བོད་འབྱོར།
དེ་རིང་། ཆར་བ་ཟམ་ཟིམ་དུ་བབས་ཤིང་བར་སྣང་སྤྲིན་ནག་གིས་བཀང་། སྟོད་སྟོད་ལ་སྨུག་པ་འཐིབས་ན། ཚོད་ཚོད་ལ་འབྲོང་མོ་དྲན་གི་ཟེར་བ་བཞིན། སྟོད་སྟོད་ལ་སྨུག་པ་འཐིབས་ན། ཚོད་ཚོད་ལ་ཁྱོད་རང་དྲན་གི།
བར་ཐག་གིས་ཆོད་པའི་འུ་གཉིས་ཨུ་ཚུགས་ཆེ་བ་ལ་ཨང་།
ཡིན་ནའང་། རང་རང་གི་སེམས་ལ་བསྙེག་ས་ཞིག་དང་སྤྲོ་ས་ཞིག བརྗོད་དུ་མེད་པའི་སྡུག་བསྔལ་གྱི་ཕུང་པོ་ཞིག་ཅིས་ཀྱང་འདུག་ངེས།
ཉིན་འགའི་སྔོན་ལ་ང་རང་ཡུམ་བུ་བླ་སྒང་དུ་ཕྱིན་ཅིང་། སྒང་དེ་ནས་འོག་གི་སྨོན་གྲོང་ཚོ་ལ་རྒྱང་ལྟ་བྱེད་སྐབས། གཉའ་ཁྲི་བཙན་པོས་དབུ་བྲང་ཁར་སྨད་དེ་”ཡར་ཡོགས་མཁར་དུ་ནྀ་མ་གཤེགས། གངས་རྀ་བྱུན་ཀོར་གྱྀ་བདག་པོ་ནྀ་ང་། མྱྀ་ཚེ་ནྀ་འཕྱང་བ་སྟག་རྩེ་ན་བཞུགས་བཞུགས་པ་ལས། འུང་གི་རྗེས་ལ་རྒས་ཏེ་འདིར་ཉྀ་མ་འདེར་ན། གནམ་མཐའ་འོག་གྀ་ནྀ་བདེ་ཞིང་སྐྱྀད།”ཅེས་པ་ལ། ངས”འོ་ན། བཙན་པོ་ལགས། ཁྱེད་འདིར་བཞུགས་པ་རེད་ཅེས་བོད་མིའི་ཁྲོད་ས་ཁྱབ་རྡོ་ཁྱབ་དང་འཛམ་བུའི་གླིང་ཀུན་ཏུའང་གྲགས་པས། ཁོ་ཚོས་ཁྱེད་ཀྱི་གསུངས་པ་དང་དུ་ལེན་མི་སྲིད།”ཅེས་ཁོང་ལ་ལན་ཞུས་པ་ན། ཁོང་གི་རྒས་པའི་གཉེར་མ་རྣམས་སྔར་ལས་མདུད་པ་བརྒྱབ་ཅིང་དབུགས་རིང་ཞིག་འཐེན་རྗེས”བུ་ལགས། མཁར་དུ་ནྀ་དམའ། ཀུ་ལ་ནྀ་དོག་པ་ན། མགོ་ནག་གྀ་བོད་མི། ལྡེའུ་སྤུ་རྒྱལ་ནྀ་ཚུད་རེ “ཞེས་པ་ན། ངས་ཁོང་གི་ཞལ་ལ་གསལ་བོ་ཞིག་བལྟས་ཏེ་ཅི་ཞིག་ཧ་གོ་སོང་ཁུལ་གྱིས་གུས་འདུད་ཅིག་བྱས་རྗེས། ཕྱིར་ལྟ་དང་བཅས་ཀྱག་ཀྱོག་གི་རྡོ་སྐས་ལས་བབས་ཏེ་སྔར་གནས་སུ་སླེབས་པ་ཡིན།
སྐབས་དེའི་སེམས་ཁམས་ནི་དྭངས་རྙོག་གང་མང་བསྲེས་པར་སྐད་ཆས་ཀྱང་བརྗོད་དཀའ་བར་གྱུར། ཕྱིར་ལོག་གི་ལམ་དུ་སེམས་ཀྱི་རྒྱལ་མོ་སྔར་བཞིན་ཁོང་དང་ལྷན་དུ་ཁ་བརྡ་བྱེད་པའི་སྒང་དེར་ལུས།
ང་ཚོའི་ལོ་རྒྱུས་ནི་ཨུ་ཚུགས་ཀྱི་གནས་སུ་གྱར། དེ་ནི་འུ་གཉིས་ཀྱི་བརྩེ་དུང་ལྟ་བུར་གྱུར།
སེམས་སུ་སྤྱི་བསྡོམས་རེ་བྱེད་པའི་མོད་ལ་ངས་སུ་ལའང་ལེ་བདའ་བྱེད་མི་འདོད་དེ། སུ་ལའང་སོ་སོར་དབང་བའི་ལས་བསྐོས་ཀྱི་འཚོ་བ་ཞིག་ཡོད་སྲིད་སྙམ།
བར་སྐབས་མང་པོ་ཞིག་ལ་ངས་འདི་ལྟར་བསམས་ཏེ། ཉིན་རྒྱུན་མཉམ་བཟའ་མཉམ་འཐུང་གི་ཟླ་བོར་མི་འགྱུར་ཡང་། ཁྱོད་དང་ངའི་བརྩེ་བར་བརྩམས་ཆོས་ཀྱི་བྱིས་པ་ཞིག་དང་། འུ་གཉིས་ཀྱི་བྲང་གཞུང་དུ་ལྷུང་ལྷུང་གི་ཆུ་ཕྲན་ཞིག་ཅིག་ཅར་དུ་བཞུར་བར་ཆེས་ཆེར་རེ། དེ་དུས་འུ་གཉིས་ལའང་བརྩེ་བ་ལས་འཁྲུངས་པའི་དུངས་པ་ཞིག་དང་དེ་ལས་འཁྲུངས་པའི་མཉམ་འུར་ཞིག་ཅི་ལ་མེད།
དེ་དུས་ཀྱི་བརྩེ་བ་དང་དེ་དུས་ཀྱི་འུ་གཉིས་ནི་ཐབས་དང་ཤེས་རབ་ཀྱི་དཔང་པོ་མ་ཡིན་ནམ། དཔང་པོ་དེ་མི་ཡུལ་ལ་བཞག་པའི་ལེགས་སྐྱེས་དོད་པོ་ཞིག་མ་ཡིན་ནམ།
མདོར་ན། ང་ཁྱོད་ཀྱི་སེམས་པ་དང་ཉེ་བར་བཅར་ཆེད་སྙན་ངག་བསླབ། ཁྱོད་ཀྱི་གཤིས་ཀ་དང་གཅིག་ཏུ་འདྲེས་ཆེད་ལྷིང་འཇགས་དང་སོས་དལ་བག་ཕེབས་ཀྱི་འཚོ་བར་བསྙེགས། ཁྱོད་ཀྱི་མིག་ཟུང་ལས་འཚེར་བའི་འོད་ཀྱི་དྭངས་མ་དེར་བསྙེགས། ད་དུང་ཁྱོད་ཀྱི་མིག་ཟུང་ལས་འུ་གཉིས་ཀྱི་མ་འོངས་པ་བཙལ།
དྲང་མོར་བཤད་ན། འདི་ནི་ངས་ཁྱོད་ལ་བཅངས་པའི་བརྩེ་བ་ཡིན་ལ་བརྩེ་དུང་ལ་བཟུང་བའི་འགྱུར་མེད་ཀྱི་དན་རྟགས་ཡིན། འདི་ནི་སུ་ལའང་དབེན་པའི་བརྩེ་དུང་གི་སྙན་ངག་ཡིན་ལ། ཚེ་སྲོག་གི་འོད་སྣེར་འཕྲོས་པའི་བརྩེ་བའི་ཐིགས་པ་ཡིན།
ཡང་གཞན་ཞིག་ནས་བཤད་ན། འདི་ནི་བྲེལ་འཚུབ་དང་ཟང་ཟིང་གི་རིགས་ལ་ཁ་གྱེས་སྟངས་ཤིག་ཡིན་ལ། འཚོ་བ་འདི་བག་མར་སྟེར་སྟངས་ཤིག་ཀྱང་ཡིན།
༢༠༡༧ལོའི་སྤྱི་ཟླ་༥པའི་ཚེས་༤ཉིན་སྦྱར།
༢༠༡༧ལོའི་ཟླ༧པའི་ཚེས་༡༨ཉིན་བསྐྱར་དུ་བཅོས།