོ་དང་འབྲེལ་བ་དང་། ཡར་རྒྱས་སུ་འགྲོ་བ་དང་མཚུངས་སུ་རང་རིགས་ཀྱི་ཁྱད་ཆོས་ཀྱང་མ་ཉམས་པ། འགྲོ་བ་མི་ལ་དགོས་པའི་ཚེགས་ཆུང་གི་འཚོ་ཐབས་མ་བཀག་པའི་སྒོ་ནས་མི་རིགས་ཀྱི་རང་ཆོས་ཀྱང་མ་ཡལ་བ་ཞིག་དགོས་ཀྱི་ཡོད་པ་རེད། དེ་ལྟ་བུའི་ “རིག་གནས་སྲུང་སྐྱོབ་”བྱེད་ཐབས་ཤིག་རྙེད་ན། དེ་ནི་ང་ཚོ་བོད་པའི་རིག་གནས་སྲུང་སྐྱོབ་ཙམ་མ་ཡིན་པར་འཛམ་གླིང་གི་རིག་གནས་སྲུང་སྐྱོབ་ལ་བྱས་རྗེས་ཤིག་ཡིན།
ཡང་སྐྱར་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་“རིག་གནས་སྲུང་སྐྱོབ་”ནི་དོན་ཐོག་ནས་བསྒྲུབ་རྒྱུ་གཙོ་བོ་ཡིན་པ་ལས་ངག་ཐོག་ནས་བཤད་རྒྱུ་གཙོ་བོ་མིན། བསྒྲུབ་པའི་སྔོན་འགྲོ་ནི་གཞན་ཟེར་ལད་ཟློས་ཙམ་མ་ཡིན་པར་རང་གི་གནས་སྟངས་ཀྱི་སྟེང་ནས་རིག་གནས་ཟེར་བ་དེ་ཅི་ཞིག་ཡིན་པ་དང་། སྲུང་སྐྱོབ་ཟེར་བ་ཡང་ཅི་ཞིག་ཡིན་པ་དང་ཅིའི་ཕྱིར་བྱེད་དགོས་པ། བྱེད་དགོས་མིན་དང་བྱེད་ཐུབ་མིན་སོགས་ལ་བསམ་ཞིབ་དང་བགྲོ་གླེང་། ཞིབ་འཇུག་རྣལ་མ་ཞིག་བྱེད་དགོས།
དཔྱད་རྩོམ་མམ་གླེང་སློང་གང་ཡིན་ཀྱང་རིང་དྲག་ནས་ཆ་ཚང་ཀློག་ཐུབ་མ་སོང་ཡང་དོན་དངོས་རིག་གནས་སྲུང་སྐྱོབས་ཡིན་འང་རེད་རིག་གཞུང་སྲུང་སྐྱོབས་ཡིན་ནའང་རེད་གང་ལྟར་བོད་མི་རིགས་འཛམ་གླིང་གི་ལུང་པ་མང་པོའི་ནང་ཁ་འཐོར་ནས་བྱ་སྤུ་རི་ལ་སྐྱེས་པ་བཞིན་དུ་གནས་ནས་རིག་གཞུང་སྲུང་སྐྱོབས་དང་རིག་གནས་སྲུང་སྐྱོབས་སོགས་འབྲེལ་བཤད་ག་འདྲ་རྒྱབ་ཀྱང་དོན་དངོས་མི་མང་གི་འཚོ་གནས་ལ་འགན་སྲུང་ཐུབ་པ་ཉིན་སྐར་ཙམ་ལས་མ་འདས་སོ་་།
མཁས་པའི་རྣམ་དཔྱོད་ཤོག་དཀར་སྟེང་དུ་གསལ་།
བླུན་པོའི་འབད་བརྩོན་ས་རྡོའི་གསེབ་ཏུ་ལྷག་།
མཁས་བླུན་འཛོམས་པའི་སྤྱི་ཚོགས་རིག་གནས་ལ་།
ངལ་བས་འབད་ནས་འོད་སྟོང་འཕྲོ་ལ་རེམས་།
རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན།
འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་ཐོབ་མི་འགྱུར།
དེ་ལྟ་བས་ན་གཞན་དག་ཚར་གཅོད་རྗེས་གཟུང་དང་།
བདག་ཉིད་ཀུན་མཁྱེན་བྱ་ཕྱིར་དེ་དང་དེར་བརྩོན་བྱ།།
་
གྲོགས་མཆོག་དཔལ་པདྨ་འབུམ་རྗེས་སུ་མཇལ་བར་ཡིད་སྨོན།
ཆ་ཚང་བཀླགས་ཡིན། ཧ་ལས་པའི་ལེགས་པོ་བརྩམས་འདུག
ཨ་མས་ཕྲུ་གུ་ལ་ཟས་ཟ་ལུགས་དང་། གོས་གོན་ལུགས་ཡན་ཆོད་རང་ལུགས་ལྟར་བསླབ། གཞན་ལུགས་དགག་པ་དེ་ལ་ཡང་ལྟ་གྲུབ་ཅེས་བརྗོད་མཁན་མཆིས་ན། རིག་གནས་ཞེས་པའང་གཙོ་བོ་ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཡོད་དོ་ཅོག་འཚོ་བའི་ཐབས་ལམ་ཞིག་ལ་ངོས་འཛིན་ན་མི་འགྲིགས་པ་གང་ཡོད། རིགས་གནས་ཡིན་ན་རྒྱུ་མཚན་དང་གཏན་ཚིགས་གཅིག་པུ་མ་ཡིན་པར་མིའི་རིགས་དང་། དུད་འགྲོའི་རིགས་དང་། དངོས་པོའི་རིགས་ཡུན་དུ་གནས་པའི་ཐབས་ཤིག་ལ་འགྲེལ་ནའང་འགྲིགས་པར་སེམས།
གོང་དཔྱོད་བརྗོད་དེ་རིང་དྲག་པ་དང་། ང་ལེ་ལོ་ཆེ་དྲག་པ་གཉིས་འཐབ་སྟེ་མགོ་ན་སོང་་་་་་་ཧཧཧཧ
དཔྱད་བརྗོད་་་་་་
བོད་ཡིག་གི་རིག་གནས་ཞེས་པའི་ཐ་སྙད་འདི་བྱུང་ནས་ལོ་ངོ་སྟོང་ཕྲག་གཅིག་ཡས་མས་ཤིག་སོང་ཡོད། རིག་གནས་ལ་གོང་གསལ་གྱི་གོ་དོན་གསར་པ་དེ་དག་ཞུགས་ནས་ལོ་ངོ་དྲུག་ཅུ་ལྷག་ཙམ་ལས་སོང་མེད། ཡིན་ན་ཡང་དེང་སང་གོ་དོན་ཕྱི་མའི་སྟེང་ལ་རིག་གནས་ཞེས་པའི་ཐ་སྙད་འདི་བཀོལ་བ་ཇེ་མང་དུ་འགྲོ་བཞིན་ཡོད།
ལོ་གཅིག་སྟོང་སྔོན་དུ་རིག་གནས་ཞེས་པའི་ཚིག་དུམ་འདི་བྱུང་མེད་པའི་ཁུངས་གང་ཡོད།
རྩེད་མཚར་གྱི་ཚུལ་དུ་ཆུ་ཟོམ་རྒྱབ་ལ་བསླངས་ནས་ཁུར་བ་ཨ་མདོའི་ཐུན་མིན་གྱི་རིག་གནས་རེད་ཟེར། ངའི་ཨ་མ་རྒན་མོའི་རྟག་པར་དེ་འདྲས་ཁུར་ན། ཁོ་མོ་ནི་ཁམས་པའི་འབྲོག་རྒན་མ་ཞིག་ལས། ཨ་མདོ་ཡིན་རབ་མེད། ༼སྲོལ་རྒྱུན་གྱི་ཨ་མདོའི་འཐུང་ཆུ་ལེན་སྣོད་ནི་ཤིང་གི་ཟོ་བ་ཡིན། དེ་རྒྱབ་ལ་འཁུར་སྟངས་ཀྱང་ཐུན་མོང་མ་ཡིན་པ་ཞིག་ཡོད། ཟོ་སྟོང་ལུས་རྒྱབ་ལ་སྦྱར་ནས་འཁུར་ལ། ཆུས་གང་བའི་ཟོ་བ་ལུས་རྒྱབ་ལ་བསླངས་ནས་ཁུར། ཤིང་ཟོ་དང་འཁུར་སྟངས་དེ་མཐོང་བ་ཙམ་གྱིས་དེ་ནི་ཨ་མདོའི་འཐུང་ཆུ་ལེན་བྱེད་དང་ལེན་སྟངས་ཡིན་པ་ཤེས། དེ་དུས་ང་ཚོས་ཨ་མདོའི་རིག་གནས་ཤིག་ངོས་ཟིན་པ་ཡིན། དེ་ནི་ང་ཚོའི་མཐོང་ལམ་དུ་མངོན་པའི་ཆུ་འཁུར་ནས་འགྲོ་བའི་གནས་སྐབས་དེ་ཡིན། དེའི་རྒྱབ་ལོགས་ན་ད་དུང་ཆུ་ཟོ་ཇི་ལྟར་བཟོ་བའི་ལག་རྩལ་གྱི་རིག་གནས་ཆ་ཚང་ཞིག་ཀྱང་ཡོད། ཆུ་སྣོད་དང་ཆུ་འཁུར་སྟངས་ཀྱི་ཐད་ནས་ཐུན་མོང་མ་ཡིན་པའི་རིག་གནས་ཤིག་མངོན་པ་མ་ཟད། འཐུང་ཆུ་ལེན་པའི་རྒྱུད་རིམ་དེའི་ནང་ལ་ཡུལ་ཁམས་དེའི་བསམ་བློ་གཏོང་གཏོང་སྟངས་ཐུན་མོང་མ་ཡིན་པ་ཡང་ཐིམ་ཡོད།༽ ཧཧཧཧཧཧཧཧཧཧཧཧཧཧཧཧརྩེད་མོ་ཡིན། པད་འབུམ་ལོ་ལོ།།
མཁས་དབང་པདྨ་ལགས་ཀྱིས་རིག་གནས་སྲུང་སྐྱོབ་སྐོར་གྱི་བརྩམས་ཆོས་འདི་ཤིན་ཏུ་ལེགས་པོ་ཞིག་སྤེལ་འདུག ཐེངས་གཉིས་བཀླགས་ཀྱང་ངལ་བ་གང་ཡང་མ་བྱུང་ཁར་སྤྲོ་སེམས་རབ་ཏུ་འཁོལ། དམིགས་བསལ་ཐུགས་རྗེ་ཆེ་ཞུ་བ་དང་ཆབ་ཅིག་ཡི་རངས་བླ་མེད་ཡོད། ཁྱེད་ནི་བོད་རིགས་ཤེས་ལྡན་མཁས་དབང་། དོན་དམ་པར་བོད་ཀྱི་སྐད་ཡིག་དང་རིག་གནས་ལ་ནམ་ཡང་དོ་འཁུར་ཤ་ཚ་ཡོད་མཁན་དང་བསམ་བློ་ཡར་ཐོན་པ་ཞིག་ཡིན་པར་ངོས་ནས་གདེང་འཇོག་གུས་བཀུར་ཡོད། བཀའ་དྲིན་ཆེ། །
འགལ་བ་མང་པོ་ཞིག་ངོ་སྤྲོད་བྱས་པ་དེ་དག་ཧ་ཅང་གནད་འགག་ཅན་ཆགས་འདུག དེང་སང་རིག་གནས་གསར་རྙིང་བར་གནས་བ་བྱེད་འདོད་མང་པོ་ཞིག་ལ་བསམ་བློའི་སྟེང་འགལ་བ་མང་པོ་ཞིག་ཡོང་བསྡད་པ་དེ་ཚོ་ཡང་འཚོལ་ཐབས་འགྱུར་ལྡོག་གྱི་གནད་དོན་དང་འབྲེལ་བ་ཡོད་པ་ཤ་སྟག་རེད། བོད་པའི་སྐད་ཡིག་དང་ཆོས་ལུགས་སྲུང་སྐྱོབ་བྱས་ན་འགྲིག་ས་རེད། དེ་མིན་ཁ་རྒྱབ་ལྟོས་གོས་ཚང་མ་དེང་རབས་ཅན་བྱེད་དགོས་འདུག