རྩོམ་པ་པོ། མདོག་གཞུང་བ་བཟོད་པ་ཆོས་འཕེལ།
༄༅།། རབ་བྱུང་གི་འཚོ་བའི་ཡོ་བྱད་ཀྱི་གོས་ལ་དཔྱད་པ་མེ་ཁྱེར་གྱི་སྣང་བ་ཞེས་བྱ་བ་བཞུགས་སོ།།
ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །དེ་ཡང་རབ་བྱུང་གི་འཚོ་བའི་ཡོ་བྱད་ཀྱི་གོས་ལ་ཅུང་ཙམ་ཞིག་དཔྱད་པ་ལ་བརྒྱད་དེ། འཚོ་བའི་ཡོ་བྱེད་ཀྱི་རྒྱུ་དང་། སྒྲུབ་ལུགས་དང་། མཚན་ཉིད་དང་། དབྱེ་བ་དང་། སོ་སོའི་རང་བཞིན་དང་། བྱིན་གྱིས་བརླབ་ཚུལ་དང་། ཇི་ལྟར་བཅང་བའི་ཚུལ་དང་། ཆོས་གོས་དྲས་དྲུབ་བྱ་བའི་ཚུལ་ལོ།།
དང་པོ་ནི་ལོག་ཚོ་ལྔ་ཆར་གཏོགས་དང་བཅས་པས་མ་བསྒྲུབས་ཤིང་རྒྱུ་ཧ་ཅང་ངན་པ་དང་བཟང་བ་མ་ཡིན་པའི་རྒྱུར་རུང་བ་བདུན་པོ་གང་རུང་ལས་བྱའོ། །
ལོག་ཚོ་ལྔ་ནི་གཞན་མ་དད་པ་སྤོང་བ་ལ་སོགས་པའི་ཆེད་དུ་མ་ཡིན་པར། རྙེད་པ་དང་བཀུར་སྟི་འབའ་ཞིག་གི་ཆེད་དུ་ཕྱི་ལུས་ངག་གི་སྤྱོད་ལམ་མཛེས་པར་བྱེད་པའི་ཚུལ་འཆོས་ཀྱི་སྒོ་ནས་བསྒྲུབས་པ་དང་། གཞན་གྱི་རྫས་དེ་དག་ལ་ཆགས་ཤིང་དེ་འཐོབ་པའི་ཕྱིར་དུ་ཡོ་བྱེད་དེར་སྨོད་ནས་ལེན་པ་ཐོབ་ཀྱིས་འཇལ་བ་དང་། རང་གིས་ཕར་རྙེད་པ་ཆུང་ངུ་ཞིག་བྱིན་ཞིང་དེ་ལ་བརྟེན་ནས་རྙེད་པ་ཆེན་པོའམ་མང་པོ་ཞིག་འཚོལ་བ་བྱེད་པ་རྙེད་པས་རྙེད་པ་འཚོལ་བ་དང་། རྙེད་བཀུར་གྱི་ཕྱིར་དུ་གཞན་ལ་རྙེད་བཀུར་གྱི་རྫས་ལ་བསྔགས་པ་བརྗོད་པ་གཞོགས་སློང་དང་། རང་ཉིད་ལ་རྙེད་བཀུར་འབའ་ཞིག་གི་ཕྱིར་དུ་གཞན་ལ་གཅམ་བུ་སྟེ་ངོ་དགའི་ཚིག་དང་སྙན་པའི་ཚིག་སྨྲ་བའི་ཁ་གསག་དང་ལྔའོ། །དེ་ཡང་འདུལ་བ་སུམ་བརྒྱ་པ་ལས། རྙེད་ཕྱིར་སྤྱོད་ལམ་ཚུལ་འཆོས་ཡིན་པར་བསྟན། །ཆགས་པས་གཞན་ལ་སྨོད་པ་འཐོབ་ཀྱི་འཇལ། །ཆུང་ངུ་བྱིན་ནས་མང་པོ་འཚོལ་བྱེད་དང་། །གཞན་གྱི་བསྔགས་པ་བྱེད་པ་གཞོགས་སློང་ཡིན། །རྙེད་པའི་ཕྱིར་ནི་གཅམ་དང་སྙན་པར་སྨྲ། །ཐམས་ཅད་ཁ་གསག་ཡིན་པར་འཕགས་པས་བཤད། །ཅེས་གསུངས་པའི་ཕྱིར་རོ། །རྒྱུར་རུང་བ་བདུན་ནི། བལ་ལས་བཏགས་པའི་བལ་གོས་དང་། ཤིང་ཤ་ན་སྟེ་སོ་མ་རཱ་ཛཱ་ལས་བཟོས་པའི་ཤ་ནའི་གོས་དང་། ཉི་འོག་གི་གོས་དང་། རས་གོས་དང་། ཟར་མའི་སྡོང་པོའི་ཤུན་པ་ལས་བཟོས་པའི་ཟར་མའི་གོས་དང་། ཀོ་ཏམ་པའི་གོས་དང་། དཱུ་ཀུ་ལའི་གོས་དང་བཅས་བདུན་ནོ། །དེ་ཡང་འདུལ་བ་མེ་ཏོག་འཕྲེང་རྒྱུད་ལས། བལ་གོས་ཤ་ན་ཉི་འོག་དང་། །རས་གོས་དང་ནི་ཟར་མ་དང་།།ཀོ་ཏམ་པ་དང་དཱུ་ཀུ་ལ། །ཆོས་གོས་རྒྱུ་ནི་རྣམ་པ་བདུན། །ཞེས་གསུངས་པའི་ཕྱིར་རོ། །
དེ་དག་ལས་གྲུབ་ཀྱང་སྤུ་ཤིན་ཏུ་ཆེ་བ་དང་ཁ་ཚར་ཕུན་ཚར་མ་བཅད་པ་སོགས་མ་ཡིན་པ་ཞིག་དགོས་ཏེ། འདུལ་བ་སུམ་བརྒྱ་པ་ལས། ཁ་དོག་གཅིག་པའམ་ཁ་ཚར་ཅན་དཀར་མིན་ཞེས་གསུངས་པའི་ཕྱིར།
གཉིས་པ་སྒྲུབ་ལུགས་ནི། གསར་དུ་ཁ་བསྒྱུར་དགོས་པ་ཡིན་ན་རྒྱུ་རུང་བ་ཉིད་ལེགས་པར་བཀྲུས་ཤིང་དེ་ནས་མི་རུང་བའི་ཚོན་ཆེན་ཁ་དོག་དམར་ལ་མདངས་ཆེ་བའི་མཚལ་དང་། ཁ་དོག་དམར་སྨུག་ཅན་གྱི་རྒྱ་སྐྱེགས་དང་། སྨན་ཤིང་གི་རིགས་གནས་ལྡུམ་བུ་གང་གི་རྩ་བ་སྡོང་པོའི་ཁུ་བ་ཁ་དོག་དམར་སྨུག་ཏུ་འདུག་པའི་བཙོད་དང་། རྩ་སྨན་གང་གི་ཟེ་འབྲུ་ཁ་དོག་སེར་སྨུག་ཅན་གྱི་གུར་ཀུམ་དང་། མཐིང་ཤིང་སྟེ་ཤིང་གང་གི་ཤུན་པ་ཁ་དོག་སྔོ་ནག་དང་། ས་ནས་ཐོན་པའི་སྨན་ནམ་ཡང་ན་ཞ་ཉེ་ལས་བཟོས་པའི་ཁ་དོག་དམར་སེར་དུ་འདུག་པའི་ལི་ཁྲི་དང་། ཁ་དོག་དམར་པོ་ཅན་གྱི་རྨ་ཤིང་དང་། ཁ་དོག་དམར་སེར་འཚེར་བག་དང་ལྡན་པའི་མེ་ཏོག་ལེ་བརྒན་རྩི་དང་བཅས་དགུ་པོ་དག་སྤངས་ཤིང་རུང་བའི་ཚོན་སེར་སྐྱ་ནོག་བག་ཆགས་པ་ངུར་སྨྲིག་རྩི་དང་། སྔོན་པོའི་མདོག་སྔོ་སྐྱ་དང་། ས་འོག་དང་བྲག་འོག་སོགས་ནས་བྱུང་བའི་འཇིམ་པ་ཁ་དོག་དམར་སྐྱ་ཅན་གྱི་བཙག་དང་བཅས་གསུམ་གྱིས་ཁ་བསྒྱུར་བར་བྱའོ། །རྒྱ་སྐྱེགས་ལ་སོགས་པའི་བརྒྱད་པོ་དག་མི་རུང་བའི་ཚོན་ཡིན་ཏེ་ཞེ་ན། དེ་དག་ཚོན་ཆེན་ཡིན་པས་རབ་ཏུ་བྱུང་བ་རྣམས་ལ་སངས་རྒྱས་ཀྱིས་བཀག་པའི་ཕྱིར་རོ། །
དེ་ཡང་འདུལ་བ་སུམ་བརྒྱ་པ་ལས། མཚལ་དང་དེ་བཞིན་རྒྱ་སྐྱེགས་བཙོད་རྣམས་དང་། །གུར་ཀུམ་དང་ནི་མཐིང་ཤིང་ལི་ཁྲི་དང་། །རྨ་ཤིང་ལེ་བརྒན་རྩི་རྣམས་མི་རུང་སྟེ། །བརྒྱད་པོ་ཚོན་ཆེན་ཡིན་པས་དེ་བཀག་ཕྱིར། །ཞེས་གསུངས་པ་དང་། དེ་བཞིན་འདུལ་བ་མེ་ཏོག་འཕྲེང་རྒྱུད་ལས་ཀྱང་། ཚོན་ཆེན་དག་གིས་ཆོས་གོས་ནི། །ཁ་བསྒྱུར་བྱེད་པ་བཀག་པ་ཡིན། །རྒྱ་སྐྱེགས་ལེ་བརྒན་རྩི་དང་བཙོད། །རྨ་ཤིང་རྩི་དང་མཐིང་ཤིང་མཚལ། །སིན་དྷུ་ར་དང་གུར་ཀུམ་སྟེ། །འདི་དག་ཚོན་ཆེན་བརྒྱད་དུ་འདོད། །ཅེས་གསུངས་པའི་ཕྱིར་རོ། །རབ་བྱུང་རྣམས་ལ་དེ་ལྟར་བཀག་པའི་རྒྱུ་མཚན་འདུལ་བ་སུམ་བརྒྱ་པའི་རང་འགྲེལ་འོད་ལྡན་ལས། སྡོམ་བརྩོན་རྣམས་ལ་ནི་ཁ་དོག་གསལ་བ་ཉིད་ཆ་མ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པ་དང་། གཞན་ཡང་དེ་དག་ཁ་དོག་ལེགས་པས་རྒྱགས་པ་སྐྱེ་བ་དང་། དོན་དང་བྱ་བ་མང་བ་དང་། འདོད་པ་ཆེ་བ་དང་། ཆོག་མི་ཤེས་པར་འགྱུར་བའོ། །དེ་ཡང་ཆ་པ་ཆོས་སེང་གིས་སུམ་བརྒྱ་པའི་ཚིག་དོན་རབ་ཏུ་འབྱེད་པ་ལས། བརྒྱད་པོ་དེ་ཚོན་ཆེན་པོ་ཡིན་པའི་ཕྱིར་དེ་ལོངས་སྤྱད་ན་ང་རྒྱལ་དང་འདོད་པ་ཆེ་བ་དང་ཆོག་མི་ཤེས་པའོ། །ཞེས་གསུངས་པའི་ཕྱིར། དེའི་སྐབས་སུ་ཁ་ཅིག་ན་རེ། གུར་ཀུམ་མདོག་ཆོས་ཅན། རབ་ཏུ་བྱུང་བ་རྣམས་ལ་མི་གནང་བར་མ་ཡིན་པར་ཐལ། གནང་བ་ཡིན་པའི་ཕྱིར། མ་གྲུབ་ཟེར་ན། དེ་ཆོས་ཅན། དེར་ཐལ། མེ་ཏོག་ཤེ་པ་ལི་ཀས་ཁ་བསྒྱུར་བའི་ཆོས་གོས་སངས་རྒྱས་ཀྱིས་གསོལ་བ་ཡིན་པ་གང་ཞིག་དེའི་མདོག་དང་གུར་ཀུམ་གྱི་ཁ་དོག་གཉིས་མཐུན་པའི་ཕྱིར་ཞེ་ན། ཁྱབ་པ་མེད་དེ། བཅོམ་ལྡན་འདས་ཀྱིས་གོས་དེ་ལྟར་གསོལ་བ་ནི་གདུལ་བྱའི་དོན་དུ་ཡིན་པ་དང་མ་ཟད་སངས་རྒྱས་ནི་དམིགས་བསལ་ལོ། །དེ་ཡང་འོད་ལྡན་ལས། བཅོམ་ལྡན་འདས་ཀྱིས་ལོངས་སྤྱད་པ་ནི་གཏན་ཚིགས་སུ་མི་རུང་སྟེ་དེ་ནི་འདུལ་བའི་དབང་གིས་ཞུགས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར།
གཞན་ཡང་སངས་རྒྱས་ཀྱིས་ལོངས་སྤྱད་པའི་རྒྱུ་མཚན་གྱིས་རབ་ཏུ་བྱུང་བ་རྣམས་ལ་གནང་བར་གྲུབ་ན། འོ་ན་རྡོའི་ལྷུང་བཟེད་ཆོས་ཅན། རབ་ཏུ་བྱུང་བ་རྣམས་ལ་གནང་བར་ཐལ། སངས་རྒྱས་ཀྱིས་རྡོའི་ལྷུང་བཟེད་ལ་སྤྱད་གནང་བའི་ཕྱིར། མ་གྲུབ་ཟེར་ན། དེ་ཆོས་ཅན། དེར་ཐལ། དེ་ལྟར་ཡིན་པ་ཡང་ལུང་གཞི་ལས། རྒྱལ་པོ་ཆེན་པོ་བཞིས་རྡོའི་ལྷུང་བཟེད་བཞི་ཕུལ་བ་གཅིག་ཏུ་བྱིན་གྱིས་བརླབས་ཏེ་སངས་རྒྱས་ཀྱི་ལྷུང་བཟེད་རྡོའི་ལྷུང་བཟེད་ཡིན་པར་གསུངས་པའི་ཕྱིར་རོ། །འདོད་ཟེར་ན། རྡོའི་ལྷུང་བཟེད་ཆོས་ཅན། རབ་ཏུ་བྱུང་བ་རྣམས་ལ་གནང་བ་མ་ཡིན་པར་ཐལ། རབ་བྱུང་རྣམས་ལ་བཀག་པའི་ཕྱིར། མ་གྲུབ་ཟེར་ན། དེ་ཆོས་ཅན། དེ་ཐལ། དེ་ཡང་ལུང་ལྔ་ཚན་པ་ལས། ལྷུང་བཟེད་ལྔ་ནི་བཅང་བར་མ་བྱེད་ཅིག ལྔ་གང་ཞེ་ན་རྡོའི་ལྷུང་བཟེད་དང་ཞེས་གསུངས་པ་དང་། དེ་བཞིན་ལུང་མ་མོ་ལས། ལྷུང་བཟེད་བརྒྱད་ནི་མི་གནང་བ་སྟེ་རྡོ་ལས་བྱས་པ་དང་ཞེས་པ་ལ་སོགས་གསུངས་པའི་ཕྱིར་རོ། །འོ་ན་ངུར་སྨྲིག་རྩི་ལ་སོགས་པའི་གསུམ་པོ་དག་རུང་བའི་ཚོན་ཡིན་ཏེ་ཞེ་ན། འདི་གསུམ་སྔོན་རྒྱལ་གར་དུ་ཁ་དོག་ངན་ཞིང་ཆེས་སྙིགས་མ་ཅན་ཡིན་པར་གྲགས་པའི་ཕྱིར་ན་སངས་རྒྱས་ཀྱིས་རབ་ཏུ་བྱུང་བ་རྣམས་ལ་གནང་བའོ། །དེ་ཡང་སུམ་བརྒྱ་པ་ལས། གོས་རྣམས་ཁ་དོག་བསྒྱུར་ཕྱིར་ཚོན་རྩི་གསུམ། །ངུར་སྨྲིག་རྩི་དང་སྔོན་པོའི་མདོག་དང་བཙག །ཅེས་གསུངས་པ་དང་། ཕྲེང་རྒྱུད་ལས། སྔོན་པོ་བཙག་དང་ངུར་སྨྲིག་རྩི། །འདི་དག་རུང་བའི་ཚོན་གསུམ་སྟེ། །ཞེས་གསུངས་པའི་ཕྱིར་རོ། །
གསུམ་པ་མཚན་ཉིད་ནི། བཅས་ལྡན་དགེ་སློང་གི་ལུས་འཚོ་བའི་ཆེད་དུ་གནང་བའི་གོས་རུང་བ་ཚད་ལྡན་རེ་རེར་ངེས་པ་གང་ཞིག རང་མིང་གིས་བྱིན་གྱིས་བརླབ་རུང་གི་རིགས་གནས་སོ། །
བཞི་པ་དབྱེ་བ་ནི། དངོས་དང་། ཕྲན་ཚེགས་གཉིས་ལས། དང་པོ་དེ་ལ་ལུང་ཁ་ཅིག་ལས། གདོང་ཕྱིས་ཀྱི་ཚབ་ཏུ་འཁྲུས་རས་བགྲངས་ནས་བཅུ་གསུམ་དུ་བྱས་པ་དང་། ཕྲེང་རྒྱུད་ལས། གདོང་དང་ལག་པ་ཕྱི་བ་སྟེ། །དེ་དག་བཅུ་གསུམ་དབྱེ་བར་འདོད། །ཅེས་པའི་སྒོ་ནས་རྣག་གཟན་གྱི་ཚབ་ཏུ་ལག་ཕྱིས་བགྲངས་ནས་བཅུ་གསུམ་དུ་བྱས་ཀྱང་། སྐབས་འདིར་འདུལ་བ་མདོ་རྩ་གཞིར་བཞག་ནས་དབྱེ་བ་དངོས་ལ། སྣམ་སྦྱར་དང་། བླ་གོས། མཐང་གོས་། ཤམ་ཐབས། ཤམ་ཐབས་ཀྱི་གཟན། རྔུལ་གཟན། རྔུལ་གཟན་གྱི་གཟན། གདོང་ཕྱིས། རྣག་གཟན། གཡན་དགབ། སྐྲ་བཟེད། གདིང་བ། དབྱར་གྱི་གོས་རས་ཆེན་རྣམས་སུ་ཡོད་པའི་ཕྱིར། དེ་ཡང་འདུལ་བ་མདོ་རྩ་ལས། སྣམ་སྦྱར་དང་བླ་གོས་དང་མཐང་གོས་དང་ཤམ་ཐབས་དང་ཤམ་ཐབས་ཀྱི་གཟན་དང་རྔུལ་གཟན་དང་རྔུལ་གཟན་གྱི་གཟན་དང་གདོང་ཕྱིས་དང་རྣག་གཟན་དང་གཡན་པ་དགབ་པ་དང་སྐྲ་བཟེད་དང་གདིང་བ་དང་དབྱར་གྱི་གོས་རས་ཆེན་བཅང་བར་བྱའོ།། ཞེས་གསུངས་པའི་ཕྱིར་རོ། གཉིས་པ་ཕྲན་ཚེགས་ནི། ཞྭ་དང་། ལྷམ་སྒྲོག་དང་། སྐེ་རགས་དང་། གཏུར་བུ་དང་། ལྷུང་བཟེད་ཀྱི་ཤུབས་དང་། ཁྲུས་རས་ལ་སོགས་པ་ཡིན་པའོ། །དེ་ཡང་མཚོ་ཊཱིཀ་ལས། འཚོ་བའི་ཡོ་བྱད་ཀྱི་གོས་ཕྲན་ཚེགས་ནི། ཞྭ་དང་སྐ་རགས་ལ་སོགས་པ་སྟེ་འཚོ་བའི་ཡོ་བྱེད་ཀྱི་སེམས་ཀྱི་བརྟགས་པ་འཆགས་པ་རྣམས་སོ། །ཞེས་གསུངས་པའི་ཕྱིར། གཏུར་བུ་ཞེས་པ་ནི་རས་སྲིད་དུ་ཁྲུ་གསུམ་དང་ཞེང་དུ་ཁྲུ་ཕྱེད་དང་གསུམ་ཡོད་པ་ཞིག་ཞེང་གི་ཕྱོགས་གཉིས་ཉིས་ལྟེབ་ཏུ་བྱས་ཏེ་བཙེམ་པའི་ཆོས་གོས་ཀྱི་སྣོད་ཅིག་ཡིན་པའོ། །དེ་ཡང་མདོ་རྩ་ལས། བཏུར་བུས་གོས་དག་བསྐུར་ན་བཟང་ངོ་། །དེ་བྱའོ། །ཁྲུ་གསུམ་དང་ཕྱེད་དང་གསུམ་ཉིས་ལྟེབ་ཏུ་བྱས་ཏེ་བཙེམ་མོ། །ཞེས་གསུངས་པའི་ཕྱིར།
ལྔ་པ་སོ་སོའི་རང་བཞིན་ནི། སྣམ་སྦྱར་ལ་སྣམ་ཕྲན་གྱི་དབང་དུ་བྱས་པའི་སྐོར་དགུ་ཡོད་ཅིང་དང་པོ་ཆུང་སྐོར་གསུམ་དེ་དག་རིམ་པ་བཞིན་སྣམ་ཕྲན་དགུ་མ་དང་། བཅུ་གཅིག་ཅན་དང་། བཅུ་གསུམ་ཅན་ཡིན་པའོ། །གཉིས་པ་འབྲིང་སྐོར་གསུམ་ནི། རིམ་པ་བཞིན་སྣམ་ཕྲན་བཅོ་ལྔ་ཅན་དང་། བཅུ་བདུན་ཅན་དང་། བཅུ་དགུ་ཅན་ཡིན་པའོ། །གསུམ་པ་ཆེ་སྐོར་གསུམ་ནི། རིམ་པ་བཞིན་སྣམ་ཕྲན་ཉེར་གཅིག་ཅན་དང་། ཉེར་གསུམ་ཅན་དང་། ཉེར་ལྔ་ཅན་ཡིན་པའོ། །དགུ་པོ་དག་ལ་གོང་དུ་བཤད་པའི་སྣམ་ཕྲན་དེ་དག་ལས་ལྷག་པ་མི་བྱ་སྟེ་དེ་ཡན་འཚེམ་བུ་ཡིན་པའི་ཕྱིར་རོ། །དེ་ཡང་མདོ་རྩ་ལས། སྣམ་སྦྱར་གྱི་སྣམ་ཕྲན་དག་ནི་དགུ་ཡན་ཆད་ཉི་ཤུ་རྩ་ལྔ་མན་ཆད་དེ་ཟུང་མ་གཏོགས་སོ། །དེ་ཡན་ཆད་ནི་འཚེམ་བུའོ། །ཞེས་གསུངས་པའི་ཕྱིར་དང་། ཕྲེང་རྒྱུད་ལས། སྣམ་སྦྱར་རྣམས་ཀྱི་འཚལ་བུ་ནི། །སྣྲེལ་གཞི་བྱའོ་དགུ་སོགས་དགུ། །སྣམ་ཕྲན་ཉི་ཤུ་རྩ་ལྔའི་བར། །དེ་དག་དབྱེ་བ་ངེས་པར་བསྟན། །ཅེས་གསུངས་པའི་ཕྱིར་རོ། །འོ་ན་སྣམ་ཕྲན་རེར་གླེགས་བུ་དུ་ཡོད་དམ་ཞེ་ན། དང་པོ་ཆུང་སྐོར་གསུམ་གྱི་སྣམ་ཕྲན་རེ་རེར་གླེགས་བུ་ཕྱེད་དང་གསུམ་ཡིན་པའོ། །དེ་ཡང་མདོ་རྩ་ལས། དང་པོ་གསུམ་ལ་ནི་དེ་དག་གི་གླེགས་བུ་ཕྱེད་དང་གསུམ་ཉིད་དོ། །ཞེས་གསུངས་པ་དང་། ཕྲེང་རྒྱུད་ལས་ཀྱང་། གླེགས་བུ་ཕྱེད་དང་གསུམ་པ་གསུམ། །ཞེས་གསུངས་པའི་ཕྱིར། གཉིས་པ་འབྲིང་སྐོར་གསུམ་གྱི་སྣམ་ཕྲན་རེ་རེར་གླེགས་བུ་ཕྱེད་དང་བཞི་པ་ཡིན་ཏེ། དེ་ཡང་མདོ་རྩ་ལས། གཉིས་པ་ལ་ནི་གླེགས་བུ་ཕྱེད་དང་བཞི་པ་ཉིད་དོ། །ཞེས་དང་། ཕྲེང་རྒྱུད་ལས། གསུམ་ནི་གླེགས་བུ་ཕྱེད་དང་བཞི། །ཞེས་གསུངས་པའི་ཕྱིར།
གསུམ་པ་ཆེ་སྐོར་གསུམ་གྱི་སྣམ་ཕྲན་རེ་རེར་གླེགས་བུ་ཕྱེད་དང་ལྔ་པ་ཡིན་པའོ། །དེ་ཡང་མདོ་རྩ་ལས། གསུམ་པ་ལ་ནི་གླེགས་བུ་ཕྱེད་དང་ལྔ་པ་ཉིད་དོ། །ཞེས་གསུངས་པ་དང་། ཕྲེང་རྒྱུད་ལས། ཐ་མ་གསུམ་གསུམ་གླེགས་བུ་ནི། །ཕྱེད་དང་ལྔ་པར་བྱ་བ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །དེ་དག་ཆེ་ཆུང་གི་ཚད་ཇི་ལྟར་ཡིན་ནམ་ཞེ་ན། ཆེ་བ་སྐོར་གསུམ་གྱི་ཚད་ནི། དཔངས་སུ་ཁྲུ་གསུམ་དང་། སྲིད་དུ་ཁྲུ་ལྔ་ཡིན་པའོ། །དེ་ཡང་མདོ་རྩ་ལས། བྱིན་གྱིས་བརླབ་ཏུ་རུང་བ་ཆེན་པོ་དག་ནི་རང་གི་ཁྲུ་གསུམ་དང་ལྔ་དག་གོ། །ཞེས་དང་། དེ་བཞིན་ཕྲེང་རྒྱུད་ལས། དེ་དག་ཚད་ནི་ངེས་བསྟན་པ། །དང་པོ་ཁྲུ་ནི་ལྔ་དང་གསུམ། །ཞེས་གསུངས་པའི་ཕྱིར། ཆུང་བ་སྐོར་གསུམ་གྱི་ཚད་ནི། སྔ་མ་ཆེ་བ་སྐོར་གསུམ་གྱི་དཔངས་ཚད་དང་སྲིད་ཚད་གཉིས་ལས་ཁྲུ་ཕྱེད་ཕྱེད་ཕྲི་ནས་དཔངས་སུ་ཁྲུ་ཕྱེད་དང་གསུམ་དང་། སྲིད་དུ་ཁྲུ་ཕྱེད་དང་ལྔ་པ་ཡིན་ནོ། །དེ་ཡང་མདོ་རྩ་ལས། ཆུང་ངུ་དག་ནི་གཉིས་ཀ་ལས་ཁྲུ་ཕྱེད་ཕྱེད་ཕྲིའོ། །ཞེས་གསུངས་པ་དང་། ཕྲེང་རྒྱུད་ལས། ཐ་མ་ཕྱེད་དང་གསུམ་དང་ལྔ། །ཞེས་གསུངས་པའི་ཕྱིར། འབྲིང་སྐོར་གསུམ་གྱི་ཚད་ནི། དེ་གཉིས་ཀྱི་བར་གང་ཡིན་པ་དེ་ཡིན་ཏེ། མདོ་རྩ་ལས། འབྲིང་རྣམས་ཀྱི་ཚད་ནི་བར་མའོ། །ཞེས་དང་། ཕྲེང་རྒྱུད་ལས། དེ་གཉིས་བར་ནི་བར་མ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །བླ་གོས་ནི་སྣམ་ཕྲན་བདུན་པ་ཡིན་ལ་སྣམ་ཕྲན་རེར་གླེགས་བུ་ཕྱེད་དང་གསུམ་པ་ཡིན་པའོ། །དེ་ཡང་སྡོམ་གསུམ་རྣམ་ངེས་ཀྱི་འགྲེལ་བ་དཔག་བསམ་སྙེ་མ་ལས། བླ་གོས་ནི་སྣམ་ཕྲན་བདུན་དང་གླེགས་བུ་ཕྱེད་དང་གསུམ་པ། ཞེས་གསུངས་པའི་ཕྱིར། དེའི་ཚད་ནི། སྣམ་སྦྱར་ལྟར་ཆེ་ཚད་དཔངས་སུ་ཁྲུ་གསུམ་དང་སྲིད་དུ་ཁྲུ་ལྔའོ། །ཆུང་ཚད་ནི་དེ་གཉིས་ལས་ཁྲུ་ཕྱེད་ཕྱེད་ཕྲི་ནས་དཔངས་སུ་ཁྲུ་ཕྱེད་དང་གསུམ་དང་སྲིད་དུ་ཁྲུ་ཕྱེད་དང་ལྔ་ཡིན་པའོ། །འབྲིང་ཚད་ནི་དེ་གཉིས་ཀྱི་བར་རོ། །དེ་ཡང་ཕྲེང་རྒྱུད་ལས། དེ་བཞིན་བླ་གོས་ཉིད་ཀྱང་སྟེ། །ལྔ་དང་གསུམ་པར་གསུངས་པ་ཡིན། །ཞེས་དང་། དཔག་བསམ་སྙེ་མ་ལས། ཚད་སྣམ་སྦྱར་ལྟར་གསུམ་མོ། །ཞེས་གསུངས་པའི་ཕྱིར།
མཐང་གོས་ནི། སྣམ་ཕྲན་ལྔ་པ་ཡིན་ཅིང་སྣམ་ཕྲན་རེར་གླེགས་བུ་ཕྱེད་དང་གཉིས་པ་ཡིན་པའོ། །དེ་ཡང་དཔག་བསམ་སྙེ་མ་ལས། མཐང་གོས་ནི་སྣམ་ཕྲན་ལྔ་དང་གླེགས་བུ་ཕྱེད་དང་གཉིས་པ་ཞེས་གསུངས་པའི་ཕྱིར་རོ། །ཚད་ནི་དཔངས་སུ་ཁྲུ་དོ་དང་། སྲིད་དུ་ཁྲུ་ལྔའམ། ཡང་ན་ཁྲུ་བཞི་ཡིན་པ་དང་། གལ་ཏེ་དེ་ལྟར་མ་འབྱོར་ན་ཐ་ན་པུས་མོའི་འཁོར་ལོ་གཉིས་དང་། ལྟེ་བའི་འཁོར་ལོ་སྟེ་འཁོར་གསུམ་ཁེབས་པ་ཙམ་གྱིས་ཀྱང་རུང་ཞིང་། ལུས་སྦོམ་པས་མི་ཡོགས་ན་དེའི་སྟེང་དུ་རལ་ཁ་དཔུང་ཆད་ཁ་སྣོན་བྱས་ཀྱང་ཆོག་པའོ། །དེ་ཡང་མདོ་རྩ་ལས། མཐང་གོས་ནི་དོ་དང་ལྔ་ཡང་ཡིན། དོ་དང་བཞི་ཡང་ཡིན་ནོ། །འཁོར་གསུམ་ཁེབས་པ་ཉིད་ཡན་ཆད་ཀྱང་ངོ་། །མི་ཡོགས་ན་རལ་ཁ་དཔུང་ཆད་བྱའོ། །ཞེས་གསུངས་པའི་ཕྱིར།
ཤམ་ཐབས་དང་། ཤམ་ཐབས་ཀྱི་གཟན་གཉིས་ཀྱི་ཚད་ནི། མཐང་གོས་དང་འདྲ་བ་ཡིན་ཏེ་ཤམ་ཐབས་དེ་ཉིན་མོ་མཐང་གོས་ཀྱི་འོག་ཏུ་སྨད་ལ་གྱོན་པར་བྱ་བའི་གོས་ཡིན་པ་དང་། དེའི་གཟན་དེ་མཚན་མོ་སྨད་ལ་གྱོན་པར་བྱ་བའི་གོས་ཡིན་པའི་ཕྱིར། རྔུལ་གཟན་དང་། རྔུལ་གཟན་གྱི་གཟན་གཉིས་ཀྱི་ཚད་ནི། བླ་གོས་དང་འདྲ་སྟེ་རྔུལ་གཟན་དེ་ཉིན་མོ་བླ་གོས་ཀྱི་འོག་ཏུ་སྟོད་ལ་གྱོན་པར་བྱ་བའི་གོས་ཡིན་པ་དང་། དེའི་གཟན་དེ་མཚན་མོ་སྟོད་ལ་གྱོན་པར་བྱ་བའི་གོས་ཡིན་པའི་ཕྱིར་རོ། །གདོང་ཕྱིས་ཀྱི་ཚད་ནི། ཁྲུ་གང་གྲུ་བཞི་ཡིན་པའོ། །དེ་ཡང་དཔག་སྙེ་ལས། གདོང་ཕྱིས་སྲིད་དང་ཞེང་དུ་ཁྲུ་གང་བ་ཞེས་གསུངས་པའི་ཕྱིར།
རྣག་གཟན་ནི། རྣག་ནད་ཅན་གྱི་བླ་གོས་དང་རྔུལ་གཟན་གཉིས་ཀྱི་འོག་ཏུ་གྱོན་པར་བྱ་བའི་གོས་ཤིག་ཡིན་ཅིང་དེའི་ཚད་ནི་བླ་གོས་དང་མཉམ་པ་ཡིན་པའོ། །དེ་ཡང་དཔག་སྙེ་ལས། རྣག་གཟན་བླ་གོས་དང་མཉམ་པ་ཞེས་གསུངས་པའི་ཕྱིར། སྐྲ་བཟེད་ནི། སྐྲ་འབྲེག་པའི་སྐབས་སུ་གྱོན་པར་བྱ་བའི་གོས་ཤིག་ཡིན་ལ་དེའི་ཚད་ནི་སྲིད་དུ་ཁྲུ་གསུམ་དང་། ཞེང་དུ་ཁྲུ་ཕྱེད་དང་གཉིས་པ་ཡིན་ནོ། །དེ་ཡང་ཕྲེང་རྒྱུད་ལས། བསྲུང་བའི་དོན་དུ་སྐྲ་བཟེད་ནི། །ཞེང་དུ་ཁྲུ་ནི་ཕྱེད་དང་གཉིས།།སྲིད་དུ་ཁྲུ་ནི་གསུམ་ཡིན་ཏེ། །ཞེས་གསུངས་པའི་ཕྱིར། གཡན་དགབ་ནི། གཡན་པའི་ནད་ཅན་གྱི་གྱོན་པར་བྱ་བའི་གོས་ཤིག་ཡིན་ཅིང་དེའི་ཚད་ནི་སྲིད་དུ་ཁྲུ་དྲུག་དང་། ཞེང་དུ་ཁྲུ་གསུམ་ཡིན་པའོ། །དེ་ཡང་མདོ་རྩ་ལས། གཡན་པ་དགབ་པའིའོ། །ཁྲུ་དྲུག་དང་གསུམ་མོ། །ཞེས་གསུངས་པའི་ཕྱིར།
གདིང་བ་ནི་དགེ་འདུན་དང་གང་ཟག་གི་གནས་མལ་བསྐྱབ་པའི་ཕྱིར་དུ་གདིང་བར་བྱ་བ་ཞིག་ཡིན་ལ་། དེའི་རང་བཞིན་ནི། གླེགས་བུ་ཕྱེད་དང་གཉིས་པ་ཡིན་ཏེ། མདོ་རྩ་ལས། གདིང་བ་བཅང་བར་བྱའོ། །གླེགས་བུའི་འཕྲོ་བྱའོ། །འོག་རོལ་གྱི་སུམ་ཆའི་དང་པོར་རོ། །གླེགས་བུ་གཅིག་པ་བྱིན་གྱིས་བརླབ་པར་མི་བྱའོ། །ཞེས་གསུངས་པའི་ཕྱིར། དེའི་ཚད་ནི་སྲིད་དུ་ཁྲུ་གསུམ་དང་། དེས་མི་ཆོག་ན་དེའི་སྟེང་དུ་ཁྲུ་ཕྱེད་དང་དོ་མན་ཆད་བསྐྱེད་ཀྱང་ཆོག་པའོ། །དེ་ཡང་མདོ་རྩ་ལས། གདིང་བའིའོ། །འདིའི་ཚད་ནི་སྲིད་དུ་ཁྲུ་གསུམ་མོ། །མི་ཆོག་ན་ཁྲུ་ཕྱེད་དང་དོ་མན་ཆད་བསྐྱེད་དོ། །ཞེས་གསུངས་པའི་ཕྱིར། ཞེང་ཚད་ནི་ཁྲུ་དོ་དང་སོར་དྲུག་གི་བདག་ཉིད་ཅན་ཞིག་ཡིན་ཏེ། མདོ་རྩ་ལས། འདིའི་ཞེང་དུ་ནི་ཁྲུ་དོ་དང་སོར་དྲུག་གོ། །ཞེས་གསུངས་པའི་ཕྱིར། ཚད་དེ་ལས་ཆུང་བ་ལ་བྱིན་རླབས་རྒྱབ་ན་མི་ཆགས་ཤིང་མ་ཟད་ཉེས་བྱས་སུའང་འགྱུར་རོ། །དེ་ཡང་མདོ་རྩ་ལས། དེ་ཆུང་ངུ་ལ་བྱིན་གྱིས་བརློབ་ན་ཉེས་བྱས་སོ། །ཞེས་གསུངས་པའི་ཕྱིར།
དབྱར་གྱི་རས་ཆེན་ནི། དབྱར་དུས་སུ་ཆར་ཆུ་ལས་བསྐྱབ་པའི་ཕྱིར་དུ་གནང་བའི་ལུས་ལ་གྱོན་པར་བྱ་བའི་གོས་ཤིག་ཡིན་ལ་དེའི་ཚད་ནི་སྲིད་དུ་ཁྲུ་དགུ་དང་། དཔངས་སུ་ཁྲུ་གསུམ་དང་སོར་བཅོ་བརྒྱད་ཅན་ཞིག་ཡིན་པའོ། །དེ་ཡང་མདོ་རྩ་ལས། དབྱར་གྱི་རས་ཆེན་གྱིའོ། །དགུ་དང་གསུམ་དང་སོར་བཅོ་བརྒྱད་དོ། །ཞེས་གསུངས་པའི་ཕྱིར། འོ་ན་གོས་དེ་དག་འཇལ་བྱེད་ཀྱི་ཁྲུ་དེ་ཇི་ལྟར་ཡིན་ནམ་ཞེ་ན། མངོན་པ་མཛོད་ལས། སྐད་ཅིག་ཕྲ་རབ་རྡུལ་དང་ནི། །རྡུལ་ཕྲན་དང་ནི་དེ་བཞིན་དུ། །ལྕགས་ཆུ་རི་བོང་ལུག་དང་གླང་། །ཉི་ཟེར་རྡུལ་དང་སྲོ་མ་དང་། །དེ་ལས་བྱུང་དང་དེ་བཞིན་དུ། །སོར་ཚིགས་ཞེས་བྱ་གོང་བདུན་འགྱུར། །སོར་མོ་ཉི་ཤུ་བཞི་ལ་ཁྲུ། །ཞེས་གསུངས་པ་ལྟར། ཉི་ཟེར་གྱི་རྡུལ་ཕྲ་མོ་ནས་རིམ་པ་བཞིན་རྩིས་པའི་སོར་མོ་ཉི་ཤུ་ལ་རྡུལ་ཁྲུ་དང་། རང་གི་ལུས་ཀྱི་སྤྱི་གཙུག་ནས་རྐང་ཐིལ་བར་ཆ་བདུན་ལ་ཕྱེ་བའི་ཆ་གཉིས་ལ་ལུས་ཁྲུ་དང་། གྲུ་མོའི་སྣེ་ནས་གུང་མཛུབ་ཀྱི་རྩེ་མོའི་བར་གྱི་ཆ་ལ་ལག་ཁྲུ་དང་བཅས་གསུམ་འདུལ་བའི་གཞུང་རྣམས་ལས་གསུངས་ཡོད་ཅིང་། དེའི་སྐབས་སུ་ཁ་ཅིག་ན་རེ། གོས་བཅུ་གསུམ་པོ་གང་ཡིན་ཡང་རང་གི་ལུས་ཁྲུས་གཞལ་དགོས་སྟེ། མདོ་རྩ་ལས། ཁྲུའི་དོན་ནི་ལུས་ཀྱི་ཆ་བདུན་ལས་གཉིས་སོ། །ཞེས་གསུངས་པའི་ཕྱིར་ཞེ་ན། ཁྱབ་པ་མེད་དེ། མདོ་རྩ་ལས་དེ་ལྟར་གསུངས་པ་དེ་གདིང་བ་དང་། གཡན་དགབ་དང་། རས་ཆེན་གསུམ་ལས་གཞན་པའི་ལྷག་མ་བཅུ་པོ་དག་ལ་དགོང་ཞིང་དེའི་ནང་ནས་ཀྱང་ལུས་ཚད་ལག་ཚད་མི་མཚམས་པ་དག་ལ་དགོང་ནས་གསུངས་པ་ཡིན་པའི་ཕྱིར་ཏེ། གདིང་བ་དང་། གཡན་དགབ་དང་། རས་ཆེས་གསུམ་ལུས་ཁྲུས་གཞལ་བར་བྱ་བ་མ་ཡིན་པར་རྡུལ་ཁྲུས་གཞལ་བར་བྱ་བ་ཡིན་པའི་ཕྱིར་དང་། གཞན་ཡང་ལུས་ཚད་ལག་ཚད་མཚམས་པ་ཡིན་ན་ལྷག་མ་བཅུ་པོའི་གོས་དག་ལག་ཁྲུའི་གཞལ་ནའང་རུང་བའི་ཕྱིར་རོ། །དེ་གང་གིས་གྲུབ་ཅེ་ན། འདུལ་བ་མདོ་རྩའི་རྣམ་བཤད་མཚོ་ཊཱིཀ་ལས། རྡུལ་ཁྲུས་གཞལ་བར་བྱ་བ་ནི། །ཁང་པའི་ཚད་དང་ཁྲི་རྐང་ཚད། །གདིང་བ་གཡན་དགབ་རས་ཆེན་ནོ། །ཞེས་གསུངས་པ་དང་། ལུས་ཚད་ལག་ཚད་མཚམས་པ་ཡིས། །ལག་ཁྲུས་ཀྱང་ནི་གཞལ་དུ་རུང་། །ཞེས་གསུངས་པ་དེས་གྲུབ་པའི་ཕྱིར་རོ། །དེའི་ཕྱིར་ན། གོས་བཅུ་གསུམ་པོའི་ནང་གི་གདིང་བ་དང་། གཡན་དགབ་དང་།དབྱར་གྱི་རས་ཆེན་གསུམ་ནི་རྡུལ་ཁྲུས་གཞལ་བར་བྱ་དགོས་ཏེ། གོང་གི་མཚོ་ཊཱིཀ་ལུང་དེས་གྲུབ་པའི་ཕྱིར་དང་། གོས་གཞན་པ་རྣམས་ནི་ལུས་ཚད་ལག་ཚད་མི་མཚམས་པ་ཡིན་ན་ལུས་ཁྲུས་གཞལ་བར་བྱ་བ་ཡིན་ཏེ། གོང་གི་མདོ་རྩའི་ལུང་དེས་གྲུབ་པའི་ཕྱིར་དང་། གལ་ཏེ་ལུས་ཚད་དང་ལག་ཚད་མཚམས་པ་ཡིན་ན་ནི་གོང་གི་གསུམ་པོའི་ལྷག་མ་བཅུ་པོ་དག་ལག་ཁྲུས་གཞལ་ཀྱང་རུང་བ་ཡིན་ཏེ། གོང་གི་མཚོ་ཊཱིཀ་ལུང་དེས་གྲུབ་པའི་ཕྱིར་རོ། །
དྲུག་པ་བྱིན་གྱིས་བརླབ་ཚུལ་ནི། སྣམ་སྦྱར་ལ་མཚོན་ན། ཡུལ་རྟེན་གཉིས་ཀས་མཆིལ་ལྷམ་ཕུད། ཡུལ་དེ་བསླབ་པ་རྒན་ན་ཕྱག་གསུམ་དང་མཉམ་པ་དང་གཞོན་པ་ཡིན་ན་ཐང་ཤད་ལན་གསུམ་བྱས་ནས། འདུད་པ་དང་བཅས་འགྲེང་བཞིན་དུ། བསྟན་པ་རིན་པོ་ཆེ་གསལ་བྱེད་དམ་པར་གྱུར་པ་བཙུན་པ་འདུལ་བ་འཛིན་པ་ཆེན་པོ་སྣམ་སྦྱར་བྱིན་བརླབ་ཀྱི་ཆོ་ག་ལ་ཐུགས་གཏད་པར་ཞུ། ཞེས་དང་། ཡུལ་གྱིས། ཆོས་བཞིན་འདུལ་བ་བཞིན་མཛད་པར་ཞུ། ཞེས་བརྗོད་དོ། །དེ་ནས་སྣམ་སྦྱར་ཕྱི་ནང་མ་ལོག་པར་བཞི་ལྟེབ་དུ་བྱས་ནས། སྣེ་མོ་གཅིག་རྟེན་གྱི་ཕྲག་པར་བཀལ་ལ། སྣེ་མོ་གཅིག་ཡུལ་རྟེན་གཉིས་ཀས་ཐལ་མོའི་བར་དུ་བཟུང་སྟེ། བསམ་པ་ལ་འདི་དགེ་སློང་གི་འཚོ་བའི་ཡོ་བྱེད་སྣམ་སྦྱར་དུ་བྱིན་གྱིས་བརླབ་སྙམ་དུ་དྲན་པར་བྱས་ནས། བཙུན་པའམ། སློབ་དཔོན་དགོངས་སུ་གསོལ། བདག་དགེ་སློང་མིང་བདི་ཞེས་བགྱི་བའི་ཆོས་གོས་བགྱིས་ལགས་པ་རུང་བ་སྤྱད་པར་འོས་པ་འདི་ཆོས་གོས་སྣམ་སྦྱར་དུ་བྱིན་གྱིས་བརླབ་བོ། །ཞེས་ལན་གསུམ། དེ་ནས་ཐབས་ལེགས་བྱ་བའོ། གལ་ཏེ་ཡུལ་མེད་ཚེ་སྙན་གསན་དང་གཏང་རག་བྱ་མི་དགོས་བཙུན་པ་ཞེས་པའི་ཚབ་ཏུ་ལྷ་ཞེས་བརྗོད་གཞན་པ་རྣམས་གོང་བཞིན་བྱ། དེ་བཞིན་བླ་གོས་སོགས་ལའང་གོང་གི་ཆོ་ག་དེ་ཁ་སྤོ་བར་བྱའོ། །དེ་ཡང་དཔག་བསམ་སྙེ་མ་ལས། འཚོ་བའི་ཡོ་བྱེད་དག་རང་མིང་གིས་ངེས་པར་བྱིན་གྱིས་བརླབ་པར་བྱའོ་ཞེས་གསུངས་པའི་ཕྱིར། བྱིན་གྱིས་བརླབས་པའི་དགོས་པ་ནི། དངོས་སུ་འཆང་འབྲལ་གྱི་ཉེས་པ་ཁེགས་ཤིང་ཤན་མི་བྱུང་བ་དང་། བརྒྱུད་ནས་དངོས་ཞེན་དང་བྲལ་བའི་ཕན་ཡོན་ཐོབ་ཅེས་དཔག་སྙེ་ལས་གསུངས་སོ། །
བདུན་པ་འཆང་ཚུལ་ནི། རང་གི་ལུས་ལ་རྨ་ཡོད་པའི་འདུ་ཤེས་དང་གོས་དེ་དག་ལ་རྨ་རས་ཀྱི་འདུ་ཤེས་དང་། མི་རྟག་པའི་རང་བཞིན་དུ་འདུལ་ཤེས་པའི་སྒོ་ནས་རབ་ཏུ་བྱུང་བ་རྣམས་ཀྱིས་འཆང་ཞིང་། ཁྱད་པར་དུ་སྣམ་སྦྱར་ནི་དགེ་སློང་དག་གིས་བཅང་ངོ་། །དགོས་པ་གང་གི་ཕྱིར་དུ་བཅང་ངམ་ཞེ་ན། སྤྱིར་ཁྱིམ་པ་དང་མུ་སྟེགས་ཅན་གྱི་རྟགས་ལས་འཕགས་པའི་ཕྱིར་དང་། བྱེ་བྲག་ཏུ་སྣམ་སྦྱར་ནི་དགེ་ཚུལ་མན་ཆད་ཀྱི་རྟགས་ལས་འཕགས་པར་བྱ་བའི་ཕྱིར་དང་རང་ཉིད་དགེ་སྦྱོང་ཡིན་པའི་དྲན་པ་གསོ་ཕྱིར་དུ་བཅང་བའོ། །
བརྒྱད་པ་ཆོས་གོས་དྲས་དྲུབ་བྱ་ཚུལ་ནི། གླེགས་བུ་དག་ནང་ཕན་ཚུན་ཆེ་ཆུང་མཉམ་པ་དང་། གླེགས་བུ་ཕྱེད་དག་ནང་ཕན་ཚུན་ཆེ་ཆུང་མཉམ་པར་བྱ་ཞིང་ཁ་ཚར་དང་ཕུན་ཚར་མེད་པར་མཚོན་གྱིས་དྲས་ཤིང་སྣམ་ཕྲན་གྱི་འཚལ་བུ་དག་གི་སྣ་ཐད་ཀར་གྲངས་ཐད་དུ་མི་བབ་པར་སྣྲེལ་གཞི་ཉིད་དང་། དབུས་ཀྱི་སྣམ་ཕྲན་ལ་ལྟོས་ནས་གླེགས་བུའི་འཕྲོ་ཕྱོགས་ཕྱོགས་སུ་བྱ་སྤུ་ནོན་གྱི་ཚུལ་དུ་ལྟ་བ་དང་། ངོས་བཞི་པོ་ལྕགས་རི་ལྟ་བུས་མཐའ་བསྐོར་ནས་དྲུབ་པར་བྱའོ། །དེ་ཡང་མདོ་རྩ་ལས། གླེགས་བུ་དང་གླེགས་བུ་ཕྱེད་དག་མཉམ་པར་བྱའོ། །ཞེས་དང་། མཚོན་གྱིས་མ་དྲས་པའི་གོས་སྤྱད་པར་མི་བྱའོ། །དྲས་ཤིང་དྲུབ་པ་ཆོས་གོས་ཉིད་དུ་བྱིན་གྱིས་བརླབ་པར་བྱའོ། །སྣམ་ཕྲན་སྣྲེལ་གཞི་ཉིད་དང་ལྷག་མ་མཉམ་པ་ཉིད་དང་དབུས་ནས་གཞན་དུ་གླེགས་བུའི་འཕྲོ་ཕྱོགས་ཕྱོགས་སུ་ལྟ་བ་ཉིད་དང་མཐའ་བསྐོར་བ་ཉིད་དག་གིས་སོ། །ཞེས་གསུངས་པའི་ཕྱིར་རོ།།ཆོས་གོས་གང་དག་དྲས་དྲུབ་བྱ་དགོས་སམ་ཞེ་ན། མཐང་གོས་དང་བླ་གོས་དང་སྣམ་སྦྱར་གསུམ་བྱ་དགོས་ཏེ། མདོ་རྩ་ལས། མཐང་གོས་དང་བླ་གོས་དང་སྣམ་སྦྱར་ལའོ། །ཞེས་གསུངས་པའི་ཕྱིར།
དེ་ཡང་སྣམ་སྦྱར་ནི་ངེས་པར་དུ་དྲས་དྲུབ་བྱ་དགོས་ཤིང་། གཞན་པ་དག་ལ་རྒྱུ་རྐྱེན་མ་འཛོམས་ན་མ་དྲས་ཀྱང་རུང་བ་ཡིན་པའོ། །དེ་ཡང་མདོ་རྩ་ལས། སྣམ་སྦྱར་མ་ཡིན་པ་དག་ལ་དྲས་ཏེ་བྱིན་གྱིས་བརླབ་པར་ངེས་པ་མེད་དོ། །ཞེས་དང་། ཕྲེང་རྒྱུད་ལས། སྣམ་སྦྱར་ངེས་པར་དྲས་ཏེ་བཅང་། །གཞན་དག་མ་ངེས་གང་གི་ཕྱིར། །ཞེས་གསུངས་པས་སོ། །འོ་ན་དགེ་སློང་གི་ཆོས་གོས་རྣམ་གསུམ་དྲས་དྲུབ་བྱ་དགོས་པའི་རྒྱུ་མཚན་གང་ཡིན་ནམ་ཞེ་ན། སྔོན་སྟོན་པས་དབྱར་རྙེད་ཀྱི་རས་རྣམས་ཁ་དོག་ངན་པར་བྱས་ཏེ་དགེ་སློང་རྣམས་ལ་བཅང་བ་གནང་བ་ལས། སྐབས་ཤིག་ན་རྒྱལ་པོ་གཟུགས་ཅན་སྙིང་པོས་ཕྱི་རོལ་འཚོ་བ་པ་ཞིག་མཐོང་ནས་གླང་པོ་ཆེ་ལས་དེ་མ་ཐག་བབས་ཏེ་ཕྱག་བྱས་སོ། །གང་ཟག་མ་དད་པ་ཞིག་གིས་བསམ་པ་ལ་ལྷ་ནི་དགེ་སློང་འབའ་ཞིག་ལ་དད་པ་མ་ཡིན་ནོ། །སྙམ་པ་དང་། གང་ཟག་དད་པ་ཅན་ཞིག་གིས་བསམ་པ་ལ་ལྷས་དགེ་སློང་ཡིན་སྙམ་དུ་གླང་པོ་ཆེ་ལས་བབས་ནས་ཕྱག་བྱས་སོ་སྙམ་ནས། ལྷ་སུ་ལ་ཕྱག་བགྱིས། ཞེས་ཞུས་སོ། །ལྷས། སྟོན་པའི་ཉན་ཐོས་ལའོ། ཞེས་སྨྲས། དད་པ་ཅན་གྱིས། དེ་ནི་ཉན་ཐོས་མ་ལགས་ཏེ་འཚོ་བ་པ་ལགས་སོ། །ཞེས་ཞུས་པ་དང་དེ་ནས་རྒྱལ་པོས་སྟོན་པའི་དྲུང་དུ་སོང་ནས་དེ་རིང་བདག་གླང་པོ་ཆེ་ལས་བབས་ཏེ་དགེ་སློང་ཡིན་སྙམ་ནས་འཚོ་བ་པའི་རྐང་པ་ལ་གཏུགས་ལགས་ཀྱིས། དགེ་སློང་གི་ཆོས་གོས་རྣམས་ལ་མཚན་མ་ཅུང་ཟད་ཅིག་མཛད་དུ་གསོལ་ཞེས་ཞུས་པས་ན། སྟོན་པས་དྲས་དྲུབ་བྱ་བར་གནང་ངོ་། །དེ་ནས་དགེ་སློང་རྣམས་ཀྱིས་ཆོས་གོས་དྲས་དྲུབ་བྱས་ཤིང་སྣམ་ཕྲན་རྣམས་ཁ་ཕྱོགས་གཅིག་ཏུ་བསྟན་པས་མི་མཛེས་ནས། ཀུན་དགའ་བོས་སྣམ་ཕྲན་རྣམས་ཁ་ཕྱོགས་གཉིས་སུ་བསྟན། མཐའ་བསྐོར་མེད་པས་མ་མཛེས་ནས། མཐའ་བསྐོར་བྱས་ཏེ་ཟིན་པ་དང་། སྟོན་པ་ལ་ཕུལ་བས་སྟོན་པའི་ཞལ་ནས་ཀུན་དགའ་བོ་ངས་གནང་བ་ཁྱེད་ཀྱིས་ཤེས་པ་ལགས་ཏེ། དེ་ལྟ་བས་ན་དགེ་སློང་རྣམས་ཀྱིས་ཆོས་གོས་དྲས་ཤིང་དྲུབ་པ་ཆོས་གོས་ཉིད་དུ་བྱིན་གྱིས་བརླབ་པར་བྱའོ། །ཞེས་གསུངས་སོ། །
དཔལ་ཆེན་ཧའོ་དགོན་ཐར་ལམ་དམ་ཅན་མཚན་ཉིད་གླིང་དུ་མེ་བྱ་ལོའི་བོད་ཟླ་བ་བདུན་པའི་ཚེས་བཟང་པོར་མདོག་གཞུང་བ་བཟོད་པ་ཆོས་འཕེལ་ནས་དམ་པའི་གཞུང་གཞིར་བཞག་ནས་རྩོམ་སྦྱོང་དུ་བྲིས་པའོ། །དགེའོ། །བཀྲིས།། །།
༼ཨོ་རྒྱན་ཉི་མས་བརྒྱུད་གཏོང་བྱས།༽
(གཞན་གྱི་རྫས་དེ་དག་ལ་ཆགས་ཤིང་དེ་འཐོབ་པའི་ཕྱིར་དུ་ཡོ་བྱེད་དེར་སྨོད་ནས་ལེན་པ་ཐོབ་ཀྱིས་འཇལ་བ་དང་།) ཐོབ་ཀྱིས་འཇལ་བའི་དོན་ཡོ་བྱེད་དེར་སྨོད་ནས་ལེན་པ་སྨོས་པ་ནི་དེ་ཡི་ཤེས་བྱེད། (དེ་ཡང་འདུལ་བ་སུམ་བརྒྱ་པ་ལས། །ཆགས་པས་གཞན་ལ་སྨོད་པ་འཐོབ་ཀྱི་འཇལ། །) ཞེས་པའི་གཞན་དེ་དངོས་མ་འཛིན་པ་རེད། ལག་ཐོགས་ཁ་བ་ཀུ་ཤུ་ལྟ་བུ་ལ་སྨད་ནས་ལེན་ན་ལོག་འཚོ་རེད་པས། དེ་འདྲའི་ལོག་འཚོ་ཞིག་ག་འདྲ་བྱས་ནས་སྐྱེ་གི་རེད། སྨོད་པ་ཞེས་པ་ནི་སྨད་ར་བྱེད་པའི་དོན་རེད། ཡོ་བྱད་ལ་སྨད་ར་བྱེད་ན་སྦྱིན་བདག་ཁོང་ཁྲོ་ཟ་ཡི་མ་རེད་པས།
སྣམ་སྦྱར་གྱི་ཚད་ནི། དཔངས་སུ་ཁྲུ་གསུམ་དང་། སྲིད་དུ་ཁྲུ་ལྔ་ཡིན་ཞེས་པ་དེ། མཐའ་བསྐོར་མེད་པ་སྣམ་འཕྲན་གཅི་བུ་ལ་ཁྲུ་ལྔ་ཡིན་ནམ། མཐའ་བསྐོར་དང་བཅས་པས་ཁྲུ་ལྔ་ཡིན་དེ་གསལ་པོ་མི་འདུག ཡང་སྣམ་སྦྱས་འགྱོན་སྐབས་དེ་དག་མི་འདུག་དེ་འགྱོན་པའི་སྐབས་ག་ཚོད་ཡོད་པ་རེད།
བོད་པའི་དགེ་སློང་གི་ཆོས་གོས་རྣམ་གསུམ་དེ། ཐེག་དམན་པའི་དགེ་སློང་ལ་མི་འདུག ཐེག་དམན་པའི་ཆོས་ཆོས་གོས་དེ་བོད་པའི་ནང་པའི་དགེ་སློང་ལ་མི་འདུག་འདི་ག་འདྲ་ཟེ་སོ་སོར་ཆགས་པ་རེད། ལགས།
དུས་རབས་ཉེར་གཅིག་པའི་སྐབས་འདིར་བོད་ཀྱི་འདུལ་བའི་རྣམ་བཞག་བཤད་པ་ནི་སྒྲུང་རིང་རང་རེད། འདུལ་བའི་གཞུང་དང་ནཐུན་པའི་འདུལ་ཆས་གྱོན་མཁན་དཀོན་ལ་ཟས་དང་གོས་སོགས་སྤྱོད་ལམ་རྣམ་བཞི་གང་ནས་ཀྱང་འདུལ་བའི་གཞུང་ནས་བཤད་པ་ལྟར་ལག་ལེན་བྱེད་མཁན་ནི་ཉིན་མོའི་སྐར་མ་རང་རེད།