གསལ་ལེ་རྒྱལ།
ངས་སྙན་ངག་ནི་སུ་ཞིག་གིས་ཡི་གེ་བསྒྲིགས་ནས་བཟོས་པ་རེད་འདོད་མྱོང་། རི་བོ་འབིགས་བྱེད་དང་རི་བོ་མ་ལ་ཡ། མེ་ཏོག་ཨུ་ཏམ་ཝ་ར་དང་ཆུ་མོ་གངྒ། ལྷ་དང་ལྷ་ཡུལ། ད་དུང་ཚེ་ཕྱི་མ་དང་དམྱལ་བ་སོགས། རང་གིས་དངོས་སུ་མཐོང་མ་མྱོང་ཞིང་བློ་ངོར་འཆར་མི་ཐུབ་པའི་ཐ་སྙད་འདི་དག་དང་། འདི་དག་གི་མཚོན་དོན་ཁོ་ནས་ད་གཟོད་སྙན་ངག་བསྒྲིག་ཐུབ་པར་འདོད་མྱོང་། མདོར་ན་སྙན་ངག་ནི་འཚོ་བ་དང་བར་ཐག་ཧ་ཅང་རིང་བའི་སེམས་ཀྱི་འཆར་སྣང་ཞིག་ཡིག་གཟུགས་ཀྱིས་འབུར་དུ་བཅུགས་པ་དེ་རེད་འདོད་མྱོང་། དེ་བས་ངས་སྙན་ངག་འབྲི་བའི་ཆེད་དུ་ཡི་གེ་སྦྱངས་ཏེ་རང་ཉིད་དང་བར་ཐག་ཧ་ཅང་རིང་བའི་གནས་དེ་རུ་བསམ་བློ་བཏང་མྱོང་། ཡི་གེ་ཅི་ཙམ་སྦྱངས་ནའང་རང་ཉིད་ཀྱིས་མཐོང་ཞིང་ཐོས་པའི་བྱ་དངོས་དེ་དག་ནམ་ཡིན་ཡང་མིག་ལམ་དང་རྣ་ལམ་ན་སྔར་བཞིན་གསོན་ཉམས་ཀྱིས་འགུལ་གྱིན་འདུག་ལ། མི་ཚང་མའི་མཐོང་སྣང་ཡང་དེ་མཚུངས་ཡིན་པའི་སྣང་བ་ཙམ་ལས་སྙན་ངག་གི་རྒྱུ་ཆར་མ་གྱུར། ངའི་བསམ་བློ་ཐག་རིང་ལ་འགྲོ་མ་ཐུབ་པའི་དབང་གིས་ངས་ཡི་གེ་སྦྱངས་པ་དེའང་སྙན་ངག་འབྲི་བྱེད་ཅིག་ཏུ་འགྱུར་མ་ཐུབ་པ་རེད་འདོད་མྱོང་།
ཕྱིས་སུ་ངས་ཚངས་དབྱངས་རྒྱ་མཚོའི་སྙན་ངག་ལས་ཞི་མོ་ཞིག་མཐོང་སོང་། ལྷ་སའི་བོད་མོ་ངོ་མ་ཞིག་རེད། མོས་མྱི་སྐད་བཤད་བཞིན་འདུག དེ་ནས་ངས་དགེ་འདུན་ཆོས་འཕེལ་གྱི་སྙན་ངག་ནས་རྒད་པོ་ཀླུ་རྒྱལ་འབུམ་དང་ཞི་ལི་ཚེ་རིང་ཐར་གཉིས་མཐོང་སོང་། ཁོང་གཉིས་ཀས་ཞི་མོ་ཞིག་གི་འོག་ལ་བལྟས་ནས་འོག་བཤད་བྱེད་ཀྱིན་འདུག ད་དུང་དེའི་གཡས་གཡོན་ན་མྱི་མང་བོས་མྱི་སྐད་བཤད་ཀྱིན་འདུག དེ་ནས་ངས་དོན་གྲུབ་རྒྱལ་གྱི་བརྩམས་ཆོས་ལས་སྤྲུལ་སྐུ་རྫུན་མ་ཞིག་མཐོང་སོང་། ཁོས་ཨ་ཡེ་མ་བུ་གཉིས་ལ་རྫུན་བཤད་བཞིན་པ་ངས་དངོས་སུ་མཐོང་སོང་། རྗེས་སུ་ང་རྒྱ་གར་ལ་སོང་བ་ཡིན། ངས་རི་བོ་འབིགས་བྱེད་མཐོང་སོང་། ས་ནར་ཞིག་རེད། ངས་ཆུ་མོ་གངྒ་མཐོང་སོང་། སྐྱག་ཆུ་ཞིག་རེད། ངས་རྒྱ་གར་རྡོ་རྗེ་གདན་མཐོང་སོང་། བཛྲ་སཏྭ་་་་་དེ་མི་བཤད།
དེ་ནས་བཟུང་ངས་སྙན་ངག་ནི་ངའི་གཡས་གཡོན་ན་ཡོད་པ་ཚོར་སོང་། གང་ལྟར་སྙན་ངག་འབྲི་ན་ཐག་རིང་ཞིག་ལ་འགྲོ་མི་དགོས་པ་ཤེས་སོང་ལ། དེ་བས་ཀྱང་ལྷ་ཡུལ་ལ་འགྲོ་མི་དགོས་པ་ཤེས་སོང་།
ངས་མུ་མཐུད་དུ་ཡི་གེ་སྦྱོང་བའི་ཞོར་ལ་ཡར་ལྟ་མར་ལྟ་བྱས་པ་ཡིན། ཡིན་ཡང་ངས་སྙན་ངག་འབྲི་བའི་འབད་པ་མ་བྱས། ངས་སྙན་ངག་གི་གཞུང་ལུགས་དེ་བས་མ་སྦྱངས།
ངས་ཉིན་ཐོ་འབྲི་བཞིན་རིམ་གྱིས་དོ་སྣང་བྱས་པ་ན། ངའི་ཡི་གེའི་གསེབ་ལ་སྙན་ངག་འཛུལ་ནས་ཡོང་བཞིན་པ་ཚོར་སོང་། སྙན་ངག་དེ་དག་ང་དང་བར་ཐག་ཧ་ཅང་ཉེ་བའི་འཚོ་བ་དེ་ཡིན་པའང་ཚོར་བྱུང་། ངས་རང་ཉིད་སྙན་ངག་པ་ཞིག་ཡིན་པ་མ་ཚོར་བའི་སྔོན་ལ། སྙན་ངག་གིས་ང་རང་སྙན་ངག་པ་ཞིག་ཡིན་པ་ཚོར་འདུག དེ་ནས་ངས་སྙན་ངག་གིས་སྙན་ངག་པ་བཞེང་གིན་ཡོད་པ་ལས། སྙན་ངག་པས་སྙན་ངག་བཞེང་གིན་མེད་པའང་ཚོར་སོང་།
སྙན་ངག་ནི་ཡི་གེའི་གསེབ་ལ་རང་ཤུགས་ཀྱིས་འཛུལ་ཡོང་བའི་སྐད་ཆ་དྲང་མོ་ཞིག་རེད། སྙན་ངག་འབྲི་བའི་ཧམ་པ་ཅི་ཙམ་ཆེ་ན་ཡི་གེའི་སྒྲིག་སྦྱོར་དང་སྙན་ངག་གི་བར་ཐག་དེ་ཙམ་རིང་། དགའ་སྐྱོ་ཆགས་སྡང་གི་ཚོར་བ་ཡོད་ཚད་སྙན་ངག་ཁོ་ནས་མངོན་པར་བྱེད་ཐུབ་ནའང་སྙན་ངག་འབྲི་བའི་ཧམ་པ་དེ་གཅིག་པུ་སྙན་ངག་གི་སྡེ་ན་མི་འདུག ཁྱོད་རང་ཁྱོད་ཀྱི་ཨ་མར་དུང་བ་དང་སུ་ཞིག་ཁྱོད་ཀྱི་ཨ་མར་ཆགས་པ་དེ་ཁྱོད་ཀྱི་ཨ་མས་བཟོས་པ་ལས་གཞན་སུའང་མ་རེད། དེ་བཞིན་དེའི་རང་བཞིན་ལ་སྙན་ངག་པའི་སྨྱུག་ཁ་ལ་འབྱར་ཡོང་བའི་སྙན་ངག་དེ་ནི་སྙན་ངག་པའི་ཧམ་པས་བཞེངས་པ་མ་རེད། དེ་ནི་སྙན་ངག་གིས་སྙན་ངག་པའི་སྨྱུག་ཁ་ལ་རང་འདོད་ཀྱིས་གནས་ཚང་གཡར་བ་ཞིག་རེད།
རེད་དེ། སྙན་ངག་ནི་སྙན་ངག་པའི་སྨྱུག་རྩེ་ན་གཏན་དུ་གནས་ཤིང་ནམ་ཡིན་ཡང་བཞུར་ཆོག་ཆོག་གི་སྣག་ཚའི་བཞུར་རྒྱུན་ཞིག་མ་རེད། སྙན་ངག་ནི་འདྲེ་མགོ་རྡོ་བཞིན་ནམ་ཡོང་བ་མི་ཤེས་ལ། ནམ་སོང་བའང་མི་ཤེས་པའི་རང་དབང་གི་བསྐོར་སྐྱོད་པ་ཞིག་རེད། གང་ལྟར་ངའི་སྙན་ངག་ནི་ཐ་སྙད་ཀྱི་བཙོན་ན་ང་རྒྱལ་གྱིས་བཞུགས་པའི་རང་ངོ་མི་ཤེས་པའི་རྒྱལ་སྲས་སྨྱོན་པ་དེ་མིན།
དེ་བས་ང་ལ་སྙན་ངག་ཅིག་ཕྲིས་མ་ཟེར། སྙན་ངག་འབྲི་ན་ངས་སྙན་ངག་ལ་འདྲི་དགོས། དེ་ནི་ང་དང་ངའི་སྙན་གི་འབྲེལ་བ་ཡིན།
༢༠༡༧/༠༩/༠༦ ལ།
ཁྱོད་ཀྱིས་གནད་འགག་ཅིག་ཤེས་འདུག དེའི་དབང་གིས་ཁྱོད་ཀྱི་རྩོམ་ལ་དྲོ་བ་འདུག