མགར་ཚང་བསོད་ནམས་དར་རྒྱས།
ཕྲན་གྱིས་འདིར་བོད་སྔ་རབས་ནས་ཡོད་པའི་རང་བྱུང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་མཛད་རྗེས་བླ་ན་མེད་པ་འདི་ཟུར་ཙམ་བརྗོད་པར་བྱའོ། བོད་རྒྱལ་སྲོང་བཙན་སྒམ་པོ་ནི་༼སྤྱི་ལོ༥༥༧ ༦༥༠༽བཙན་པོ་འདིའི་ལོ་ཚིག་ལ་བཞེད་སྲོལ་ཧ་ཅང་མང་། ཆོས་རྒྱལ་བཙན་པོ་ཁོང་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་ཤར་ངོས་སྐྱིད་ཆུའི་སྟོད་རྒྱུད་དུ་ཡོད་པའི་མལ་གྲོ་གུང་དཀར་ཞེས་པའི་ས་ཆ་དེ་ནས་ཡབ་གནས་རི་སྲོང་བཙན་དང་ཡུམ་ཚེ་སྤུང་བཟའ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། བོད་རྒྱལ་གདུང་རབས་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོ་ཁོང་གིས་དགུང་ལོ་བཅུ་གསུམ་ཐོག་སྲིད་དབང་བཞེས། མཐའ་བཞིའི་རྒྱལ་ཕྲན་རྣམས་དབང་འོག་ཏུ་བསྡུས་ཏེ་ཕྱི་ནང་ལྷིང་འཇགས་སུ་གྱུར།
ཁོང་གི་སྐུ་རིང་ལ་རྒྱལ་ས་ལྷ་སར་སྤོར་ནས་དམར་པོ་རི་ལ་ཕོ་བྲང་བརྩིགས། བོད་ཡིག་གི་སྲོལ་བཏོད། སངས་རྒྱས་ཀྱི་ཆོས་ཐོག་མར་བོད་ཡིག་ཏུ་བསྒྱུར་བཀའ་ཡི་ཁྲིམས་ཡིག་རྣམ་དྲུག་མཛད་པ་སྟེ། དེ་ཡང་དང་པོ་བོད་ཡུལ་རུ་ཆེན་ལྔ་རུ་ཕྱེ་བ་དང་། ཡུལ་གྱི་དབང་རིས་རྣམ་པ་བཅོ་བརྒྱད་བཅད་པ། རྒོད་ཀྱི་སྟོང་སྡེ་དྲུག་ཅུ་རྩ་གཅིག་ཕྱེ་བ། གཡུང་གི་མི་སྡེ་ཁེང་དང་ཡང་ཁང་ཕྱེ་བ། ཞང་གསུམ་བློན་བཅས་དབུས་ཀྱི་འདུན་ས་འཛིན་པ། དཔའ་སྡེ་གསུམ་གྱིས་མཐའ་ཡི་སོ་ཁ་སྲུང་བ་བཅས་སྲིད་འཛིན་གནད་དྲུག་དང་། གཉིས་པ། བཀའ་འགྲོས་ཆེན་པོ་དྲུགགསུམ་པ་ཡིག་ཚང་དྲུག། བཞི་བ་བཀའ་ཡིག་ཕྱག་རྒྱ་དྲུག། ལྔ་པ་རྐྱེན་དྲུག། དྲུག་པ་དཔའ་ཚན་དྲུག་བཅས་དྲུག་ཚན་གིས་བོད་ཀྱི་ཁོད་སུམ་ཅུ་སོ་དྲུག་གཏན་ལ་ཕབ། ལྷ་ཆོས་དགེ་བ་བཅུ་དང་། མི་ཆོས་གཙང་མ་བཅུ་དྲུག་གི་སྲོལ་བཙུགས་ནས་རྒྱལ་སྲིད་བཟུང་།
བལ་བཟའ་ཁྲི་བཙུན་ཁབ་ཏུ་བཞེས། ལྕགས་གླང་ལོར་རྒྱ་བཟའ་ཝུན་ཤིང་ཀོང་ཇོ་བཙུན་མོར་བསུས། ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དང་། ར་མོ་ཆེ་ཞེས་པའི་གཙུག་ལག་ཁང་བཞེངས། མི་ཆེན་གྱི་བུ་རྣམས་རྒྱ་ནག་དུ་ཡོན་ཏན་སློབ་ཏུ་བཏང་སྟེ་རྒྱ་ནག་ཡུལ་ནས་ཆོས་དང་།སྨན་རྩིས་སྒྱུ་རྩལ། དཔལ་འབྱོར་སོགས་ཀྱི་སྲོལ་རྒྱུན་སྣ་ཚོགས་བོད་དུ་དྲངས། བོད་ཁམས་དར་ཞིང་རྒྱས་པར་གྱུར་ཅིང་། སངས་རྒྱས་ཆོས་ལུགས་དར་ནས་བཟུང་བོད་ཀྱི་ཁྲིམས་སྲོལ་དང་། བསམ་སྤྱོད་གོམས་གཤིས་སོགས་གང་ཐད་ནས་འགྱུར་ལྡོག་ཆེན་པོ་བྱུང་ཡོད།
དེ་ཡང་གདུང་རབས་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོ་ཁོང་གིས་བོད་འབངས་རྣམས་བདེ་ལ་འགོད་ཆེད། ལྷ་ཆོས་དགེ་བ་བཅུ་ལ་བརྟེན་པའི་ཁྲིམས་བཅའ་བ། འདོད་ཡོན་ལྔ་སྤེལ་བ། ཕན་ཚུན་དུ་སྐྱེས་བསྐུར་བ། མངའ་འོག་གི་འབངས་རྣམས་ལ་དམ་པའི་ཆོས་ཀྱི་བསླབ་བྱའི་བསྒོ་བ་ལ། བོད་ཀྱི་རྒྱལ་ཁྲིམས་སུའང་། བྱམས་སྙིང་རྗེ་གཞི་རྩ་བྱེད་པའི་དགེ་བ་བཅུའི་ཁྲིམས་དང་མི་ཆོས་གཙང་མ་བཅུ་དྲུག་གི་སྲོལ་གཏན་ལ་ཕབ་སྟེ་ཆོས་སྲིད་གཉིས་ཀ་བསྐྱངས། དེ་ནས་བཟུང་དགེ་བ་བཅུ་དང་མི་ཆོང་གཙང་དྲུག་བོད་ཀྱི་རྒྱལ་ཁྲིམས་སུ་གཏན་ལ་ཕབ། ཁྱད་པར་དགེ་བ་བཅུའི་དང་པོ་ནི་སྲོག་མི་གཅོད་པ་ཡིན་ཞིང་བོད་དུ་ཆོས་ཕྱོགས་ནས་བཤད་མ་དགོས་པ་རེད་དེ། སྲིད་ཕྱོགས་ནས་ཀྱང་སྲོག་མི་གཅོད་པ་ནི་རྒྱལ་ཁྲིམས་ཀྱི་དང་པོའམ་རྩ་བར་འཇོག་པ་ནི་བོད་མ་གཏོགས་འཛམ་གླིང་གི་རྒྱལ་ཁབས་གཞན་དག་གང་ལའང་གཏན་ནས་མེད་པ་ཞིག་གོ
དེ་བས་བོད་དུ་ཆོས་སྲིད་གཉིས་ཀྱི་རྩ་བའི་ཁྲིམས་སུ་གཏན་འབེབས་མཛད་པ་ནས་བོད་མིའི་བསམ་བློ་ཀུན་སྤྱོད་ཐད་དེ་ལས་འདའ་མི་རུང་བའི་ངེས་ཤེས་སྐྱེས་པ་རེད། བཙན་པོ་སྲོང་བཙན་རིང་ལ་དེ་ལྟར་འདི་ཕྱི་ཀུན་ལ་ཕན་པའི་བཟང་པོའི་བཙན་ཁྲིམས་གཉའ་ཤིང་དམ་པར་བསྡམས་ནས། རི་དྭགས་རྣམས་ནི་རྒྱལ་པོའི་དཀོར་ནོར་མཛད། ར་ལུག་བེའུ་ལ་སོགས་རང་གཏོག་ཡིན། ཞེས་རི་དྭགས་སྲོག་ཆགས་རྣམས་ནི་རྒྱལ་ཁབ་ཀྱི་ནོར་ཁུངས་སུ་བཏང་ནས་གང་བྱུང་དུ་དེ་དག་ལ་གནོད་འཚེ་བྱས་མི་ཆོག་པའི་གཏན་འབེབས་ཀྱང་མཛད་པར་གྲགས།
དེ་རྗེས་ཕག་མོ་གྲུབ་པའི་ཡུལ་སྡེའི་སྲིད་དབང་འཛིན་མཁན་ཏེ། ཁྲི་རབས་དང་པོ་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་རབ་བྱུང་དྲུག་པའི་ས་གླང་༼སྤྱི་ལོ་༡༣༤༩༽ལོར་བོད་ས་གནས་ཡོངས་ལ་དབང་སྒྱུར་བྱས། ཤིང་འབྲུག་༼ཕྱི་ལོ༡༣༦༤༽བར་སྲིད་བསྐྱངས།
རབ་བྱུང་དྲུག་པའི་མེ་སྤྲེལ་༼སྤྱི་ལོ་༡༣༧༥༽ལོར་ལྕགས་རྩེ་གྲི་གུ་རྫོང་དང་། འོལ་ཁ་སྟག་རྩེ་རྫོང་། གོང་དཀར་རྫོང་། སྣེའུ་རྫོང་བཅས་བརྩིགས་ཤིང་། དེའི་ཕྱི་ལོར་གཞིས་ཀ་བྲག་དཀར་རྫོང་བརྩིགས།
གཞན་ཡང་གཞིང་ཀ་བསམ་ལྷུན་རྩེའི་རྫོང་དང་། རིན་སྤུངས་རྫོང་། པ་སྣུམ་ལྷུན་གྲུབ་རྩེ་སོགས་རྫོང་ཆེན་བཅུ་གསུམ་བརྩིགས་ནས་རྫོང་སོ་སོར་རྫོང་དཔོན་བསྐོས། གསར་དུ་བཙུགས་པའི་སྲིད་དབང་སྲ་བརྟན་ཡོང་ཆེད་དང་། མངའ་འབང་བདེ་བའི་ལམ་དུ་དཀྲི་བྱེད་ལ། དཔའ་བོ་སྟག་གི་ཞལ་ལྕེ་དང་། སྡར་མ་ཝའི་ཞལ་ལྕེ། སྣེ་མོ་ལས་འཛིན་གྱི་ཞལ་ལྕེ། ཞུ་བཞེས་བདེན་རྫུན་གྱི་ཞལ་ལྕེ། བཟུང་བཀྱིགས་ཁྲིམས་རའི་ཞལ་ལྕེ། ནག་ཅག་ཁྲག་བཅོར་༼སྦྱོར༽གྱི་ཞལ་ལྕེ། དྲན་འཛིན་ཆད་ལས་ཀྱི་ཞལ་ལྕེ། ཧོར་འདྲ་ཟ་རྐང་གི་ཞལ་ལྕེ། བསད་པ་སྟོང་གི་ཞལ་ལྕེ། རྨས་པ་ཁྲག་གི་ཞལ་ལྕེ། བསྙོན་ཧམ་མནའ་བསྒག་གི་ཞལ་ལྕེ། བརྐུས་པ་འཇལ་གྱི་ཞལ་ལྕེ། ཉེ་འབྲེལ་འབྲལ་བཟླུམས་ཀྱི་ཞལ་ལྕེ། བྱི་བྱས་བྱི་རིན་གྱི་ཞལ་ལྕེ། ནམ་ཕར་ཚུར་གྱི་ཞལ་ལྕེ་སྟེ་གཡུ་འབྲུག་སྒྲོག་པའི་ཞལ་ལྕེ་བཅོ་ལྔ་ཡི་སྒོ་ནས་གཏན་ལ་ཕབ།
གཞན་བོད་མིའི་ནགས་ཚལ་ལ་བདག་སྐྱོངས་ཀྱི་ནུས་པ་མི་འདངས་བར་དགོངས་ནས་བཀའ་ཡིག་ཡིད་བཞིན་ནོར་བའི་བང་མཛོད་ཅེས་པའི་ནང་དུ། རང་རེའི་ས་ཆ་དབང་རིགས་ཐམས་ཅད་དུ། སྐྱེ་ཤིང་ལྕང་མ་སྐྱེ་ངེས་འབུམ་ཕྲག་གཉིས་རེ་ནི་ལོ་རེ་བཞིན་དམ་བཅའ་བྱས་ནས་འཛུགས་དགོས་ཤིང་། ལྕང་ཁྲིམས་པ་བསྐོས་ནས་རྩིས་ལེན་པ་དང་། བརྟག་དཔྱད་བྱེད་དགོས། འདིའི་ཡོན་ཏན། སྡེ་ལྷ་ཁང་གསོ་བ། ལྷ་སྡེ་མི་སྡེ་ཁང་བ་ཞིག་རལ་ལ་སོང་བ་གསོ་བ། གྲུ་ཤན་གསོ་བ་སོགས་མི་བྱེད་པའི་ཐབས་མེད་པས། བོད་མི་རྣམས་ཀྱིས་སྐྱེ་ཤིང་ནགས་གསོ་དོ་དམ་བྱེད་དགོས་ཤིང་བྱས་པ་རེད།
མི་མཛད་པའི་གཏེར་ཞེས་སྐྱེ་ཤིང་གི་བསྐྱར་གསོས་ནུས་པ་ལ་བརྟེན་ནས་རང་བྱུང་ནུས་ཁུངས་བེད་སྤྱོད་བྱེད་ལུགས་སོགས་བརྟན་འདུག་པ་དེ་རེད། ད་དུང་བདག་མེད་སེམས་ཅན་ཉེན་ཁ་ལས་ལས་སྐྱོབས་ཅིང་རང་གནས་སུ་བདེ་བར་འཁོད་ཆེད་དུ་ཟླ་རེའི་དུས་བཟང་གསུམ་སྟེ་ཚེས་བརྒྱད་དང་བཅོ་ལྔ། གནམ་གང་། དེ་བཞིན་བོད་ཟླ་དང་པོ། བོད་ཟླ་གསུམ་པ།བོད་ཟླ་བཞི་བ།བོད་ཟླ་བརྒྱད་པ་རྣམས་ཀྱི་ཚེས་གཅིག་ནས་ཚེས་བཅོ་ལྔའི་བར་དུ་འབྲོག་པ་རྣམས་ཀྱིས་དམར་ཁེ་ལ་མི་འགྲོ་བ་དང་། ཁྱི་ར་བ་རྣམས་ཀྱིས་ཀྱང་གང་བྱུང་དུ་སེམས་ཅན་ལ་གནོད་འཚེ་བྱས་མི་ཆོག་པའི་རི་རྒྱ་ཀླུང་རྒྱ་བསྡམས་པའི་སྲོལ་ཡང་དར་བ་རེད།
དེ་བཞིན་རྒྱལ་དབང་ལྔ་བའི་སྐབས་སུ་གཏན་ལ་ཕབས་པའི་ཁྲིམས་ཡིག་ཞལ་ལྕེ་བཅུ་གསུམ་ནང་དུ་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པས་སེམས་ཅན་བདག་མེད་སྤྱང་ཀི་མ་གཏོགས་རི་དྭགས་ཉ་སྲམ་རྣམས་སོ་སོར་རང་གི་གནས་སུ་བདེ་བར་འཚོ་ཆོག་པའི་རི་རྒྱ་ཀླུང་རྒྱ་བསྡམས་པ་གནང་། དེ་རྗེས་དགའ་ལྡན་ཕོ་བྲང་སྲིད་གཞུང་གིས་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པའི་སྲོལ་བཟང་སྔར་ལས་ལྷག་པའི་མཐོང་ཆེན་དང་མཐུས་སྒོ་ཚང་དུ་བཏང་སྟེ་བཅའ་ཡིག་ནང་དུ་འཁོད་པའི་རི་རྒྱལ་ཀླུང་རྒྱ་བསྡམས་པའི་ནང་དོན་རྣམས་ཀུན་གྱིས་མཐོང་ཡུལ་དུ་གྱུར་བའི་རྩ་ཚིག་གི་ངོ་བོའི་ཐོག་ནས་ལོ་ལྟར་རྫོང་གཞིས་ཁག་ལ་བཀའ་རྒྱ་བསྡམས་པའི་སྲོལ་ཞིག་མཆིས་ཤིང་དེ་ལ་རི་ཀླུང་རྩ་ཚིག་ཞེས་དམངས་གཙོ་བཅོིས་བསྒྱུར་མ་བྱས་བར་དུ་མངོན་རྒྱུ་ཡོད་པར་བཤད།
རྩ་བ་ཞི་བ་ལྷ་དང་འགྲེལ་བ་རྒྱལ་ཚབ་དར་མ་རིན་ཆེན་གྱིས་བརྩམས་པའི་སྤྱོད་འཇུག་རྩ་འགྲེལ་ལས། ཐུན་མོང་འདུལ་བའི་སྡེ་སྣོད་ལས་གསུངས་པའི་ཀུན་སྤྱོད་རྣམས་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བས་ཀྱང་གནང་བའི་སྐབས་མ་གཏོགས་བསྲུང་དགོས་ལ་གཞན་མ་དད་པ་བསྐྱེད་པ་ཁྱིམ་པའི་སེམས་དཔས་ཀྱང་བསྲུང་དགོས་པས། ཁ་འདྲུ་བའི་སོ་ཤིང་དང་ནི་མཆིལ་མ་དག་དོར་བ་ན་ནི་ས་ལ་སོགས་པས་སྨད་པར་འགྱུར་བས་དོར་བར་མི་བྱའོ་ཞེས་སོགས་སྲོལ་རྒྱུན་བཟང་པོ་ནས་བརྒྱུད་ཡོང་པའི་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་བྱ་བཞག་བཟང་པོ་འདི་ལྟ་བུ་ཧ་ཅང་མང་པས། ང་ཚོའི་ཀྱང་སྲོལ་རྒྱུན་བཟང་པོ་འདི་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱེད་རྒྱུ་ནི་ཧ་ཅང་གི་གལ་ཆེའོ།།
༄༅། རང་རང་སོ་སོའི་རང་རྩོམ་ལ་འདི་ལེགས་འདི་མི་ལེགས་བཤད་མ་ཤེས།
མགར་ཚང་བསོད་ནམས་དར་རྒྱས་ལེགས་ཀྱིས། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐོར་ལ་བྲིས་པར་དགའ་བསུ་ཞུ།
བོད་ཀྱི་ཆོས་རྒྱལ་སྲོང་བཙན་སྒམ་པོ་རྒྱ་གར་གྱི་ཆོས་རྒྱལ་མྱ་ངན་མེད་དང་མཚུངས་སོ་སེམས།
བོད་རྒྱལ་གདུང་རབས་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོ་ཁོང་གིས་དགུང་ལོ་བཅུ་གསུམ་ཐོག་སྲིད་དབང་བཞེས། ཞེས་པ་ལྟར་ན། ཆོས་རྒྱལ་འདིས་བལ་བཟའ་དང་རྒྱ་བཟའ་གཉིས་ཀྱི་སྔོན་དུ། བོད་ཀྱི་བཙུན་མོ་ཞིག་དངོས་གནས་བཞེས་མེད་པ་ཡིན་ནམ།
བོད་ཀྱི་མཁས་པ་རྣམས་ཀྱིས་བྲིས་པའི་ཡི་གེའི་དག་ཆ་དང་མཐུན་དགོས་པ་མང་ཡང་།
“ནུས་པ་མི་འདངས་བར་དགོངས་ནས།” ལྡངས་ལ། “འདངས”། ཞེས་ཡོད་པ་ནི། བོད་ཀྱི་བཀའ་བསྟན་གསུང་འབུམ་སོགས་ན་གསལ་བ་ལྟར་བྲིས་པའི་དག་ཡིག་ཟ་མ་ཏོག་དང་། ངག་གི་སྒྲོན་མ་སོགས་དང་བསྟུན་ཏེ། ལྡང་ལ་འདང་། ལྡངས་ལ་འདངས་འབྲི་བ་སྤངས་ཏེ། བོད་ཀྱི་སྐད་ཀྱི་འབྲི་སྲོལ་བཟང་པོར་གཞོལ་བའི་རེ་འདུན་ལགས་སོ།
ན་མོ་གུ་རུ་པདྨ་སམྦྷ་ཝ།
ཧཱུཾ། གནས་རི་བོ་གར་མཛད་ཨོཾ་གྱི་ཚུལ། །
ཨ་སྐྱེ་མེད་ཆོས་སྐུའི་ཡིག་འབྲུས་བརྒྱན། །
ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས། །
རང་སེམས་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས། །
གནས་རྡོ་རྗེའི་བྲག་ལ་འབྲུ་དྲུག་བྱོན། །
གསུང་ཡིག་དྲུག་མགོན་པོ་སྤྱན་རས་གཟིགས། །
ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས། །
རིགས་དྲུག་སྐྱེ་སྒོ་ཆོད་པར་བྱིན་གྱིས་རློབས། །
གནས་སྤྱི་འབྱམས་ཨོ་རྒྱན་སྒྲུབ་པའི་ཕུག །
གནས་དེ་ན་སྤྲུལ་པ་རྒྱུན་མི་འཆད། །
སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །
ཚེ་ཡི་རིག་འཛིན་ཐོབ་པར་བྱིན་གྱིས་རློབས། །
སྐུ་མི་ཟད་རྒྱན་གྱི་འཁོར་ལོའི་གནས། །
སྐུ་རང་བྱོན་དང་སྐུ་ཚབ་མང་དུ་བཞུགས། །
དུས་གསུམ་རྒྱལ་བའི་སྐུ་ལ་གསོལ་བ་འདེབས། །
ལུས་ཀྱི་སྒྲིབ་པ་དག་པར་བྱིན་གྱིས་རློབས། །
གསུང་མི་ཟད་རྒྱན་གྱི་འཁོར་ལོའི་གནས། །
གསུང་ཡིག་འབྲུ་དང་ཤོག་སེར་དཔག་མེད་བྱོན། །
དུས་གསུམ་རྒྱལ་བའི་གསུང་ལ་གསོལ་བ་འདེབས། །
ངག་གི་སྒྲིབ་པ་དག་པར་བྱིན་གྱིས་རློབས། །
ཐུགས་མི་ཟད་གྱི་འཁོར་ལོའི་གནས། །
ཐུཊ་མཆོད་རྟེན་དང་རིལ་བསྲིལ་མང་དུ་བཞུགས། །
དུས་གསུམ་རྒྱལ་བའི་ཐུགས་ལ་གསོལ་བ་འདེབས། །
སེམས་ཀྱི་སྒྲིབ་པ་དག་པར་བྱིན་གྱིས་རློབས། །
གནས་དག་པ་མཁའ་སྤྱོད་དང་གཉིས་སུ་མེད། །
སྐུ་ཡིག་འབྲུ་དང་ཕྱག་མཚན་བསམ་མི་ཁྱབ། །
ཡི་དམ་ཞི་ཁྲོ་རབ་འབྱམས་ལ་གསོལ་བ་འདེབས། །
མཆོག་གི་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས། །
གནས་སྒྲུབ་ཕུག་མཁའ་འགྲོའི་ཚོགས་ཁང་ན། །
ལྷ་མཁའ་འགྲོ་ཆོས་སྐྱོང་སྤྲིན་ལྟར་འཁྲིགས། །
གནས་གསུམ་དཔའ་བོ་མཁའ་འགྲོ་ལ་གསོལ་བ་འདེབས། །
རྐྱེན་ངན་བར་ཆད་ཞི་བར་བྱིན་གྱིས་རློབས། །
གནས་བདག་དང་ཞིང་སྐྱོང་སྲུང་མའི་ཚོགས། །
རྐྱེན་ཕྱི་དང་ནང་གི་བར་ཆད་སོལ། །
འཇིག་རྟེན་ཀུན་བདེ་ཞིང་སྐྱིད་པ་དང་། །
བཀྲ་ཤིས་དང་བདེ་ལེགས་མཛད་དུ་གསོལ། །
རིག་འཛིན་མཁའ་འགྲོ་བདེན་པའི་བྱིན་རླབས་ཀྱིས། །
དེང་འདིར་གནས་ཀྱི་བཀའ་ཉན་ཚོགས་བཅས་ཀྱིས། །
སྔོན་ཚེ་པདྨ་འབྱུང་གནས་བཀའ་བཞིན་དུ། །
རྟག་ཏུ་སྲུང་ཞིང་སྐྱོབས་པའི་ལས་གྱིས་ཤིག །
སྔགས་འཆང་རཱ་ག་ཨ་སྱས་གནས་འབྲེལ་བྱེད་སྐབས་བྲིས་པའོ། །ག་ཎས་པར་དུ་སྤྲོན་པའོ།།་