མགར་རྡོར།
གང་ཡང་ཚད་མས་གཞལ་བའི་འཇིག་རྟེན་ན།།
བདེན་བདེན་འདྲ་བའི་གནས་ལུགས་མང་མོད་ཀྱང་།།
གནད་ལ་ཁེལ་དུས་རང་གི་གྲིབ་མ་ལས།།
ཡིབ་པའི་ས་ཞིག་རྙེད་གི་མེད་ཚོད་འདྲ།།
དགེ་སྦྱང་མགོ་རག་སྟོན་པ་གོའུ་ཏོམ་གྱི།།
རྗེས་འཇུག་ཡིན་སྐད་ཀླུ་སྒྲུབ་ཡབ་སྲས་སོགས།།
ནང་པའི་མཁན་པོ་གསེར་གྱི་རི་འདྲ་ཚོས།།
ཡང་དག་གནས་ལུགས་རིག་པས་འདི་ལྟར་འཚོལ།།
ཆོས་ལ་ཀུན་རྫོབ་དོན་དམ་གཉིས་སུ་དབྱེ།།
དོན་དམ་སྟོང་ཉིད་ཀུན་རྫོབ་སྣང་བར་བསྙད།།
ཀུན་རྫོབ་སྣང་བར་སྒྲུབ་བྱེད་སྟོང་པ་ཉིད།།
དོན་དམ་སྟོང་ཉིད་འཚོལ་བྱེད་ཀུན་རྫོབ་ཆོས།།
“དཔྱད་པ་མཐའ་ལ་ཐུག་ནས་མེད་དམ་སྙམ།།
ལག་པ་ཁབ་ལ་འཕྲད་ནས་ཡོད་དམ།།”
ཀུན་རྫོབ་མ་ཐུབ་དོན་དམ་རྒྱབ་རྩར་དྲུད།།
དོན་དམ་མ་ཟིན་ཀུན་རྫོབ་རྐུབ་ནས་ཤོར།།
ཟབ་མོ་དོན་དམ་ནམ་མཁའི་དབྱིངས་ལ་བཞེད།།
ནམ་མཁར་ཚོར་རེག་མེད་པས་ཐང་རེ་ཆད།།
ངེས་མེད་ཀུན་རྫོབ་སྒྱུ་མའི་སྣང་བར་འདོད།།
སྣང་བ་མངོན་སུམ་མཐོང་བས་ཡ་རེ་མཚན།།
ཡབ་ཆེན་ཚད་མ་ཡིན་ཞེས་བུ་ཡིས་བསྟོད།།
བུ་ཆུང་གླེན་པ་རེད་ཅེས་ཕ་ཡིས་སྨད།།
ཡབ་ཆེན་རང་ཚུགས་མ་ཐུབ་བུ་ལ་ཁེན།།
བུ་ཆུང་རང་མགོ་མ་ཐོན་ཡབ་ལ་འབྱར།།
རྫུན་གྱི་ཆུང་མ་བདེན་པའི་ཁྱོ་ཡིས་བསུས།།
བདེན་པའི་བུ་ཆུང་རྫུན་གྱི་མངལ་ལས་འཁྲུངས།།
ཕ་མ་བུ་ཚས་སྦྲེལ་བའི་གནས་ལུགས་འདི།།
ཨ་ཁུ་ཀླུ་སྒྲུབ་ཚང་གི་ཉལ་ས་རེད།།
རྟེན་འབྲེལ་རིག་པ་ཤར་ནུབ་ཀུན་གྱིས་བཞེད།།
རྒྱུ་འབྲས་ཙམ་ཞིག་ཆོས་ལུགས་སྡེབ་པོས་འདོད།།
ལྟ་བའི་རྒྱལ་བོ་རང་བྱུང་ཆོས་ཉིད་དང་།།
ཀུན་རྫོབ་དོན་དམ་ཡིན་པ་ཁོ་བོའི་ལུགས།།
རྒྱུ་དང་རྐྱེན་གྱི་མྱུར་བགྲོད་གཞུང་ལམ་སྟེང་།།
རྒྱུ་དང་རྐྱེན་ཞེས་ཚང་མས་འུར་མོད་ཀྱང་།།
རྒྱུ་དང་རྐྱེན་དེ་རང་རང་ཁེན་ས་ལས།།
རྒྱུ་རྐྱེན་དོན་ལ་རྙེད་མཁན་ངས་མ་མཐོང་།།
རྒྱུ་ལ་བརྟེན་ནས་བྱུང་བས་རྟེན་འབྲེལ་ཞེས།།
ཞྭ་སེར་མཁན་པོས་མགོ་བོ་དགྱེ་དགྱེ་བྱེད།།
རྟེན་དང་བརྟེན་པ་སྤྲོས་མཐའ་བྲལ་ལོ་ཞེས།།
མི་ཕམ་བླ་མས་ངར་ངར་རྫིག་རྫིག་བྱེད།།
ལྟོས་ནས་བཅས་པས་ལྟོས་བཅས་རིག་པ་ཞེས།།
ཡོ་རོབ་སི་ཏན་མཁན་པོས་འཇིགས་འཇིགས་བྱེད།།
གཅིག་ལས་སྣ་མང་འཕེལ་བས་འཕེལ་འགྱུར་ཞེས།།
ཏྭར་ཝན་རྒན་པོས་སྐེ་ཐི་རིང་རིང་བྱེད།།
རྒྱུ་དང་རྐྱེན་དེ་ལྟ་བ་ཀུན་པོའི་ལམ།།
ལམ་གྱི་སྣེ་མོར་རྒྱུ་དང་རྐྱེན་དེ་མེད།།
རང་བྱུང་ཆོས་ཀྱི་གཤིས་ཀྱིས་བཀོད་པ་འདི།།
ལམ་གྱི་སྣེ་མོར་འགྲེངས་པའི་གནས་ལུགས་ཡིན།།
ཆོས་ཀྱི་གཤིས་ལ་ཀུན་རྫོབ་དོན་དམ་མེད།།
རྒྱུ་དང་རྐྱེན་ཡང་ལམ་གྱི་བདེན་པ་ཙམ།།
གང་ཞིག་དངོས་པོའི་གཤིས་ལ་ཉེ་བ་དེ།།
བདག་གི་ལྟ་བ་རང་བྱུང་ཆོས་ཉིད་ཡིན།།
འབྲས་བུ་རྒྱུ་ལས་བྱུང་ཞེས་ཕ་ཡིས་བཤད།
རྒྱུ་ཡང་འབྲས་བུ་ཡིན་ཞེས་བུ་ཡིས་བསྒྲུབ།།
ཐོག་མའི་རྒྱུ་དེ་ཡར་ཡར་འཚོལ་བའི་ཚེ།
རྙེད་ཐབས་མེད་དུས་ཐོག་མར་མེད་ཅེས་བཤད།།
བུ་མོ་མ་ལས་བྱུང་ཞེས་ཕ་ཡིས་བཤད།
མ་ཡང་བུ་མོ་ཡིན་ཞེས་བུ་ཡིས་བསྒྲུབ།
ཐོག་མའི་མ་དེ་ཡར་ཡར་འཚོལ་བའི་ཚེ།
རྨོ་རྨོ་དེ་ལ་ཐོག་མར་མེད་ཅེས་བཤད།།
ཐོག་མར་མེད་པའི་སྐྱེ་བ་ཕ་ཡིས་འདོད།
མཐའ་མ་ཡོད་པའི་སྐྱེ་བ་བུ་ཡིས་བསྒྲུབ།
ཐོག་མར་མེད་པའི་མཐའ་མར་ཡོད་སོང་ན།
རྟེན་དང་འབྲེལ་བའི་རྣམ་བཞག་ཇི་ལྟར་འཇོག
ཨ་ཁུ་ས་དིང་བྷ་བྷ་རྫུན་ལ་མཁས།
རྫུན་གྱི་ཁུག་མ་རེ་ལ་ཨི་ཁུང་རེ།
ཚ་བོ་མགོ་རིལ་འདི་ཚོ་ཚེམ་བུ་མཁས།
རྫུན་གྱི་ཨི་ཁུང་རེ་ལ་ལྷན་པ་རེ།་་་་་ཧཧཧཧ
གང་ཞིག་དངོས་པོའི་གཤིས་ལ་ཉེ་བ་དེ།།
བདག་གི་ལྟ་བ་་་རང་བྱུང་་་ཆོས་ཉིད་ཡིན།།
འདི་ཡག་པོ་གསུངས་འདུག ། ཡིན་ནའང།
རང་འབྱུང་ཆོས་ཉིད་་་ཅེས་བྲིས་ན་་་དངོས་པོའི་་་གཤིས་་་ལ་ཉེ་བ་དེའི་གོ་དོན་ཡོངས་རྫོགས་ཚང་བ་ལྟ་བུར་བདག་གིས་སེམས། ། དཔྱད་པར་འཚལ་ལོ། །
རྫུན་པ་ཡོད་པས་ཀུན་རྫོབ་གྲུབ། །
བདེན་པ་ཡོད་པས་བདེན་གཉིས་ཐད། །
གཉིས་ཀ་ཡོད་པས་སངས་རྒྱས་གསུངས། །
བདེན་གཉིས་བཀྲལ་བས་ཀླུ་སྒྲུབ་རྒྱལ། །
༄༅། ཕུན་ཚོགས་དགེ་ལེགས་བྱེ་བའི་བསྐྲུན་པའི་སྐུ།།
མཐའ་ཡས་འགྲོ་བའི་རེ་བ་བསྐོང་བའི་གསུང།།
མ་ལུས་ཤེས་བྱ་ཇི་བཞིན་གཟིགས་པའི་ཐུགས།།
ཞི་བདེའི་དེད་དཔོན་བསྟན་འཛིན་རྒྱ་མཚོར་འདུད།།