མི་ཉག་སྐལ་བཟང་།
དང་པོ། སྤྲོ་ཐུང་བར་ཀུ་རེ་མ་བྱེད།
སྤྲོ་ཐུང་བ་ལ་ཀུ་རེ་མ་བྱེད་ཅེས་པའི་དཔེ་ལྟར། སྤྲོ་ཐུང་བའི་མི་ལ་ཁ་མཁས་པ་དང་ཚིག་འཇམ་པོས་ཤ་སྟག་གི་འདུལ་དགོས་པ་ལས། རྩུབ་མོའི་ཚིག་དང་ཀུ་རེ་ཡང་རྩེ་མི་ཉན་པ་བསྟན་ཡོད། ཆོས་དང་འཇིག་རྟེན་གཉིས་ཀའི་ཐད་ནས་བཤད་ན་ཡང་སྤྲོ་ཐུང་བའི་མི་ལ་སེམས་ཀྱི་བདེ་སྐྱིད་ནི་ཉིན་མོའི་སྐར་མ་བཞིན་དང་། ལུས་སེམས་གཉིས་ཀར་བདེ་སྐྱིད་མེད་པར་སྡུག་བསྔལ་དང་སྡུག་བསྔལ་གྱིས་ཁུར་པོ་འཁུར་ཏེ་འགྲོ་བཞིན་ཡོད། ཡང་སྤྲོ་ཐུང་ན་ཚེ་ཐུང་ཞེས། སྤྲོ་ཐུང་བ་དང་ཚེ་ཐུང་བའི་དབར་ལ་འབྲེལ་བ་ཞིག་ཡོད་པ་ནི་ཚན་རིག་གི་བལྟ་སྟངས་ཤིག་ཡིན་པས་སྤྲོ་ཐུང་ན་མི་ཚེ་ཡང་ཐུང་དུ་འགྲོ་གིན་ཡོད་པ་རེད། མིའི་ལུས་སེམས་གཉིས་ཀར་བདེ་སྐྱིད་དང་། སྤྲོ་ཞིང་བག་ཕེབས་པ་ཞིག་ཡོད་ན་རང་གཞན་གཉིས་ཀར་ཕན་པ་དང་། མི་ཚེ་ཡང་རིང་པོར་གནས་རྒྱུ་རེད། ཁོང་ཁྲོ་མེ་ལྟར་འབར་བ་ནི་རང་སྡུག་རང་གི་ཉོས་པ་དང་གཅིག་མཚུངས་ཡིན། ཤིན་ཏུ་ཁྲོ་བའི་སྐབས་སུ་མིའི་ཁྲག་རྒྱུན་གྱི་མ་ལག་རྣམས་དང་འབྲེལ་བ་ཡོད་ཅིང་། སྐབས་རེར་ལུས་ཀྱི་ཁྲག་ཤུགས་སམ་ཁྲག་ཤེད་འཕེལ་འགྲིབ་ཀྱི་དབང་གིས་ཁོང་ཁྲོ་མེ་ལྟར་འབར་བས་ལུས་སྟོབས་ཉམས་རྒུད་དུ་འགྲོ་བཞིན་ཡོད་པས་མི་ཚེ་ཡང་ཇེ་ཐུང་དུ་འགྲོ་བཞིན་ཡོད། ང་དང་ང་འདྲ་བའི་སྤྲོ་ཐུང་བ་ཚོ་ཁོང་ཁྲོ་མ་བསླང་པར་བཟོད་པ་སྒོམས་ཤིག།
གཉིས་པ། སྤྲོ་ཐུང་བར་ཚེ་ཐུང་།
ས་མཐོ་བ་དང་། ས་གྲང་སར་གནས་ཤིང་ཆགས་པའི་མིའི་རིགས་མང་ཆེ་བ་ཧ་ཅང་སྤྲོ་ཐུང་ཞིང་། ལྷག་པར་དུ་ཤ་ཁྲག་ལོངས་སྤྱོད་ལ་ཧ་ཅང་དགའ་བའི་མིའི་རིགས་ཕལ་ཆེ་བ་ནི་སྤྲོ་ཐུང་བ་ཤ་སྟག་རེད། སའི་མཐོ་དམའ་དང་གནམ་གཤིས་ཚ་གྲང་གཉིས་ཀྱིས་མིའི་ལུས་སྟོབས་འཕེལ་རྐྱེན་གྱི་ཟུངས་ཁྲག་དྭངས་མ་དང་འབྲེལ་བ་ནི་གཅིག་ལ་གཅིག་སྦྲེལ་ལྟ་བུ་རེད། སྐབས་རེ་ཁྲག་ཤེད་རྒྱས་པ་དང་། སྐབས་རེ་ཁྲག་ཤེད་ཉམས་པ་སོགས་ཆ་མི་སྙོམ་པའི་ཁྲག་ཤུགས་ལ་བརྟེན་ནས་ཁོང་ཁྲོ་དྲགས་པོ་འབར་ཏེ་སྤྲོ་ཐུང་བར་འགྱུར་བཞིན་པ་རེད། དུས་རྟག་ཏུ་ཤ་ཁྲག་ལོངས་སུ་སྤྱོད་པས་ཁྲག་ཤེད་འཕེལ་འགྲིབ་དང་འབྲེལ་བ་ཡོད་པས་དེ་ལྟར་རང་བཞིན་གྱིས་ཁོང་ཁྲོ་ཚ་པོ་དང་སྤྲོ་ཐུང་བ་ཆགས་ཀྱིན་ཡོད། ཤ་ཁྲག་ལོངས་སྤྱོད་ཅེས་པ་ནི། ཤ་ཡོད་ཀྱི་ཟས་ཐུན་དང་། བོད་དང་སོག་པོ་གཉིས་ཀ་ཧ་ཅང་དགའ་ཞིང་དུང་བའི་གཡག་ཤ་དང་ལུག་ཤ། རྟ་ཤ་དང་གླང་ཤའི་རིགས་ལ་གོ་བ་ཡིན། ལྷག་པར་དུ་བོད་པ་ཚོ་ཤ་རྗེན་པར་ཧ་ཅང་དགའ་བའི་དབང་གིས་སྤྲོ་ཐུང་བ་ཡང་ཡིན། སེམས་ཅན་ཚོར་ལྟོས་དང་། སྟག་དང་གཟིག སྤྱང་ཀི་དང་འཕར་བ་སོགས་ཀྱིས་དུས་དང་རྣམ་པ་ཀུན་དུ་ཤ་དང་ཁྲག་གི་འཚོ་བར་རོལ་བཞིན་པར་བརྟེན་ང་རྒྱལ་ཆེ་ལ་ཧ་ཅང་སྤྲོ་ཐུང་བའི་སེམས་ཅན་གདུག་པ་ཅན་དག་ལ་ཡང་ཁྲག་ཤུགས་ཁོ་ནའི་རྐྱེན་པས་སོ། ས་མཐོ་བ་དང་གྲང་ངར་ཧ་ཅང་ཆེ་སར་གནས་པའི་མི་རིགས་ཚོ་གཟབ་དགོས་པ་ནི་ཚོད་འཛིན་མེད་པའི་ཤ་ཁྲག་ལོངས་སྤྱོད་ལ་འཛེམ་དགོས་པ་དང་། སེམས་ཅན་གྱི་སྲོག་ལ་ཡང་རིན་ཐང་དང་སྙིང་རྗེ་སྒོམ་དགོས།
གསུམ་པ། སྤྲོ་ཐུང་བར་བདེ་སྐྱིད་མེད།
སོག་པོའི་མི་རིགས་རྣམས་ནི་འཛམ་གླིང་ཐོག་ཧ་ཅང་སྤྲོ་ཐུང་བ་ཡོངས་གྲགས་རེད། ཁོང་ཚོའི་ངོ་གདོང་ཧ་ལམ་བོད་རིགས་ཀྱི་ངོ་གདོང་དང་འདྲ་བར་གདོང་དམར་པོ་དང་དམར་ནག་ཅན་འདྲེས་མ་ཡང་ཧ་ཅང་མང་པོ་ཡོད། གྲང་ངར་ཆེ་ཞིང་ཉིན་ལྟར་ཤ་ཁྲག་ལོངས་སུ་སྤྱོད་པས་ལུས་པོའི་ཤ་མདོག་ཀྱང་དམར་མདངས་སུ་འགྱུར་ཡོད། དེར་བརྟེན་ཁོང་ཁྲོ་ཚ་པོ་དང་སྤྲོ་ཐུང་བ་ནི་རྒྱུན་ལྡན་ལྟར་རེད། བོད་ལ་ཆ་མཚོན་ན་ཡང་ས་མཐོ་ཞིང་གྲང་ངར་ཡང་ཧ་ཅང་ཆེ་ལ། བོད་རིགས་ཚོས་ཀྱང་རྒྱུན་ལྡན་ནས་ཤ་ཁྲག་ལོངས་སུ་སྤྱོད་རྒྱུར་ཧ་ཅང་དགའ་པོ་ཡོད། གདོང་དམར་བོད་པ་ཞེས་ང་ཚོ་ང་ཚོར་སྤོབས་པ་སྐྱེས་ཤིང་། གདོང་དམར་བ་ཡིན་པས་ཞི་འཇམ་བ་དང་། བྱམས་དང་སྙིང་རྗེའི་བདག་པོ་ཡིན་བསམ་པ་དྲན་གྱིན་ཡོད། འོན་ཀྱང་ཤ་ཁྲག་ལོངས་སུ་སྤྱོད་བར་ཚོད་འཛིན་མེད་པས་ཁྲག་ཤུགས་ཀྱིས་གདོང་པར་ཁྲག་མང་བའི་དབང་གིས་གདོང་པ་དམར་པོ་ཆགས་པ་སུ་ཞིག་གི་ཡིད་ཆེས་སམ། ལོ་གཅིག་གཉིས་དང་ཟླ་བ་འགའ་ཙམ་ཡང་དཀར་ཟས་ལ་རོལ་དང་། ཁྱེད་ཀྱི་ལུས་སེམས་གཉིས་ཀར་ཞི་བདེ་དང་བདེ་སྐྱིད་ཀྱི་བག་ཆགས་བསྐྲུན་ཐུབ། ཞི་བདེ་དང་བདེ་སྐྱིད་ནི་ཁོང་ཁྲོ་ཞི་བར་བྱེད་པའི་ཟས་ཀྱི་དྭངས་མ་དེ་ཡིན།
བཞི་པ། སྤྲོ་ཐུང་བར་རང་གཞན་གཉིས་ཀ་ཕུང་།
མཁས་པ་བརྒྱ་ལ་ང་མི་སྐྲག། བླུན་པོ་ཅིག་ལ་ང་སྐྲག། ཅེས་པ་ནི་སྤྲོ་ཐུང་བའི་བླུན་པོ་ཚོར་གདམས་པའི་ལེགས་བཤད་ཅིག་ལོས་ཡིན། སྤྱིར་སྤྲོ་ཐུང་བ་ཚོར་སྤྲོ་ཐུང་བའི་རྒྱུ་རྐྱེན་སྣ་མང་ཞིག་ཡོད་རུང་། ས་བབས་མཐོ་དམའ་དང་ཤ་ཁྲག་གི་ཟས་རིགས་ཀྱི་མྱོང་བ་མངོན་སུམ་རེད། ལྷག་པར་དུ་ཤེས་ཡོན་ཏིལ་འབྲུ་ཙམ་མེད་པའི་མི་ཚོ་ཧ་ཅང་སྤྲོ་ཐུང་བ་མ་ཟད། མི་སྐད་བཤད་པ་ཙམ་ལས་གདུག་པ་ཅན་གྱི་གཅན་གཟན་ཚོ་དང་ཁྱད་པར་ཆེན་པོ་མེད། ཉིན་ལྟར་ཁྲོ་བའི་རྣམ་འགྱུར་སྣ་ཚོགས་ཀྱིས་མི་དང་མིའི་དབར་ལ་འཁོན་འཛིན་གྱིས་ང་ཤི་དང་ཁྱོད་ཤི་བའི་འགལ་ཟླའི་འཐབ་རྩོད་ཀྱི་རྒྱུན་རིམ་ཁྲོད་དུ་རང་གཞན་གཉིས་ཀའི་མི་ཚེ་ཕུང་གིན་ཡོད། ཐ་ན་ཁ་ནས་མཎི་འདོན་ཞོར་དང་དཔེ་ཆ་ཀློག་ཞོར་དུ་དུག་སྦྲང་གསོད་མཁན་ཡང་གྲངས་ཀྱི་ག་ལ་ཆོད། མདོར་ན། ལང་ཚོ་ནི་མེ་ཏོག་ལྟ་བུ་ཡིན་ལ། ཚེ་སྲོག་ནི་རིན་པོ་ཆེ་ལྟ་བུ་ཡིན། སྤྲོ་ཐུང་བ་ཚོ། ཁྱོད་ཚོ་དང་ང་ཚོའི་ལང་ཚོ་ལ་མེ་ཏོག་གི་དྲི་བཟང་འཐུལ་བཞིན་ཡོད། ཁྱོད་ཚོ་དང་ང་ཚོའི་ཚེ་སྲོག་ནི་རིན་པོ་ཆེ་ཡིན་ལ། འཇིག་རྟེན་འདི་ཆེ་ཡང་རུང་ཆུང་ཡང་རུང་ང་ཚོ་ཚང་མས་མེ་ཏོག་གི་དྲི་བཟང་འཐུལ་བཞིན་མཉམ་དུ་འཚོ་བ་རོལ་དགོས། སྤྲོ་མ་ལོངས།
སྤྲོ་མ་ཐུང་། ཞི་འཇམ་གྱིས།
ཞེ་མ་སྡང་། བཟོད་སེམས་སྒོམས།
ཁོང་མ་ཁྲོ། བརྩེ་སེམས་སྦྱོངས།
དགྲ་མ་གསོག མཐུན་ལམ་ཟོས།
སྤྲོ་མ་རེད་ཁྲོ་རེད། སྤྲོ་ནི་སྐྱིད་པོའི་དོན་རེད། ཧཧཧཧ
སྤྲོ་མ་རེད། ཁྲོ་རེད།