ཨེ་མ་ཧོ།
ཕྱོགས་དུས་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ།།
དཔལ་ལྡན་རྫོགས་པའི་སངས་རྒྱས་པདྨ་སྐྱེས།།
འཇམ་དཔལ་ཡིད་བཞིན་ནོར་བུ་གསོལ་བ་འདེབས།།
བཀྲ་ཤིས་དོན་ཀུན་འགྲུབ་པར་བྱིན་གྱིས་རློབས།།
དེ་ཡང་གནའ་བོའི་སྤྱི་ཚོགས་ཀྱི་འཚོ་བའི་ཁྲོད་ཀྱི་དངོས་ཡོད་གནས་ཚུལ་དང་། སྐྱེས་བུ་ཁྱད་པར་བ། རིགས་རྒྱུད་གི་ཁྱད་ཆོས་སོགས་དཔེ་དང་སྦྱར་ནས་དམངས་ཁྲོད་ངག་རྒྱུན་གྱི་སྒྱུ་རྩལ་ཁྱད་འཕགས་ཕུན་སུམ་ཚོགས་པས། བརྗོད་བྱའི་དོན་དེ་ཉིད་ཚིགས་བཅད་སོགས་ཀྱི་ལམ་ནས་འཚོན་པར་བྱེད་དེ། དཔེར་ན། གླིང་སྒྲུང་ཁག་ཏུ་ལྡོང་འབུམ་པ་རྒྱ་ཚའི་སྐོར་ལ། གླིང་སྒྲུང་ལས། ཕྱི་དགྲ་བོ་རྡུང་བའི་ཐོ་བ་དང་། ནང་ཕུ་ནུ་སྐྱོང་བའི་ཕ་མ་ཡིན།། ཞེས་དང་། བློན་ཆེན་འདན་མ་ལ། ཤ་རྩ་སྔོ་ལ་མིག་རྩ་དམར། མདའ་ཉག་ཕྲན་གནམ་ལྕགས་ཐོག་གི་སྤུན། སྡང་དགྲ་བོས་འདན་མ་འདོད་ལེ་མིན། བློན་འདན་མ་མདའ་ཁ་ཚ་ཞོར་རེད། ཕ་ཨ་ཁུས་འདན་མ་འདོད་ལེ་རེད། བློན་འདན་མ་གྲོས་ལ་མཁས་ཞོར་རེད། ཅེས་དང་། རྗེ་མི་ལ་རྒས་རྒས་ཆོས་ལ་རྒས། ཆོས་བསྒྲུབས་ནས་མི་ལ་མ་རྒས་ན། ཚེ་གཅིག་ལ་སངས་རྒྱས་ཅི་ལ་ཐོབ། ཅེས་པའི་ཚིགས་བཅད་ཐུང་ངུ་དེ་དག་གིས་གླིང་གི་དཔའ་བོ་རྒྱ་ཚ་དང་། བློན་ཆེན་འདན་མ་བྱང་ཁྲ། དེ་བཞིན་རྗེ་རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པ་ལ་སོགས་པ་རྣམས་ཀྱི་སྣང་བརྙན་གསོན་པོ་ཞིག་ང་ཚོའི་མིག་གི་འདུན་ན་ལམ་ལམ་ངང་འཆར་དུ་འཇུག་གི་ཡོད་པ་ནི་གནའ་དུས་སུ་མི་དང་བྱ་དངོས་སོགས་ལ་འགྲེལ་བཤད་དམ། བསྡོམས་ཚིག་འཇོག་སྟངས་ཐུན་མོངས་མ་ཡིན་པ་ཞིག་ཡིན་ཞིང་། དེ་ནི་ཇི་བཞིན་བརྗོད་པའི་སྐད་ཆ་ལྟ་བུ་ཡིན་པས་ཕལ་ཆེ་བ་བདེན་ཐུབ་ཀྱི་གནས་ལུགས་ཤིག་ཀྱང་ཡིན་ངེས།
སེ་ཁྱུང་དབྲ་ལ་ཡང་གནའ་མི་རྒན་རབས་རྣམས་ཀྱི་ངག་རྒྱུན་དུ། “འགག་དོག་མོ་གསུམ་དེ་དབྲ་ལ་ཐོབ། དབྲ་དཔའ་རྩལ་ཆེ་བ་དེ་ནས་བྱུང་། ཞེས་དང་། <<རྒྱ་བོད་ཡིག་ཚང་ཆེན་མོ་>> སོགས་སུ། “མཐུ་ཆེན་དམ་ཚིག་མ་ཉམས་པ། སེ་ཁྱུང་དབྲ་ཡི་བུ་རྒྱུད་ཡིན།” ཞེས་གསལ་ལ། <<དབུ་ནག་མིའུ་འདྲ་ཆགས་>> ལས། “མཐུ་རྔ་གཤང་གི་སྒྲ་སྐད་མ་ཆད་པ། མི་མཆོག་སྐྱེས་བུ་སེ་ཁྱུང་དབྲ།” ཞེས་ཆེ་བསྟོད་གནང་བ་ནི་སྐབས་དེ་དག་གི་སྤྱི་ཚོགས་ཀྱིས་སེ་ཁྱུང་དབྲ་ཡི་རིགས་ལ་གནང་བའི་བསྡོམས་ཚིག་གཟི་བརྗིད་ལྡན་པ་ཞིག་སྟེ། རྗེས་དྲན་རྡོ་རིང་གི་ངོར་འགོད་འོས་པ་ཞིག་ཅི་ལ་མིན།
དེར་མ་ཟད། <<དབུ་ནག་མིའུ་འདྲ་ཆགས་>> སུ། ཇི་སྐད་ད། སྨུག་ནག་ཟིལ་པ་དེ། སེ་ཁྱུང་དབྲའི་ཡིག་ཚང་ཡིན། ཞེས་པ་ལྟར་ཆེ་དགེ་ཡིག་ཚང་གི་བདག་པོའང་ཡིན་ལ། “དབྲ་བཙུན་རི་རྒྱལ་ལྷུན་པོ་འདྲ། བཀྲག་ནས་སྟག་མོ་ཉལ་བ་འདྲ། མང་ནས་རྩི་ཤིང་ནགས་ཚལ་འདྲ། ཡ་བཟུང་བས་བཟུང་ན་དབྲ་ཆུང་བཙུན། བཙུན་ནས་བཟང་ས་བཟུང་བ་མིན། ས་དྲིན་མི་ལ་ཆེ་བ་མིན། མི་དྲིན་ས་ལ་ཆེ་བ་ཡིན།” ཞེས་གྲགས་པ་ལྟར་སྔ་མོའི་དུས་སུ་བྱོན་པའི་དབྲ་རིགས་མེས་པོ་དེ་དག་གི་མཛད་རྗེས་བཟང་པོ་རྣམས་བགྲངས་བྱ་མང་པོའི་རིང་ལ་གླེང་ཡང་རྫོགས་མི་སྲིད་པར་འདུག་ཀྱང་འདིར་ནི་ཤིན་ཏུ་བསྡུས་ཏེ་བཀོད་པ་ཡིན་ལ། སྐབས་དེ་དག་ཏུ་བྱོན་པའི་མཁས་མཛངས་དཔའ་གསུམ་ཚང་བའི་རླབས་ཆེན་གྱི་སྐྱེས་བུ་ཇི་སྙེད་ཅིག་རུས་མཛོད་ཁག་མང་པོ་ཞིག་གི་ནང་དུ་གསལ་བ་རྣམས་ཀྱིས་མཚན་དང་། མཛད་རྗེས་རེ་རེ་ནས་མ་སྨོས་པར་སྤྱིའི་ཆེ་བ་ཙམ་ཡིག་རྙིང་ཁག་ཏུ་གང་གསལ་བ་རྣམས་ཐད་ཀར་བཀོད་པ་ཙམ་ལགས་སོ།།
ངེས་འབྱུང་རྣལ་མའི་ཐར་བའི་རྒྱལ་མཚན་བསྒྲིངས།།
ཕན་བདེ་ཀུན་འབྱུང་བྱང་ཆུབ་སེམས་ལ་དབང་།།
བདེ་ཆེན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ།།
རྫོགས་ཆེན་བཀའ་གཏེར་བསྟན་པ་རྒྱས་གྱུར་ཅིག།
ཅེས་པ་འདི་ཡང་རབ་གནས་མེ་བྱའི་ཁྱི་ཟླའི་ཡར་ངོའི་ཚེས་པ་བཅུ་ཉིན་དབྲ་རུ་སྨྱུག་རྒོད་སོགས་དབྲ་རྩོམ་གླིང་པས་སྤྱི་ལོ་༢༠༡༧ ཟླ་ ༠༨ ཚེས་ ༣༡ བཟང་པོར།
དཔལ་ལྡན་རྫོགས་པའི་སངས་རྒྱས་པདྨ་འཁྲུངས་།