མཁན་ཆེན་བླ་མ།
ན་མོ་གུ་རུ་བུདྡྷ་ཛྙྰ་པདྨ་ཀ་ར་ཡེ།།
ཀ་དག་རྡོ་རྗེའི་ཐོལ་གླུ་དབྱིངས་ནས་ལེན།།
ཁ་བཤད་སྒྲུབ་པའི་སྙིང་པོ་མངོན་གྱུར་པས།།
ག་ནས་བལྟས་ཀྱང་དག་སྣང་རབ་འབྱམས་ངང་།།
ང་ཡིས་བརྒྱུད་གསུམ་མཇལ་བར་ཞེ་བློ་བདེ། །།
ཅ་ཅོ་དབེན་པའི་གངས་ལྡན་རི་ཁྲོད་ན། །
ཆ་ལུགས་མ་བཅོས་གང་ཤར་གཉུག་མའི་བུ།།
ཇ་ཆང་རོ་སྙོམ་བྱེད་པའི་རྣལ་འབྱོར་པ། །
ཉ་གང་ཟླ་བཞིན་གསལ་བར་ཞེ་བློ་བདེ།།
ཏ་ཐ་ག་ཏྰའི་གསུང་རབ་ཐོས་བསམ་སྒོམ།།
ཐ་དག་སེམས་ལ་གནས་པའི་དོན་རྟོགས་ནས།།
ད་ལྟ་འཆི་ཡང་མི་འཇིགས་དགའ་སྤོབས་སྐྱེས།།
ན་དགའ་ཤི་སྐྱིད་གནས་པར་ཞེ་བློ་བདེ།།
པ་སངས་ལྟར་དཀར་ལྷག་བསམ་དྲི་མེད་ཅན།།
ཕ་མའི་བསྐྱེད་རྫོགས་གཟེར་བཞིས་ཟབ་གནད་ཤེས།།
བ་གླང་སྤྱོད་ཀྱང་ཀུན་བཟང་ཞིང་ཁམས་ཤར།།
མ་དག་བག་ཆགས་མེད་པར་ཞེ་བློ་བདེ།།
ཙཱ་རི་གནས་ཆེན་ལས་ལྷག་རྒྱུ་འགྲིམ་བདེ།།
ཚ་གྲང་དཀའ་སྤྱད་མི་དགོས་འཚོ་གནས་སླ།།
ཛ་ཡའི་བསྟན་པ་ཚུལ་བཞིན་འཛིན་སྐྱོང་སྤེལ།།
ཝ་ལེར་རང་སེམས་གཙང་པར་ཞེ་བློ་བདེ།།
ཞྭ་མོའི་ཐོབ་ཁྱེར་རྩོད་པའི་གཡུལ་ངོ་དབེན།།
ཟ་འདོད་གཡོ་ཁྲམ་བྱེད་སའི་དོ་ར་མེད།།
འ་འུར་རྨོངས་དད་བྲལ་བའི་རི་ཁྲོད་ན།།
ཡ་རབ་མཁན་ཆེན་བླ་མར་ཞེ་བློ་བདེ། །
རྭ་རུ་ནང་རུལ་སོང་བའི་གད་སྙིགས་མེད།།
ལ་རྒྱ་ཁ་ལ་ཁྱེར་བའི་ཁྲེལ་མེད་དབེན།།
ཤ་ཁྲག་འདོད་རྔམས་ཆེ་བའི་དམར་མཆོད་མེད།།
ས་ཐོབ་སེམས་དཔས་གང་བར་ཞེ་བློ་བདེ།།
ཧ་ཅང་དགའ་བའི་ཀུན་བཟང་རིགས་ཀྱི་བུ།།
ཨ་ཏིའི་ཟབ་དོན་མྱོང་བའི་ཨེ་མ་ཧོས།།
ཧ་ཧ་གད་མོ་བརྒྱད་ཀྱི་བརྡ་མགུར་དབྱངས།།
ཨ་མཚར་རྩེད་མོ་མིན་པར་ཐོལ་གྱིས་ཐལ།།
ཨི་ལྡན་རིག་པའི་དོ་ཧ་སྙན་འཇེབས་སྒྲ།།
ཨུ་ཚུགས་མིན་པར་དྲི་མེད་ལྷག་བསམ་ངོར།།
ཨེ་མ་རྟོགས་མགུར་ཞེ་བློ་བདེ་བའི་དབྱངས།།
ཨོ་རྒྱན་རིག་འཛིན་དགྱེས་པའི་དཔལ་དུ་འབུལ།།
༦་༨་༢༠༡༧་ཤྲྰིས་སོ།།
ཀ་ར་ཀུ་ཤུའི་རོ་མངར་ཀུན་རྫོབ་མྱོངས། །
ཀི་ཤའི་དོན་དམ་སྟོང་ཉིད་ཀི་སྒྲ་སྒྲོགས། །
ཀུ་ཤུ་སྟེར་འདོད་ཀུན་ཕན་བྱང་སེམས་སྦྱོངས། །
ཀེ་དང་ཀྭ་སྒྲའི་བོད་ཡིག་བོད་སྐད་སློབས། །
ཀོ་ལོང་དཀྲུགས་སེམས་ད་ནས་རིང་དུ་དོར། །
༧་ཏ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གིས་གོ་སྒྲིག་འོག་རྒྱལ་ཡོངས་བགྲོ་གླེང་ཚོགས་འདུས་སྡུད་སྐོང་གནང་བའི་སྐོར་དང་། དེ་ལས་འཕྲོས་ཏེ་བརྗོད་གཞི་དམིགས་བསལ་བ་རེ་བདམས་ཏེ་དཔྱད་རྩོམ་སྒྲོག་སྦྱངས་དང་། མཁས་མྱོང་ཅན་གང་མང་གིས་གཏམ་བཤད་གནང་སྟེ་བོད་ཀྱི་གནས་བབ་ཅི་ཞིག་ལ་སླེབས་ཡོད་མེད་གསལ་བརྗོད་དང་དྲན་སྐུལ་གནང་བ་ཆེས་རིན་ཐང་ཅན་ཞིག་རེད།
དོན་གནད་གཞན་ཞིག་གམ་གླེང་གཞི་གཙོ་བོ།
ད་ཐེངས་མ་གཏོགས་༧གོང་ས་མཆོག་གི་མཚན་གནས་རྗེས་འབྲེལ་གྱི་མཐོ་སློབ་ཁང་དེ་མཐོང་མ་མྱོང་།
ཕྱིར་བལྟས་ལ་མཐོ་སློབ་ཁང་གཟི་ཉམས་དོད་པོ་ཞིག་ཏུ་འཁུམས། ནང་གནད་ལྟ་རྒྱུའི་བསྐལ་བ་བྱུང་མ་སོང་།
མཐོ་སློབ་ཁང་ནི་རྡོ་གཅལ་ཅུང་མཐོ་བོ་ཞིག་གི་ཐོག་ཏུ་འཛུགས་སྐྲུན་བྱས་པར་སྣང་། ༧གོང་ས་མཆོག་གི་མཚན་དེ་བཞིན་རྡོ་གཅལ་གྱི་ངོས་སུ་བྲིས་བཀོད་གནང་འདུག་པར་ཡ་མཚན་སྐྱེས་སོང་། ཁོང་གི་མཚན་ཁང་བརྩེགས་མཐོ་བོ་དེའི་རྩེ་རུ་འབྲི་འགོད་མི་གནང་བར་རྡོ་གཅལ་གྱི་ངོས་སུ་བྲིས་བཀོད་གནང་བ་དེར་རྒྱུ་མཚན་ཅི་ཞིག་ཡོད་དམ།
རྒྱུན་གཏན་འཚོ་བོའི་ནང་༧གོང་ས་མཆོག་གི་མཚན་དང་སྐུ་པར་བཅས་ལ་འགོམ་ཡུག་ཤོར་ཉེན་ཆེས་གཟབ་མོད། འོན་ཏེ། མཐོ་རིམ་སློབ་གཉེར་ཁང་འདིའི་འགན་ལས་རྣམས་ལ་འགོམ་ཡུག་ཤོར་ཉེན་གཟབ་སེམས་མེད་པ་ཅི་འདྲའི་ཡ་མཚན་པ་ཞིག་གོ། ཁྱེད་ཅག་འགན་ལས་སློབ་གསུམ་གཙོས་ཕྱོགས་མཐའ་ནས་ཕེབས་པའི་སློབ་གཉེར་བ་དང་། ལྟ་སྐོར་བ་བཅས་ཀྱི་རྐང་འོག་ཏུ་མཆིས་པའི་མི་གཙང་བའི་ཐལ་རྡུལ་ཡོད་ཚད་རྡོ་གཅལ་གྱི་ངོས་སུ་གསལ་བའི་༧ཁོང་གི་མཚན་སྙན་དེ་འགོམ་སུབ་གཏོང་གྲབས་འདུག
ང་ཚོར་༧གོང་ས་མཆོག་ལ་ཁ་ཞེ་གཉིས་མེད་ཀྱི་དད་པ་རྣམ་དག་ཅིག་ཡོད་ན། ང་ཚོས་སེམས་གཏིང་ནས་ཁོང་འདི་ཕྱི་གཉིས་ཀྱི་མགོན་སྐྱབས་དམ་པར་བསམས་ན། སྤྱན་རས་གཟིགས་མིའི་གར་གྱི་རྣམ་པར་རོལ་བར་ཡིད་ཆེས་ན། འཆི་ལ་ཐུག་དུས་ཁོང་ཡིད་ལ་དྲན་འདོད་ན། ཕྱི་མར་ངན་སོང་ལས་གྲོལ་ཏེ་སླར་ཡང་ཁོང་གི་གདུལ་བྱར་འགྱུར་བསམ་ན། ༧མགོན་པོ་གང་ཉིད་ཀྱི་ཞབས་རྡུལ་ཙམ་ལ་ཡང་གང་ཐུབ་ཀྱིས་མི་འགོམ་པའི་ལས་ལ་འབད་རྒྱུ་འདི་ཕྱི་མའི་ལུས་རྟེན་ལ་འབྲེལ་བ་གཏིང་ཟབ་ཅིག་ཡོད་པ་ལས་རྒྱུ་འབྲས་ལ་གོ་བ་ཆགས་ཡོད་ན་ཤེས་གསལ་རེད།
༄༅། གངས་ཅན་སྐད་ཡིག་ལེགས་ཤིང་ཕྱུག་ཞིང་ཕྱུག།
མཁན་ཆེན་བླ་མའི་བཀའ་རྕོམ་ལེགས་ཤིང་བསྟོད།
ཁྱེད་ལ་ཡོད་པའི་བོད་ཡིག་མཚན་ལྡན་ཞིག།
བུ་ཆུང་ང་ལ་ཡོད་ན་སྐྱིད་ཅིང་སྐྱིད།
མ་བརྗེད་མ་བརྗེད་རྒྱུན་དུ་རྩོམ་རོགས་གནང།
ཁྱེད་ཀྱི་རྩོམ་ཡིག་ང་ལ་ཕན་ཞིང་ཕན།།
༄༅། ཚུར་ལ་སྡང་མིག་བལྟས་ཀྱང་། ཕར་ལ་འཛུམ་གྱི་བསུ་ཞིང།
ཚུར་ལ་གནོད་སེམས་འཆང་ཡང། གནོད་ལ་ཕན་སེམས་ལྡན་པ།
གླིང་འདིའི་མི་རིགས་ཡོངས་ལ། ཞི་བདེའི་ལམ་སྟོན་མཛད་མཁན།
༧སྐྱབས་མགོན་ཡིད་བཞིན་ནོར་བུ། སྐུ་ཚེ་ཡུན་དུ་བརྟན་རོགས།
རྩོམ་གྱི་དུས་རབས་འཛམ་གླིང་དུས་ཚོད་མང་།
རྩོམ་ཡིག་སྙན་པོ་ཀློག་མཁན་སྣང་བ་སྐྱིད་།
རྩོམ་པ་པོ་ཡིའི་ངལ་བ་དཱངས་དུ་བླངས་།
རྩོམ་རྩལ་རིག་པའི་ཤེས་བྱར་མཐའ་མེད་དོ་།