སེར་བྱེས་དགེ་བཤེས་འཇམ་དཔལ་བློ་ཤེས། (འོས་སྦྱོར།)
སྐད་ཡིག་རིག་གནས་ལ་བཅངས་པའི་དུངས་སེམས།
གླེང་སློང་བ།
ཕྱི་ལོ ༡༩༨༩ རང་ལོ་༢༢ ལ་ཐོག་མར་སོན་པའི་སྐབས་ཤིག་ནས་བཟུང་རང་གི་བསམ་བློའི་ནང་དུ་བོད་ཀྱི་ཆོས་དང་རིག་གཞུང་གི་རིན་ཐང་དང་། དེ་དག་གི་སློབ་སྦྱོང་ལ་འབད་འབུངས་བྱས་ན་དགོས་ཕན་ཆེན་པོ་ཡོད་པའི་སྣང་བ་བྱུང་སོང་། མ་ཟད་མུ་འཐུད་དེ་ཆོས་དང་རིག་གཞུང་ལ་སློབ་སྦྱོང་བྱེད་དགོས་བསམ་པའི་གཏན་ཚུགས་ཀྱི་བསམ་བློ་ཞིག་རྒྱུན་ལྡན་དུ་སྐྱེས་མྱོང་། དེ་ནས་བཟུང་ཕྱི་ལོ་ ༢༠༡༠ ལོ་དང་། བོད་རབ་བྱུང་བཅུ་བདུན་པའི་ལྕགས་སྟག་ལོའི་བར་འཛམ་གླིང་འདིའི་ནང་བསྟན་དགོན་པའམ་ནང་བསྟན་སློབ་གླིང་ཆེས་སྤུས་དག་ཤོས་དང་ཚད་མཐོ་ཤོས་གདན་ས་ཆེན་པོ་གསུམ་དང་། གསང་ཆེན་སྨད་རྒྱུད་གྲྭ་ཚང་སོགས་ཆོས་སྡེ་ཆེན་པོ་མང་པོ་ཞིག་གི་ནང་དུ་གོ་རིམ་ལྡན་པའི་གཞུང་ཆེན་སྣ་ཚོགས་ལ་འབད་བརྩོན་ལྷོད་མེད་ཀྱིས་སློབ་གཉེར་བྱས་ཤིང་། དེ་དང་ཆབས་གཅིག་ཏུ་བོད་ཕྱི་ནང་གི་གནས་སྟངས་ཧ་ཅང་མང་པོ་ཞིག་ལ་འབྲེལ་འདྲིས་ཀྱིས་རྒྱུས་ལོན་དང་། ཕྱི་ལོ་ ༢༠༡༡ ལོར་རང་ཡུལ་བོད་དུ་སླེབས་ཏེ་ཆོས་དང་རིག་གཞུང་མི་རིགས་དང་བཅས་པ་ལ་དུང་ཞེན་ཆེན་པོས་གཞུང་ཆེན་སློབ་ཁྲིད་དང་། བོད་ཀྱི་ས་གནས་སྣ་ཚོགས་སུ་ཤེས་སྤྱོད་ཀྱི་སྐོར་གཙོ་བོར་བྱས་པའི་བསླབ་བྱ་གྲངས་མང་བྱས་ཤིང་གཞུང་ཆེན་བགྲོ་གླེང་དང་ཚོགས་འདུ་སྣ་ཚོགས་ལ་ཞུགས་ཏེ་གནས་སྟངས་སྣ་མང་ལ་ཉམས་མྱོང་གང་འཚམས་བསགས་ཡོད།
དེ་རིང་འདིར་བཤད་འདོད་པ་ཡང་། དེ་འདྲའི་ལོ་མང་རིང་འཛམ་གླིང་སྤྱི་དང་བོད་ཀྱི་ཆོས་དང་རིག་གཞུང་མི་རིགས་ཀྱི་གནས་བབས་སྣ་ཚོགས་ལ་མཐོང་ཐོས་ཀྱིས་རྒྱུས་ལོན་དང་འབྲེལ་བའི་མ་འོངས་པའི་ཁ་ཕྱོགས་ལས་བརྩམས་པའི་རང་གི་བསམ་ཚུལ་འགའ་ཞིག་ཡིན།
ང་ཡང་འཛམ་གླིང་གི་ས་སྒང་འདིར་འཚོ་སྡོད་བྱས་ཤིང་བོད་མི་རིགས་ཀྱི་ཤ་ཁྲག་ལས་མཆེད་པའི་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་ས་སྒང་འདི་དང་ལྷག་པར་རང་ཅག་བོད་ཀྱི་ཆོས་རིག་གཞུང་དང་བཅས་པ་སྐྱ་ཆད་སྔོ་སྡུག་ལ་སླེབས་པའི་ཚོད་འདིར་རང་གི་སེམས་ཁུར་དང་སྦྲགས་ནས་བསམ་འཆར་འདོན་པའི་ཐོབ་ཐང་ལོས་ཡོད། འདིར་མི་རིགས་ཤིག་གི་ཆོས་དང་རིག་གཞུང་ཞེས་བཤད་པའི་ཚེ་སྔོན་ཆད་བོད་ཀྱི་ཁ་རྒྱུན་ཞིག་ལ། སྡེ་བ་གཞུང་གི་དོན་དག་སྡེ་སྲིད་མགོ་ལེབ་ཀྱིས་བྱེད་ཀྱི་རེད།
དེ་ལས་ང་གཉིས་ཆང་རེ་འཐུང་ནས་སྐྱིད་པོ་གཏོང་ཞེས་པ་ལྟར་ང་ལྟ་བུའི་གྲྭ་རྐྱང་དཀྱུས་མ་ཞིག་གིས་གཅིག་བཤད་ན། འགན་འཁྲི་མེད་པའི་སྟོང་གཏམ་རེད་བསམ་པ་ཡོད་སྲིད་མོད། འོན་ཀྱང་རང་ཅག་བོད་མི་རེ་རེའི་ཕྲག་ཐོག་ཏུ་རང་མི་རིགས་ཀྱི་ཆོས་དང་རིག་གཞུང་གི་འགན་ཁུར་རེ་ངེས་པར་ཡོད་དགོས་པ་ལས། ཁ་རྒྱུན་དེ་དང་མཚུངས་པར་མི་རིགས་རིག་གཞུང་དང་བཅས་པ་སེམས་ཁོངས་ནས་དོར་ཟིན་པ་དང་འདོར་བཞིན་པའི་བོད་རིགས་ཇེ་མང་ལ་འགྲོ་བཞིན་པ་འདི་ཆེས་ཉེན་ཁ་ཆེ་ཞིང་། ཆོས་དང་རིག་གཞུང་རྩ་བརླག་ལ་འགྲོ་རྒྱུའི་སྔོན་བརྡ་འཁྲུལ་མེད་དེ་ཡིན་པས། རང་ཅག་བོད་མི་རེ་རེའི་སེམས་ཁོངས་སུ་རང་ཉིད་བོད་ཡིན་སྙམ་པ་དང་། རང་ལ་ཐུན་མོང་མ་ཡིན་པའི་སྐད་དང་རིག་གཞུང་ཆོས་ལུགས་ཡོད་བསམ་པ་ཞིག་དགོས་པ་ནི་གལ་གནད་ཆེ་ཤོས་ཀྱི་རྩ་དོན་དང་པོ་དེ་ཡིན།
དེས་ན་ཆོས་དང་རིག་གཞུང་གི་ལས་དོན་མཛད་མཁན་རྣམ་པས་རང་རང་གི་དགོན་པ་རེ་དང་ཆོས་ལུགས་རེ་དང་ལུང་ཚན་རེའི་ཆེད་དུ་གྲགས་ཆེ་ལ་ས་ཆོད་ཆུང་བ། ལས་ཀ་གང་ཞིག་བྱས་ཀྱང་རང་གི་འདོད་པ་ཙམ་གཙོ་བོར་བྱས་ཏེ་ཨུ་ཚུགས་མཐའ་ལ་བསྐྱལ་བ་མ་ཡིན་པར་མཐོ་དམན་བར་གསུམ་དང་འཕྲལ་ཕུགས་གཉིས་ཀར་རྟོག་དཔྱོད་ལེགས་པོ་བྱས་ཏེ་གོང་གི་ཁྲིམས་ལ་མཐུན་ཐབས། འོག་གི་འབངས་ལ་ཕན་པ། ཆོས་དང་རིག་གཞུང་རྒྱུད་འཛིན་དར་སྤེལ་གྱི་གསོས་སུ་འགྲོ་བ། སྤྱི་དམངས་ཀྱི་དཔལ་འབྱོར་དང་འཚོ་བ་ལ་མི་གནོད་པ་ཞིག་གི་བསམ་བློ་ངེས་པར་དགོས་ཏེ། ཁྲིམས་དང་མ་མཐུན་ཚེ་ཡུན་དུ་མི་བརྟན། དམངས་ལ་མ་ཕན་ན་སྤྱིའི་ལས་དོན་ཞེས་པའང་དོན་གྱིས་སྟོང་འགྲོ། ཆོས་དང་རིག་གཞུང་རྒྱུད་འཛིན་དར་སྤེལ་གྱི་གསོས་སུ་མ་སོང་ན་མི་རིགས་ཀྱི་ལས་དོན་མི་འགྲུབ། སྤྱི་དམངས་ཀྱི་དཔལ་འབྱོར་སོགས་ལ་གནོད་སྐྱོན་ཕོག་ཚེ་ང་ཚོའི་ལས་དོན་ལམ་དུ་མི་ལྷོང་བས། དེ་འདྲ་མིན་པར་ཕུགས་རྒྱང་རིང་བའི་བྱ་གཞག་གི་ཕྱོགས་ལ་དགོངས་པ་ཆེར་བཞེས་དགོས་པ་གནད་ཀྱི་དོན་པོར་སྙམ།
འོན་ཀྱང་ལས་ཀའི་མགོ་འཛུགས་པ་ལ་རང་གི་ས་གནས་ཤིག་ནས་མགོ་འཛུགས་དགོས་པ་ལས། བོད་སྤྱི་ནས་མགོ་འཛུགས་བྱེད་སྟངས་ཤིག་མེད་པས་དེ་གཉིས་ཀྱི་ཁྱད་པར་ཤེས་དགོས་སོ། །ཞར་བྱུང་ཞུ་བྱ་གཞན་ཞིག་ནི། སྤྱི་དོན་སྒེར་དོན་གང་བསྒྲུབས་ཀྱང་འབད་བརྩོན་ལྷོད་མེད་གཞིར་བཞག་ཐོག་རང་རང་གི་ལས་དོན་སྒྲུབ་པ་ལས། གཞན་ལ་ཕྲག་དོག་འགྲན་སེམས་ཀྱིས་ཚགས་དེབ་དང་གློག་དྲ་སོགས་བརྒྱུད་ལམ་སྣ་ཚོགས་སུ་སྡུག་སྐད་ཙེ་རེ་རེ་མ་བྱས་ན་ལེགས་ཏེ། སྐྱོན་བརྗོད་ཡུལ་ལ་ཅི་ཡང་མི་གནོད་ཅིང་རང་གི་དེ་ཁོ་ན་ཉིད་གསལ་བར་བསྟན་པས་སོ། །
དང་པོ། སྐད་ཡིག་གཞན་འགྱུར་གྱི་ཉེན་ཁ་དངོས་སུ་སླེབས་པ།
སྤྱིར་བོད་མི་རིགས་འདིར་ལོ་རྒྱུས་ཐོག་དར་རྒུད་སྣ་ཚོགས་ཤིག་བྱུང་ཡོད་མོད། དེང་སྐབས་མི་རིགས་འདི་རྩ་བརླག་འགྲོ་རྒྱུའི་ཉེན་ཁ་ཧ་ཅང་ཆེ་བའི་སྒང་ཞིག་རེད། འདི་རྒྱུ་མཚན་འགའ་ཞིག་གི་སྒོ་ནས་བཤད་ན། དང་པོ་ནི། བོད་སྐད་བོད་ཡིག་གཅེས་འཛིན་གྱི་འདུ་ཤེས་ཉམས་པ། དེ་ཡང་བོད་རིགས་གཙང་མ་ཡིན་པའི་མི་མང་པོ་ཞིག་ལ་རང་ཉིད་བོད་ཡིན་བསམ་པའི་འདུ་ཤེས་དང་ངོས་འཛིན་གསལ་བོ་མེད་པར་གར་བབ་གར་ལྷུང་ལྟ་བུར་གྱུར་འདུག་པ་དང་། ལྷག་པར་དུ་བོད་རང་གི་གཞོན་སྐྱེས་ཤིན་ཏུ་མང་པོ་ཞིག་གིས་བོད་ཀྱི་སྐད་ཡིག་གི་རིན་ཐང་མི་ཤེས་ཤིང་། རང་སྐད་ལ་གཅེས་འཛིན་དང་མཆོག་འཛིན་མེད་པར་གྱུར་འདུག་པ་ནི་ཧ་ཅང་གི་ཉེན་ཚབས་ཆེན་པོ་རེད།
མི་རིགས་ཤིག་ཡུན་རིང་འཚོ་བའི་སྲོག་གི་སྙིང་པོ་མི་རིགས་དེའི་ཐུན་མོང་མ་ཡིན་པའི་སྐད་ཡིག་རིག་གནས་ཡིན་པས། དེ་ལ་མི་རིགས་རང་གི་རྒན་གཞོན་བར་གསུམ་གྱིས་རང་བདག་རང་གཅེས་བྱེད་མི་ཤེས་པ་དང་བྱེད་འདོད་མེད་པ་ལྟ་བུར་གྱུར་ཏེ། བོད་སྐད་ལ་རང་སྐད་དང་བོད་ཡིག་ལ་རང་ཡིག་ཡིན་པའི་འདུ་ཤེས་ཉམས་པ་ནི་སྐད་ཡིག་ཉམས་ཆག་ཏུ་འགྲོ་བའི་སྔ་ལྟས་ཁོ་ན་ཡིན། དཔེར་ན། བོད་ས་ག་གེ་མོ་ཞིག་ནས་ས་གནས་དེ་གའི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་ཁག་ཅིག་ལ་སློབ་གྲྭ་འདི་ཚོའི་ནང་དུ་བོད་ཡིག་དང་རྒྱ་ཡིག་གཉིས་ལས་གང་གཙོ་བོ་བྱེད་དགོས་པ་འདུག་ཅེས་དྲིས་པའི་ཚེ། དགེ་རྒན་མང་པོ་ཞིག་གིས་བོད་ཡིག་འདི་ཉིན་ཪེའི་འཚོ་བའི་ནང་དུ་བེད་སྤྱོད་མི་འདུག་པས་དེ་གཙོ་བོར་བྱས་ན་དུས་ཚོད་འཕྲོ་བརླག་རེད་ཅེས་ལན་བརྒྱབ་པའི་གནས་ཚུལ་འདུག །ས་གནས་དེ་གའི་དགེ་རྒན་ཚོའི་ཤེས་ཚད་དང་བསམ་བློའི་ལྗིད་ཚད་དེ་ལྟ་ན། ས་གནས་དེ་གའི་དམངས་ཚོགས་བྱིངས་དེ་ལས་ཐབས་སྐྱོ་བོ་ཡིན་ངེས་རེད། འདི་དཔེ་མཚོན་ཙམ་ཞིག་ཡིན།
དེང་སྐབས་བོད་སྐད་བོད་ཡིག་ནི་དགོན་པ་ཁག་གི་ནང་དུ་ཆོས་འཆད་བྱེད་དང་ཆོ་ག་འདོན་བྱེད་དང་། བོད་སྐད་ཡིག་ཡོད་པའི་སློབ་གྲྭ་ཁག་ཅིག་གི་སྐད་ཡིག་སློབ་ཁྲིད་ཀྱི་དགེ་རྒན་རེ་བྱེད་སྤྱད་མ་གཏོགས་སྤྱི་ཚོགས་ཡོངས་ཀྱི་ནང་དུ་བེད་མེད་ལྟ་བུར་འགྱུར་རྒྱུའི་མགོ་འཛུགས་བཞིན་འདུག །དེ་ཡང་གསལ་ཙམ་བྱས་ན། བོད་རིགས་རང་གི་ས་ཁུལ་གྱི་སྨན་ཁང་དང་སྦྲག་ཁང་། ཟ་ཁང་དང་འགྲོན་ཁང་། དངུལ་ཁང་དང་ལས་ཁུངས་སོགས་མི་དམངས་བྱིངས་ཀྱི་རྒྱུ་འགྲུལ་གྱི་ལམ་ཁ་ཐམས་ཅད་དུ་བོད་སྐད་དང་བོད་ཡིག་བཀོལ་སྤྱོད་བྱེད་ས་མེད་པ་དང་གཅིག །ལས་ཁུངས་དང་ཟ་ཁང་། ལམ་ཁ་དང་འགྲོན་ཁང་གསང་སྤྱོད་སོགས་སུ་བོད་ཡིག་བྲིས་ཡོད་ཀྱང་དེར་ཡོང་མཁན་གྱི་བོད་རིགས་ཕལ་ཆེ་བས་བེད་སྤྱོད་མི་ཤེས་པ་དང་གཉིས། མི་དམངས་དང་འདྲིས་གཤིབ་ཧ་ཅང་ཆེ་བའི་གྲོང་རྡལ་གྱི་མགོ་དཔོན་ཡན་ཆད་ཀྱི་ས་གནས་སོ་སོོའི་བོད་རིགས་ལས་བྱེད་པས་བོད་སྐད་ཡིག་བཀོལ་སྤྱོད་མི་བྱེད་པར། རྒྱ་ཡིག་ཁོ་ན་བཀོལ་སྤྱོད་བྱེད་པ་ནི་རྒྱལ་ཁབ་ཀྱི་ཁྲིམས་ལྟ་བུར་རྩི་ཞིང་། དེ་དག་གི་ཤུགས་རྐྱེན་ལས་བོད་རིགས་སློབ་མ་དག་གིས་གཙོས་མི་དམངས་ཡོངས་ཀྱི་ནང་དུ་རྒྱལ་ཁབ་ཀྱི་ལས་བྱེད་ཅིག་བྱེད་ན་བོད་སྐད་བོད་ཡིག་བེད་སྤྱོད་མེད་དོ་སྙམ་པའི་འདུ་ཤེས་སྐྱེས་པ་དང་བཅས་གནད་དོན་འདི་གསུམ་ག་བོད་རང་གི་ས་ཁུལ་སོ་སོའི་ལས་བྱེད་པ་དང་། མི་དམངས་རང་ཉིད་ཀྱི་ངོས་ནས་མ་འཇོན་པ་མ་གཏོགས་སྐད་ཡིག་གི་རིན་ཐང་དང་རིག་གཞུང་རང་གི་ངོས་ནས་དགོས་ཕན་མེད་པ་དང་དགོས་མཁོ་སྐོང་མི་ཐུབ་པ་གཏན་ནས་མིན་ལ། རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་ཐོག་ནས་ཀྱང་བོད་ཀྱི་ས་གནས་རིམ་པ་ཁག་གི་ལས་བྱེད་པ་ཚོས་བོད་སྐད་ཡིག་བཀོལ་སྤྱོད་བྱེད་པ་ལ་བཀག་རྒྱ་དང་དམ་སྦྲགས་གང་ཡང་མེད།
ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་གིས་ཀྱང་། ལོ་ངོ་ཆིག་སྟོང་ལྷག་གི་རིང་སྔོན་བྱོན་མཁས་པ་ཁྲི་ཕྲག་གིས་འབད་འབུངས་ཀྱིས་གསར་བཏོད་མཛད་དེ་ཤུལ་དུ་བཞག་པའི་བརྡ་སྤྲོད་ཀྱི་གཞུང་དང་། གཅིག་གྱུར་གྱི་རང་བཞིན། གོ་བདེ་དོན་ཟབ་ཀྱི་ལེགས་ཆ་མི་དམན་པའི་བོད་ཡིག་དེ་རྒྱུ་མཚན་མེད་པར་ཝ་སྐྱེས་སེང་གེར་རློམ་མཁན་གྱིས་རང་འདོད་ལྟར་རྩེད་མོ་བརྩེས་པ་ནི་ཧ་ཅང་མི་འོས་པ་ཞིག་རེད། ཁྱེད་ཚོས་བོད་སྐད་བཤད་པར་ངོ་ཚ་ན་མ་བཤད་ན་ཆོག་ལ། ཁྱོད་ཚོས་བོད་ལྭ་གྱོན་པར་ངོ་ཚ་ན་མ་གྱོན་ན་ཆོག་མོད། འོན་ཀྱང་ཁྱོད་ཚོའི་ཤ་དང་རུས་པ་ཇི་ལྟར་བྱེད་རྒྱུ་ཡིན། ཞེས་གཏིང་ཟབ་ལ་གཟིགས་རྒྱང་རིང་བ་གནད་ལ་ཁེལ་བའི་ལམ་སྟོན་འདི་ཚོ་ང་ཚོས་དུས་ནམ་ཡང་བརྗེད་མི་རུང་ངོ་། །
གཉིས་པ། གྲོང་ཁྱེར་དུ་གནས་སྤོས་ཏེ་རང་ཚུགས་བརླགས་པ།
བོད་རིགས་མང་པོ་ཞིག་མཐུན་རྐྱེན་ཅུང་ཟད་འབྱོར་ཚེ་མི་རིགས་གཞན་འདུས་ཀྱི་གྲོང་ཁྱེར་འདྲ་མིན་དང་། རྒྱ་ཡུལ་སོགས་མི་རིགས་གཞན་གྱི་གནས་ཡུལ་དུ་གྱུར་པའི་གྲོང་ཁྱེར་གང་སར་གནས་སྤོ་བྱས་དང་བྱེད་བཞིན་མཆིས། དེ་ཡང་དང་ཐོག་དབུས་ལྷ་སའི་ཕྱོགས་ནས་ཤིན་ཏུ་མང་ཞིང་། དེང་སྐབས་བོད་ས་སྟོད་སྨད་བར་གསུམ་གང་ས་ནས་འབྱོར་བ་ཅུང་ཟད་ཡོད་པ་མང་པོ་ཞིག་གནས་སྤོ་བྱས་ཟིན་ལ་བྱེད་རྒྱུའི་འཆར་གཞི་འདིང་བཞིན་པའང་ཤིན་ཏུ་མང་། ཞིབ་ཏུ་བལྟས་ཚེ། སེམས་བསམ་པའི་གཏིང་ནས་རྒྱ་ཡུལ་རང་དུ་སྐྱིད་སྣང་ཤར་ཞིང་གཏན་སྡོད་བྱེད་འདོད་ཀྱི་བོད་རིགས་གཞོན་སྐྱེས་ཤིན་ཏུ་མང་ཞིང་དེ་དག་གིས་སྐུལ་མ་བྱས་ནས་ཁྱིམ་ཚང་གི་ནང་མི་ཡོངས་རྫོགས་གནས་སྤོ་བྱེད་ཀྱིན་ཡོད། ཁྱིམ་ཚང་རེ་རེ་གནས་སྤོ་བྱས་རྗེས་དེ་དག་གི་ཉེ་འབྲེལ་སྤུན་མཆེད་མང་པོ་ཞིག་ལ་ཤུགས་རྐྱེན་ཐེབས་བཞིན་པ་སྨོས་མེད་རེད་ལ། ཁྱིམ་ཚང་དེ་ཡོད་སའི་གྲོང་ཚོའི་མི་མང་པོ་ཞིག་གནས་སྤོ་བྱེད་རྒྱུའི་ཆ་རྐྱེན་འཛོམས་མིན་ལ་མ་ལྟོས་པར་ཤུགས་རྐྱེན་ཐེབས་བཞིན་པ་གསལ་བོ་རེད།
དེ་ལྟར་ན་གནས་སྤོ་བྱེད་རྒྱུའི་མཐུན་རྐྱེན་འཛོམས་མིན་ཙམ་ལས་ཁྱིམ་ཚང་རེ་རེ་གནས་སྤོ་བྱས་པ་ལས་ཆ་མཉམ་ཁྱིམ་ཚང་བཅུ་ལ་ཤུགས་རྐྱེན་ཐེབས་འདུག་ཅེས་སྨྲས་ན་རྫུན་དུ་མི་འགྱུར། དེང་སྐབས་ཁྲིན་ཏུའུ་དང་ཀོང་ཀྲོའུ་སོགས་སུ་ཁང་པ་ཉོས་ནས་གནས་སྡོད་བྱེད་མཁན་ཁྲི་ཕྲག་མང་པོ་རེད་ལ། དེའི་ནང་དུ་བོད་རིགས་རྒྱ་བླ་ཁག་གཙོས་བླ་སྤྲུལ་མཁན་པོ་དགེ་བཤེས་སོགས་ཀྱང་མང་། ད་དུང་པེ་ཅིང་སོགས་གྲོང་ཁྱེར་ཆེ་ཁག་གཞན་དུ་ཡང་ཞིབ་ཏུ་བལྟས་ཚེ་གང་འཚམས་ཡོད་འདུག །དེ་ལས་ཡ་མཚན་པ་ཞིག་ལ་རྒྱ་ཡུལ་སོགས་སུ་གནས་སྤོ་བྱས་ནས་ལོ་གང་འཚམས་སོང་ཟིན་པའི་ཁྱིམ་ཚང་ཕལ་ཆེར་གྱི་བཟའ་ཚང་མཉམ་འཛོམས་སྐབས་སུ་རྒྱ་སྐད་རྐྱང་རྐྱང་གིས་གླེང་མོལ་བྱེད་ཅིང་། དེ་གཟི་བརྗིད་ལྟ་བུ་ཞིག་ལ་རྩི་བཞིན་འདུག །དེ་ཚོ་ཕལ་ཆེ་བ་རྒྱལ་ཁབ་ཀྱི་ལས་བྱེད་རྒན་པ་ཁག་དང་དཔལ་འབྱོར་གྱི་མཐུན་རྐྱེན་ཅུང་ཟད་ལེགས་པའི་ཚོང་པའི་རིགས་རྣམས་རེད། འདི་དག་ལ་དོན་གྱི་ཆ་ནས་རང་མི་རིགས་ལ་ཤ་ཞེན་མེད་པ་དང་རིགས་ཞེན་མེད་པ་གཏན་ནས་མིན་མོད། འོན་ཀྱང་བྱ་བའི་ཆ་ནས་མི་རིགས་ཀྱི་འདུ་ཤེས་འཛིན་མ་ཤེས་པ་དང་རིག་གཞུང་གི་རིན་ཐང་མ་ཤེས་པ། ད་དུང་ཁྲ་ཁྲ་ཟང་ཟིང་ལ་ཧ་ཅང་དགའ་ཞིང་བློ་རྒྱ་ཆུང་ཐག་ཆོད་པ། གཙོ་བོ་མི་རིགས་ཀྱི་ཁ་ཕྱོགས་དང་འབྲེལ་བའི་ཕུགས་བསམ་མེད་པས་རེད་བསམ་བཞིན་ཡོད།
དེ་ལས་ཀྱང་ཚབས་ཆེ་བ་ཞིག་ནི། བསམ་བློ་མ་སྨིན་པའི་ཕྲུ་གུ་རྒྱ་ཡུལ་གྱི་སློབ་གྲྭ་ལ་བཏང་བ་དང་། ཁྱིམ་ཚང་གནས་སྤོ་བྱས་པའི་བུ་ཕྲུག་ཚང་མ་རྒྱ་རིགས་ཀྱི་སློབ་མ་ཁོ་ན་དང་མཉམ་དུ་འཚར་ལོངས་འབྱུང་བཞིན་པ་འདིས་རང་གི་སྐད་ཡིག་གཞན་འགྱུར་ངང་ཉིན་རེ་བཞིན་བརླག་བཞིན་པ་ཧ་ཅང་གསལ་བོ་རེད། དེང་སྐབས་སུ་ལོ་ན་སུམ་ཅུའི་ཡན་ཆད་ལ་སླེབས་པའི་བོད་རིགས་བརྒྱ་ཆའི་བརྒྱད་ཅུ་ནས་དགུ་བཅུའི་བར་གྱིས་བོད་ཀྱི་ཡུལ་ལུང་སོ་སོའི་སྐད་ཤེས་ཀྱིན་ཡོད་མོད། འོན་ཀྱང་གྲོང་ཁྱེར་ཁག་ཏུ་གནས་སྤོ་བྱས་ནས་ལོ་བཅུ་གྲངས་སོང་ཟིན་པའི་ཁྱིམ་ཚང་གི་བུ་ཕྲུག་ལོ་ཉི་ཤུའི་མན་ཆད་ལ་གནས་པའི་བརྒྱ་ཆའི་བདུན་ཅུས་བོད་ཡིག་ཕར་ཞོག་བོད་སྐད་བདེ་བོ་ཞིག་ཤོད་ཐུབ་མཁན་དཀོན་པོ་ཡིན་པ་མ་ཟད། བོད་སྐད་བཤད་ན་ངོ་ཚར་རྩི་བཞིན་པ་མང་པོ་འདུག །བོད་སྐད་ནི་རང་སྐད་ཅིག་གི་ཚོད་ལ་མེད་པར་གཞན་སྐད་ཅིག་དང་མཁོ་སྤྱོད་ཀྱི་རིན་ཐང་མེད་པ་ཞིག་གི་ལྟ་ཚུལ་སླེབས་བཞིན་འདུག །
དེས་ན་མ་འོངས་པར་དེ་དག་གི་བུ་ཕྲུག་ཚོས་བོད་སྐད་མི་ཤེས་པ་གཏན་ཁེལ་ཏེ། བོད་སྐད་སྦྱོང་སའི་ཁོར་ཡུག་མེད་ལ། བོད་སྐད་སྤྱོད་སའི་རོགས་ཤིག་མེད་པས་སོ། །དཔེར་ན། ཟི་ལིང་ལ་མཚོན་ན་གནའ་ནས་ད་བར་བོད་གྲོང་ཞིག་ཡིན་མོད། འོན་ཀྱང་ད་ཆར་བོད་རིགས་གྲངས་ཉུང་ཆགས་པ་དང་། རྒྱ་རིགས་དང་ཁ་ཆེ་མང་པོ་ཆགས་ཡོད་པ་རེད། དེ་ཡང་ཁ་ཆེ་མི་གྲངས་ཁྲི་སོ་ལྔ་ཡས་མས་དང་། བོད་རིགས་ཁྲི་ཉི་ཤུ་རྩ་ལྔ་ཡན་ཞིག་ཡོད་པ་གཉིས་གྲངས་མང་ཉུང་གི་ཧེ་བག་དེ་ཙམ་མི་ཆེ་ཡང་། རང་གི་སྐད་ཡིག་རིག་གནས་དང་ཆོས་ལུགས་ལ་རང་ཚུགས་ཡོད་པའི་ཐོག་ནས་གཅིག་སྒྲིལ་དང་མཉམ་རུབ་ཀྱི་ནུས་ཤུགས་ཡོད་མེད་ལས་གྲོང་ཁྱེར་དེའི་ནང་དུ་ཁ་ཆེའི་སློབ་གྲྭ་ཆུང་འབྲིང་བདུན་དང་། ལྷ་ཁང་བརྒྱ་ཕྲག་བཞེངས་ཡོད་མོད། བོད་ལ་མཚོན་ན་མཁས་པ་མི་གསུམ་གྱི་ལྷ་ཁང་སོགས་ལྷ་ཁང་ཁ་ཤས་ཤིག་ལས་མེད་ཅིང་། བོད་ཀྱི་སློབ་གྲྭ་ཆུང་འབྲིང་ནི་གཅིག་ཀྱང་མེད།
ང་ཚོ་ཉིན་ཤས་རེར་ཟི་ལིང་དུ་བསྡད་ནས་བལྟས་ན། བོད་རིགས་རོང་འབྲོག་གི་ས་ཁུལ་ནས་ཡོང་བ་མངོན་གསལ་དོད་པའི་འབྲོག་ཆས་ཅན་སོགས་འགའ་ཞིག་རེ་མཐོང་རྒྱུ་ཙམ་ལས་བོད་རིགས་ཧ་ཅང་ཉུང་བ་ལྟ་བུར་མཐོང་གི་ཡོད། དོན་དངོས་སུ་དེ་ལྟར་མིན་པར་ཁྲི་ཉི་ཤུ་རྩ་གྲངས་གཏན་སྡོད་བྱས་ཡོད། འོ་ན་མཐོང་རྒྱུ་དེ་ཙམ་མེད་པར་ཅི་ཡིན་ཞེ་ན། གཏན་སྡོད་ཀྱི་བོད་རིགས་ཕལ་ཆེ་བས་རྒྱ་ཆས་གྱོན་རྒྱ་ཟས་ཟ་རྒྱ་ལུགས་ཁོ་ན་བྱེད་ཅིང་བོད་ཀྱི་དྲི་ཙམ་བྲོ་ཡོང་ན་རང་ཉིད་ཀྱི་ཆེ་མཐོང་བརླག་པ་ལྟ་བུ་བསམ་བཞིན་འདུག་པ་དེ་རེད། གཉིས་ནས་ཁ་ཆེ་ཚོས་འགྲོན་ཁང་དང་ཟ་ཁང་གིས་མཚོན་པའི་ཚོང་ལས་སྣ་ཚོགས་ཤིག་བྱེད་བཞིན་པ་རྒྱུན་ལྡན་དུ་མཐོང་རྒྱུ་ཡོད་མོད། བོད་རིགས་ནི་བོད་ཁྲོམ་ལྟ་བུ་ལ་སྐུ་འདྲ་དང་ཐང་ག་འཚོང་མཁན་འགའ་ཞིག་མ་གཏོགས་མཐོང་རྒྱུ་མེད་པ་རེད།
གནས་སྟངས་འདི་ཚོ་ལ་ཕྱོགས་ཡོངས་ནས་བསམ་གཞིག་ནན་ཏན་བྱེད་དགོས་པ་འདུག་ལ། ཕྱོགས་གཅིག་ནས་དཔལ་འབྱོར་གྱི་ནུས་ཤུགས་ཞན་པ་དང་། གཙོ་བོ་གཅིག་སྒྲིལ་མེད་པའི་རྐྱེན་གྱིས་རེད། སྤྱིར་ན་བོད་རང་གི་མི་གྲངས་ཉུང་བར་མཚོན་ན། ཆེས་ཉེན་ཁ་ཞིག་སྟེ། འདི་འདྲའི་གྲོང་ཁྱེར་ལ་གནས་སྤོ་བྱས་ཟིན་པའི་གཞོན་སྐྱེས་ཁྲི་ཕྲག་མང་པོ་ཞིག་བོད་རང་གི་སྐད་ཡིག་རིག་གནས་དང་འབྲེལ་མེད་དུ་གྱུར་སོང་ཚེ་ཡུན་རིང་མི་འགོར་བར་ང་ཚོའི་སྐད་ཡིག་འདི་བེད་སྤྱོད་མཁན་གྱི་མི་མེད་པར་ཆགས་རྒྱུའི་ཉེན་ཁ་དངོས་སུ་སླེབས་པ་རེད། དེའི་དུས་བོད་ཀྱི་སྐད་དང་ཡི་གེ་དེ་ཧ་ཅང་གི་ཐུན་མོང་མ་ཡིན་པ་ཞིག་ཡིན་རབས་ཇི་ལྟར་བཤད་ཀྱང་ད་ལྟའི་རྒྱ་གར་གྱི་སཾ་སྐྲི་ཏའི་སྐད་ཡིག་ལྟ་བུ་ཞིག་ཆགས་ངེས་པ་རེད། དེས་ན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་ནང་དུ་ཡང་མི་རིགས་སོ་སོའི་སྐད་ཡིག་རྒྱུད་འཛིན་བྱ་དགོས་པ་དང་། བྱེད་པའི་ཐོབ་ཐང་ཡོད་པ། ཆོས་དང་རིག་གཞུང་རྒྱུད་འཛིན་དར་སྤེལ་བྱེད་ཆོག་པ་དང་བྱ་དགོས་པར་གསུངས་ཡོད་པ་ལས། མི་རིགས་ཤིག་གཏན་མེད་གཏོང་དགོས་ཞེས་པའི་ཁྲིམས་ཤིག་གཏན་ནས་མེད་ལ། དེ་ཙམ་མ་ཟད་མི་རིགས་སོ་སོའི་ཆོས་དང་རིག་གནས་སྣ་ཚོགས། ཐ་ན་གཞས་ཞབས་བྲོ་སོགས་མི་ཉམས་རྒྱུད་འཛིན་དང་དར་སྤེལ་དགོས་པའི་སྐུལ་མ་གནང་བ་དང་། དེའི་ཆེད་དུ་འགྲོ་སོང་ཚོད་མེད་ཅིག་གནང་བཞིན་ཡོད།
དཔེར་ན། མི་རིགས་སློབ་ཆེན་ཁག་ལྟ་བུ་རེད་ལ། བོད་ཀྱི་ས་གནས་གང་སར་གཞི་རིམ་ནས་བོད་ཀྱི་སྐད་ཡིག་དང་རིག་གནས་ཀྱི་འཛིན་གྲྭ་ཡོད་པའི་སློབ་ཆུང་དང་སློབ་འབྲིང་མང་པོ་བཙུགས་ནས་འགྲོ་གྲོན་ཆེན་པོ་གནང་བཞིན་པ་འདིས། བོད་ཀྱི་སྐད་ཡིག་རིག་གནས་རྒྱུད་འཛིན་དང་དར་སྤེལ་ལ་ཁྲིམས་ཐོག་ནས་འདྲ་མཉམ་གྱི་ཐོབ་ཐང་ཡོད་པ་ལྟར་ལག་ལེན་ལ་ཡང་དར་སྤེལ་ཡོང་བའི་རྒྱབ་སྐྱོར་གནང་བ་མཚོན་པ་དང་། བོད་ཀྱི་སློབ་མ་ཚོས་བོད་རང་གི་སྐད་ཡིག་སློབ་དགོས་པའི་རྟིང་བསྐུལ་ཞིག་བྱས་པ་རེད། ཐོབ་ཐང་འདི་ལེན་དང་མི་ལེན། ལག་ལེན་ལ་འདེབས་དང་མི་འདེབས་བོད་རང་གི་སྐབས་ཐོབ་ཀྱི་ལས་བྱེད་པ་རྣམས་དང་དེའི་འོག་གི་མི་དམངས་ཡོངས་ལ་འགན་འཁྲི་ཡོད་པ་ཞིག་རེད།
གསུམ་པ། བོད་གྲོང་ཆེ་ཁག་ཏུ་གནས་སྤོ་བྱས་ན་དགེ་མཚན་བླ་ལྷག་ཏུ་ཆེ་བ།
བོད་རིགས་ཚོ་རྒྱ་གྲོང་གཞན་དུ་གནས་སྤོ་བྱེད་བཞིན་པའི་གནས་ཚུལ་འདི་ནི་ཧ་ཅང་གནད་ཆེ་བའི་ཉེན་ཁ་ཆེན་པོ་ཞིག་སྟེ། བོད་མི་རིགས་ཀྱི་བརྒྱ་ཆའི་སུམ་ཅུ་ལས་བྱེད་པ་དང་ཚོང་པས་ཟིན་ཅིང་། དེ་དག་ནི་བོད་མི་རིགས་ཀྱི་ནང་ནས་རིག་གནས་དང་དཔལ་འབྱོར་ཅུང་ཟད་ཡོད་པ་རྣམས་ཡིན་པས་དེ་ཚོ་མང་ཆེ་བར་རང་མི་རིགས་ཀྱི་སྐད་ཡིག་གི་འདུ་ཤེས་མེད་པར་གྱུར་ཏེ། མི་རིགས་གཞན་གྱི་ནང་དུ་བྱེ་མ་ལ་སྣུམ་ལྟར་འཐིམས་སོང་ཚེ། ཤུལ་ལ་ལྷག་པ་ནི་རིག་གནས་མེད་མཁན་དང་དཔལ་འབྱོར་ཞན་པའི་གྲོང་གསེབ་པ་ཚོ་ཡིན་པས་མི་རིགས་ཤིག་གི་ཚུགས་གང་ནས་ཟིན། དེ་དག་ཀྱང་དཔལ་འབྱོར་གྱི་ནུས་པ་རེ་སླེབས་ན་ཕལ་ཆེར་གནས་སྤོ་བྱེད་ངེས་ཡིན་པས་འདི་ཤིན་ཏུ་ཉེན་ཁ་ཆེན་པོར་མཐོང་།
ད་དུང་དེང་སྐབས་བོད་ཀྱི་རིག་གནས་དང་བོད་ཀྱི་ཆོས་ལུགས་ཞེས་སྟོད་སྨད་བར་གསུམ་དུ་སྐད་བརྒྱབ་ནས་འགྲོ་སྡོད་མཁན་གྱི་ནང་དུ་རང་གི་བུ་ཕྲུག་ཚོས་བོད་ཡིག་ཕར་ཞོག་བོད་སྐད་རྩ་བ་ནས་མི་ཤེས་པ་ཡང་མང་དུ་མཐོང་སོང་བས་ཁ་བཤད་ལས་ལག་ལེན་མེད་པ་དག་ལ་ཡིད་སྐྱོ་བ་ཞིག་ཀྱང་རེད། གྲོགས་པོ་འགའ་ཞིག་གིས། དེ་ཚོ་ཁག་ཡོད་པ་མ་རེད་ཆུང་དུས་ནས་རྒྱ་ཡིག་ཁོ་ནའི་སློབ་གྲྭ་རུ་སོང་ནས་བོད་ཡིག་སློབ་པའི་གོ་སྐབས་རག་ཡོད་མ་རེད་ཅེས་དམིགས་བསལ་འདྲ་བྱིན་ནས་ཞིབ་ཆ་འདྲ་བྱེད་ཀྱིན་འདུག་མོད། མི་དེ་ཚོའི་བསམ་བློའི་ནང་དུ་བོད་སྐད་ཡིག་གི་རིན་ཐང་དངོས་གནས་ཚོར་བཞིན་ཡོད་ན། རང་གི་བུ་ཕྲུག་ལ་བོད་ཡིག་སློབ་སྦྱོང་གི་གོ་སྐབས་འཚོལ་ངེས་པ་རེད། དེ་ཙམ་མ་ཟད་རང་ཉིད་འདུག་གནས་དེ་ཡང་མར་རྒྱ་གྲོང་ཞིག་ནས་མི་འཚོལ་བར་ཡར་བོད་གྲོང་ཞིག་ཏུ་འཚོལ་ངེས་པ་རེད།
དཔེར་ན། སྒྱུ་རྩལ་པ་གྲགས་ཅན་སྨན་བླ་སྐྱབས་ཟེར་བ་ཁོང་གིས་བར་སྐབས་ཞིག་ལ། ལྷ་སའི་གྲོང་ཁྱེར་དུ་རང་གི་ཁང་པའི་སྒེའུ་ཁུང་ནས་བལྟས་ན་ཕོ་བྲང་པོ་ཏ་ལ་མཇལ་འདུག་ས་ཞིག་ལ་ཁང་པ་ཞིག་ཉོས་ཡོད། དེ་ལྟར་བསྡད་ན་དགའ་སྣང་དང་སྐྱིད་སྣང་བྱུང་ཚུལ་གྱི་གནས་ཚུལ་ཞིག་དྲ་ལམ་ན་འགྲོ་བཞིན་འདུག །ཁོང་ལ་དངོས་གནས་བོད་ཀྱི་རིག་གནས་དང་གོམས་གཤིས་ས་ཆ་སོགས་ལ་དགའ་གུས་དང་འདུ་ཤེས་ཅི་འདྲ་ཡོད་མེད་དང་། དགའ་གུས་ཡོད་པའི་དཔང་རྟགས་དངོས་སུ་ཐོན་པ་རེད། སྐད་ཆ་དེས་ཚོར་བ་མི་འདྲ་བ་ཞིག་བྱིན་སོང་། དེ་དང་ཆབས་གཅིག་ཏུ་ཁོང་ལ་དགའ་གུས་ཤིག་ཀྱང་སྐྱེས་བྱུང་།
ད་དུང་ཁོང་དང་འདྲ་བའི་བསམ་བློ་སྔོན་དུ་བཏང་སྟེ་བོད་གྲོང་དུ་གནས་སྤོ་བྱས་ནས་བོད་རིགས་དང་མཉམ་དུ་འཚོ་བ་བསྐྱལ་བཞིན་པའི་བོད་རིགས་མང་པོ་ཡོད་ངེས་རེད། རང་གིས་ཀྱང་སྔོན་ཆད་ནས་དགེ་རྒན་འགའ་ཞིག་དང་གྲོགས་པོ་མང་པོ་ལ་གྲོང་ཁྱེར་དུ་འདུག་བསམ་པ་དང་ཁང་པ་ཉོ་བྱེད་ཡོད་ཚེ། བྱུང་ན་ལྷ་ས་དང་དེ་མ་བྱུང་ན་ཡང་བོད་ཀྱི་གྲོང་ཁྱེར་དཔེར་ན། ཉིང་ཁྲི་དང་ཆབ་མདོ། གཞིས་ཀ་རྩེ་དང་སྐྱེ་རྒུ་སོགས་སུ་ཁང་པ་རེ་ཉོ་ཐུབ་ན་རབ་རེད་ཅེས་བརྗོད་པ་ལན་གཅིག་མིན། གྲོང་ཁྱེར་དེ་དག་ཏུ་རྒྱལ་ཁབ་ཀྱིས་རོགས་སྐྱོར་དང་འབྲེལ་སྤུས་ཀ་ལེགས་པའི་འཛུགས་སྐྲུན་བྱས་དང་བྱེད་བཞིན་པ་རེད་ལ། ཆུ་གློག་གཞུང་ལམ་སོགས་ཀྱི་ཆ་རྐྱེན་ཉིན་རེ་ནས་ཉིན་རེར་ཇེ་ལེགས་རེད། དེ་དག་ཏུ་དགུན་ཁར་ཚ་གློག་སོགས་ཀྱི་མཐུན་རྐྱེན་འཛོམས་ཚེ་གྲང་ངར་གྱིས་དཀའ་ངལ་མེད་པར་མ་ཟད། དབྱར་ཁ་ཚ་བས་གདུང་མི་དགོས་པར་ཧ་ཅང་གི་བདེ་སྐྱིད་ཅིག་འབྱུང་ངེས་རེད། དེང་སྐབས་རྒྱ་རིགས་མང་པོས་ཟི་ལིང་སོགས་སུ་ཁང་པ་ཉོས་ནས་ཡར་བོད་ཕྱོགས་སུ་གནས་སྤོ་བྱེད་བཞིན་པ་མང་པོ་ཞིག་གིས་གནམ་གཤིས་ཡག་པོར་བརྩིས་ནས་ཡོང་བཞིན་པ་ཁོང་ཚོས་ས་བབས་དང་གནམ་གཤིས་ཀྱི་ལེགས་ཆ་ཤེས་པའི་རྟགས་མཚན་རེད།
ད་དུང་གསལ་བོ་ཤེས་པ་ཞིག་ལ། རྒྱ་ཡི་གྲོང་ཁྱེར་ཁག་ཏུ་གནས་སྤོ་བྱས་པ་དག་མི་རིགས་ཀྱི་འདུ་ཤེས་ཉམས་བཞིན་པ་དངོས་སུ་མཐོང་ཡོང་གི་འདུག །དེ་ཡང་ཁོང་ཚོས་རང་མི་རིགས་ཀྱི་སྐད་ཡིག་བརྗེད་བཞིན་པ་དང་། གྲོང་ཁྱེར་གྱི་ནང་དུ་སླེབས་པ་ནས་ཆས་ལུགས་དང་གཤིས་ཀ་ཡོངས་རྫོགས་མི་རིགས་གཞན་ལ་ལད་ཟློས་བྱས་ཏེ། ཁྱོད་བོད་རིགས་ཨེ་ཡིན་ཞེས་དྲིས་པའི་ཚེ་མིན་ཞེས་རྒྱ་སྐད་ཀྱིས་ལན་འདེབས་མཁན་ཡང་མི་ཉུང་བ་ཞིག་མཆིས་པས། འདི་དག་གིས་གང་ཞིག་མཚོན་པ་རེད་ཅེ་ན། གྲོང་ཁྱེར་ཁག་ཏུ་གནས་སྤོ་བྱས་པ་དག་སྐད་ཡིག་དང་བསམ་སྤྱོད་ཡོངས་རྫོགས་མི་རིགས་གཞན་ཞིག་ལ་འགྱུར་བཞིན་པའི་རྟགས་ཡང་དག་རེད། ད་དུང་། བོད་རིགས་མང་པོ་ཞིག་རྒྱ་ཡུལ་དུ་གནས་སྤོས་ནས་མི་ཚེ་སྐྱེལ་བའི་སྐབས་སུ་གྲོང་ཁྱེར་ཀྱི་མི་རྣམས་ཀྱི་གཤིས་ཀ་ལ་འགྲོགས་འདྲིས་ཀྱི་གོམས་གཤིས་མེད་པ་དང་། ཐ་ན་ལོ་ན་ཅུང་མཐོ་བའི་སྐབས་སུ་དགོན་པ་དང་མཆོད་རྟེན་སོགས་སྐོར་བ་བྱེད་ས་མེད་པ་དང་། བོད་ཡུལ་ལྟ་བུའི་རང་དང་རིགས་མཐུན་པའི་སྐད་ཡིག་གི་ཐོག་ནས་གུ་ཡངས་བག་ཕབ་ཀྱིས་གླེང་མོལ་བྱེད་ས་ཡང་མེད་པས་རང་རང་གི་གོམས་གཤིས་དང་མཐུན་པའི་དུས་ཚོད་བསྐྱལ་ཐབས་མི་འདུག་ཅེས་མིག་མཐར་མཆི་མས་བསྐོར་ནས་གསུང་མཁན་གྱི་ལོ་རྒན་པ་ཁ་ཤས་ལ་ཡང་དངོས་སུ་ཐུག་མྱོང་། ཕལ་ཆེར་ཞིག་དེ་འདྲ་རེད་འདུག །
སྡོམ་བརྒྱབ་ནས་ཞུས་ན། བོད་རིགས་རྣམས་རང་ས་རང་གིས་བཟུང་ནས་རང་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་རྒྱུད་འཛིན་དར་སྤེལ་བྱས་ན་ད་གཟོད་མི་རིགས་ཤིག་གི་ཚུགས་ཟིན་ཐུབ་ལ། དེ་ནི་མི་རིགས་ཤིག་གི་བདེ་སྐྱིད་རེད་ཅེས་པ་དེ་ཡིན།
བཞི་པ། རྒྱ་མི་རིགས་ཀྱི་གཟི་བརྗིད་ལ་མིག་དཔེ་བལྟ་དགོས།
འདི་ལ་དཔེ་ལྟ་ས་ཞིག་ང་ཚོའི་ཐག་ཉེ་ན་ཡོད། དེ་ནི་རྒྱ་མི་རིགས་འདི་ཡིན། མི་རིགས་འདི་ནི་ལོ་ངོ་ལྔ་སྟོང་ལྷག་གི་ལོ་རྒྱུས་ཡོད་པས་ལོ་རྒྱུས་ཤིན་ཏུ་རིང་ལ། རིག་པའི་གཞུང་ལུགས་ཕུན་སུམ་ཚོགས་པ་ཡོད་པ་དང་། དཀའ་སྡུག་སྣ་ཚོགས་བརྒྱུད་དེ་ཡོང་བའི་ཉམས་མྱོང་ལྡན་པའི་རླབས་ཆེན་གྱི་མི་རིགས་ཤིག་ཡིན། ཁོང་ཚོ་ནི་མི་རིགས་ཀྱི་རིགས་ཞེན་ཤིན་ཏུ་ཆེ། དེ་ནི་ཁོང་ཚོའི་གཟི་བརྗིད་དངོས་གནས་དེ་ཡིན། དཔེར་ན། ཨ་རི་ལ་གནས་སྤོ་བྱས་ཟིན་པའི་རྒྱ་རིགས་ཚོས་དབྱིན་སྐད་ཤེས་ལ། ཡོ་རོབ་ཏུ་གནས་སྤོ་བྱས་ཟིན་པ་ཚོས་ནུབ་སྐད་སྣ་ཚོགས་ཤེས། རྒྱ་གར་ལ་གནས་སྤོ་བྱས་ནས་ཡུན་རིང་སོང་ཟིན་པ་ཚོས་རྒྱ་གར་གྱི་ཡུལ་སྐད་ཆུ་རྒྱུག་པ་ལྟར་བཤད་ཤེས།
འོན་ཀྱང་ཁྱིམ་ཚང་གི་ནང་དང་རྒྱ་མི་རིགས་ཕན་ཚུན་ཐུག་པའི་སྐབས་སུ་རྒྱ་སྐད་ཁོ་ན་བེད་སྤྱོད་བྱེད་པ་མ་ཟད། གཤིས་སྤྱོད་ཐམས་ཅད་རང་མི་རིགས་ཀྱི་འགྲོས་ཁོ་ན་བྱེད། རྒྱལ་ཁབ་གཞན་པའི་ནང་དུ་ཟ་ཁང་ཞིག་ཕུབ་ན་ཡང་རྒྱ་མི་རིགས་ཀྱི་ཁྱད་ཆོས་ལྡན་པ་ཞིག་ངེས་པར་བྱེད། ས་གནས་གང་དུ་ཡང་རྒྱ་མི་རིགས་ཕན་ཚུན་མཉམ་འདུས་ཀྱིས་བྱ་བ་སྒྲུབ་པ་དང་། གཅིག་ཕན་གཅིག་གྲོགས་བྱེད་པ་སོགས་མི་རིགས་ཀྱི་དུངས་ཞེན་ལྡན། གཞན་ཡང་རྒྱ་ནག་རང་དུ་ཡང་སི་ཁྲོན་པ་ཚོས་ནང་ཕན་ཚུན་སྐད་ཆ་བཤད་པའི་སྐབས་སུ་སི་ཁྲོན་རང་གི་སྐད་རྒྱག་པ་དང་། ཞིང་ཆེན་གཞན་གྱི་ནང་དུ་ཡོད་ཀྱང་སི་ཁྲོན་པ་ཚོས་སི་ཁྲོན་ནས་ཡིན་པ་ཤེས་ན་དགའ་བའི་ཚུལ་གྱིས་དམིགས་བསལ་གྱིས་རོགས་རམ་བྱེད། ཀོང་ཏུང་པ་ཚོས་ནང་ཕན་ཚུན་ལ་སྐད་ཆ་ཤོད་སྐབས་སུ་ཀོང་ཏུང་སྐད་ཁོ་ནས་ཤོད་བཞིན་པ་སོགས་མཐོང་བ་ན། བསམ་བཞིན་བསམ་བཞིན་ཁོང་ཚོའི་བྱ་སྤྱོད་དེ་དག་ལ་ཡིད་སྨོན་ཤོར་ཞིང་དེ་དག་ལ་ང་ཚོས་ཁ་མིག་ཡར་ལྟ་དང་སློབ་སྦྱོང་བྱ་དགོས་པར་འདོད་ཅིང་། དེ་དང་ཞོར་དུ་རྒྱ་ཡི་གྲོང་ཁྱེར་ནང་འཚོ་སྡོད་བྱེད་བཞིན་པའི་བོད་རིགས་ཀླད་སྟོང་ཁ་བཤད་དོན་ལ་མི་གནས་པ་འགའ་ཞིག་གི་བྱ་སྤྱོད་ལ་ཡིད་སེམས་གཏིང་ནས་སྐྱོ།
མ་ཟད་དེང་སྐབས་ཕྱི་རྒྱལ་གྱི་ལུང་པ་སྣ་ཚོགས་སུ་གནས་སྤོས་ཟིན་པའི་བོད་རིགས་དག་ནི། རྒྱ་རིགས་དང་མི་འདྲ་བ་ཕལ་ཆེ་བར་རང་ཚུགས་མེད་པར་ཕྱི་གླིང་གི་ཡུལ་གྲུ་གང་དུ་སྤོས་ན་དེ་མ་ཐག་ཏུ་རང་སྐད་དང་རང་ཡིག་ལ་གཅེས་འཛིན་གྱི་བསམ་བློ་དོར་ནས་ཕྱི་སྐད་དང་ཕྱི་ཡིག་ལ་འབད་ཅིང་། ཕྱི་རྒྱལ་གྱི་བྱ་སྤྱོད་ཐམས་ཅད་ལ་ཡིད་སྨོན་བྱེད་ཅིང་དང་ལེན་བྱེད་བཞིན་འདུག །ཕྱི་ཡུལ་དུ་སྐྱེས་པའི་བོད་རིགས་ཀྱི་ཕྲུ་གུ་ཕལ་ཆེ་བས་བོད་ཡིག་ཕར་ཞོག་བོད་སྐད་མི་ཤེས་ཞེས་སྨྲས་ན་རྫུན་དུ་མི་འགྱུར། སྐད་ཡིག་དང་རིག་གཞུང་འདིའི་ཕྱོགས་ལ་བོད་ཕྱི་ནང་གཉིས་ཀ་ན་ཡོད་པའི་བོད་མི་ཡོད་དོ་ཅོག་གིས་བསམ་གཞིག་ནན་ཏན་བྱེད་དགོས་པའི་དུས་ལ་བབས་འདུག་གོ །
ལྔ་པ། མི་རིགས་གྲངས་ཉུང་བས་སྐད་ཡིག་རིག་གནས་ཀྱི་ཁོར་ཡུག་བརླགས་པ།
དེང་སྐབས་མི་རིགས་གང་ཞིག་གྲངས་ཀའི་ཚད་མ་ལོངས་ན་སྐད་ཡིག་རིག་གནས་ཀྱི་ཁོར་ཡུག་རང་བཞིན་གྱིས་བརླགས་འགྲོ་བ་དེ་ངེས་པར་ཤེས་དགོས། ལྷག་པར་རྒྱལ་ཁབ་ཆེན་པོའི་ནང་གི་གྲངས་ཉུང་མི་རིགས་དག་ནི་ཅི་བས་ཉེན་ཁ་ཆེ། དེང་སྐབས་སུ་མི་རིགས་ཤིག་གི་ཐུན་མོང་མ་ཡིན་པའི་སྐད་ཡིག་རིག་གནས་དང་བཅས་པ་བདག་སྐྱོང་བྱས་ཏེ་ས་སྒང་འདིའི་སྟེང་དུ་ཡུན་རིང་པོར་འཚོ་དགོས་ན། གྲངས་ཀའི་ཐོག་ནས་ཚད་ལོངས་པར་བྱས་ཏེ་མི་རིགས་གཞན་གྱི་ནང་དུ་འཐིམས་མི་འགྲོ་བའི་ཐབས་ལམ་ཞིག་ཅི་ནས་ཀྱང་གལ་ཆེ། དེ་ཡང་སྔོན་ཆད་དང་མི་འདྲ་སྟེ། སྔོན་མར་ཆེད་དུ་རྒྱལ་ཁབ་གཅིག་གིས་གཅིག་ལ་བཙན་འཛུལ་བྱས་ཏེ་མི་རིགས་ཕན་ཚུན་མཉམ་བསྲེས་ཀྱིས་མི་སེར་སྤེལ་ཡུལ་བྱས་པ་ཁག་མ་གཏོགས། རང་བཞིན་གྱིས་མི་རིགས་ཕུན་ཚུན་ཐུག་འཕྲད་ཀྱི་གོ་སྐབས་ཉུང་བ་མ་ཟད་འཚོ་བ་མཉམ་རོལ་བྱེད་པ་ཉུང་། དེ་ནི་ཕན་ཚུན་འགྲོ་འོང་བྱེད་པ་ཉུང་བ་དང་། ཐག་རིང་པོར་འགྲོ་དགོས་ཀྱང་བགྲོད་ལམ་མི་བདེ་བ་དང་དུས་ཚོད་ཧ་ཅང་མང་པོ་འགོར་བའི་རྐྱེན་གྱིས་རེད།
དཔེར་ན། ང་ཚོ་བོད་ལ་མཚོན་ན། སྔོན་ཆད་ཁམས་སྨད་དང་ཨ་མདོ་ལྟ་བུ་ནས་ལྷ་ས་ལ་འགྲོ་མཁན་ཤིན་ཏུ་ཉུང་། དབུས་ལ་སླེབས་མྱོང་ཇོ་ཐོད་བཏུག་མྱོང་ཞེས་སྨྲས་ན་གནས་བྱིན་རླབས་ཆེ་ཞེས་སྨྲས་ནས་དེ་ལ་གུས་ཞབས་དང་མང་པོས་ཕྱག་དབང་ཡང་ཞུ། ས་གནས་གཞན་པ་ཚོ་ལ་ཡང་དེ་མཚུངས་ཡིན་འདུག །ཐག་རིང་ཕྱིའི་རྒྱལ་ཁབ་ལྟ་བུ་ལ་མཚོན་ན་ཕྱི་ལོ་གཅིག་དགུ་བཞི་བཅུའི་ནང་དུ་བོད་དབུས་སུ་ཕྱི་གླིང་བ་མི་གཉིས་སླེབས་འདུག་ཅེས་ཚང་མས་ཧ་ལས་ལས་ཧོན་སང་སང་བྱེད་ཅིང་། ལོ་རྒྱུས་ཀྱི་ཡིག་ཆ་ཁག་ཏུ་ཡང་དེ་ཚོའི་སྐོར་ནས་མང་པོ་བྲིས་འདུག།།ལོ་རབས་དགུ་བཅུའི་ནང་ནས་ལོ་རེ་བཞིན་བརྒྱ་ཕྲག་སྟོང་ཕྲག་སླེབས་བཞིན་པ་སུ་ཞིག་གིས་དོ་སྣང་བྱེད། འདི་ཚོ་ལས་ཤེས་ཐུབ་པ་ནི་སྔོན་ཆད་མི་རིགས་མཉམ་འདྲེས་དང་ཡང་ན་མཉམ་བསྲེས་ཀྱིས་གནས་པ་ཉུང་བ་མ་ཟད། ཅུང་ཐག་རིང་བའི་གྲོང་ཚོ་ཕན་ཚུན་གྱི་མི་དག་ཀྱང་ཐུག་འཕྲད་ཧ་ཅང་དཀོན་པས། མདོར་བསྡུས་ན་སྔོན་ཆད་མི་རིགས་ཉུང་བ་ཞིག་མང་པོའི་ནང་དུ་འཐིམས་འགྲོ་བའི་ཉེན་ཁ་ཆེན་པོ་མེད་ཅེས་པ་དེ་ཡིན།
དེང་སྐབས་སྔོན་ཆད་དང་མི་འདྲ་བར་གོ་ལ་ཆུང་དུ་སོང་ཞིང་། འགྲོ་སྡོད་སྟབས་བདེ་ཆགས་པ་མ་ཟད། ཞིབ་ཏུ་བལྟས་ན་འཛམ་གླིང་གི་མི་ཐམས་ཅད་ཉིན་མཚན་ཀུན་ཏུ་ཕན་ཚུན་གནས་སྤོ་བྱེད་བཞིན་པ་ལྟ་བུ་རེད། ཆེ་ས་ནས་རྒྱལ་ཁབ་ཕན་ཚུན་བར་གནས་སྤོ་བྱེད་པ་རྒྱུན་ཆད་མེད་པ་དཔེར་ན། ཁ་ཆེའི་ལུང་པ་ཁག་ནས་ཨ་རི་ལ་གནས་སྤོ་བྱེད་མཁན་ལོ་རེར་ཁྲི་འབུམ་མང་པོ་ཟིན་པ་དང་། ད་ལོར་ཨ་རིའི་སྲིད་འཛིན་ཁྲོམ་ཕུ་ནས་ཁ་ཆེ་གནས་སྤོ་བྱེད་རྒྱུའི་བརྒྱུད་ལམ་ཁ་ཤས་ཤིག་བཀག་སྡོམ་བཟོས་པ་དེ་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་དགོས་ཆགས་པ་ཡང་སྤྱིར་བཏང་ཕན་ཚུན་རྒྱུན་མ་ཆད་དུ་གནས་སྤོ་བྱེད་བཞིན་པའི་རྟགས་རེད། འདིའི་ཐོག་ནས་འཛམ་གླིང་གི་ཤེས་ལྡན་པ་སྣ་ཚོགས་ཤིག་ལ་སྔར་བསམ་བློའི་ནང་དུ་འཁོར་མ་མྱོང་བའི་བློ་སྐྱེད་ཆེན་པོ་ཞིག་སྤྲད་ཡོད་པ་རེད།
སྤྱིར་བཏང་ནས་ཤར་ནུབ་ཀྱི་རྒྱལ་ཁབ་ཕན་ཚུན་བར་མི་སྣ་འདྲ་མིན་མང་པོ་ཞིག་ཐབས་ཤེས་སྣ་ཚོགས་ཀྱི་སྒོ་ནས་གནས་སྤོ་བྱེད་མཁན་ལོ་ལྟར་ཁྲི་ཕྲག་མང་པོ་ཡོང་བཞིན་པ་དང་། ཁ་ཆེའི་མི་རིགས་ལྟ་བུར་མཚོན་ན་མ་འོངས་པའི་མི་རིགས་དང་ཆོས་ལུགས་ཀྱི་ཕུགས་རྒྱང་རིང་ལ་གཏིང་ཟབ་པའི་འཆར་གཞིའི་ཐོག་ས་གནས་སྣ་ཚོགས་སུ་གནས་སྤོ་བྱེད་བཞིན་པ་དང་། ཁ་ཆེའི་ལྷ་ཁང་གཏན་ནས་བྱུང་མ་མྱོང་བའི་གྲོང་ཁྱེར་མང་པོར་ཁ་ཆེའི་ལྷ་ཁང་གསར་རྒྱག་བྱེད་བཞིན་པ་རེད། དཔེར་ན། སྒ་ཡུལ་སྐྱེ་རྒུའི་མདོ་ལྟ་བུའི་གྲོང་དཀྱིལ་དུ་ཁ་ཆེའི་ལྷ་ཁང་བརྗིད་ཉམས་ལྡན་པ་ཞིག་བཞེངས་ཚར་འདུག །འོན་ཀྱང་བོད་རང་གི་དགོན་པ་ཞིག་སྐྱེ་རྒུའི་མདོ་ལ་རྒྱག་རྒྱུ་ཟེར་ན་གཡས་གཡོན་གྱི་ཐག་ཉེ་སའི་དགོན་པ་ཁག་གནམ་ལ་ལྡིང་ས་ལ་མཆོང་སྟེ་ལས་སླ་བོར་འཇོག་རྒྱུ་མ་རེད་ཅེས་ཞར་བྱུང་དུ་ཐལ་སོང་།
གཞན་ཡང་ཁ་ཆེའི་མི་རིགས་འདི་དག་གིས་མི་རིགས་ཀྱི་གྲངས་ཀའི་ཐོག་ལ་ཤུགས་སྣོན་ཚད་མེད་རྒྱག་བཞིན་པ་འདི་དག་ཧ་ཅང་གཏིང་ཟབ་པའི་འཆར་འགོད་ཅིག་རེད། འདིར་ཡང་སྙིང་བཤད་འདོད་པ་ནི། ད་ལྟའི་ཆར་འཛམ་གླིང་འདིའི་སྟེང་དུ་མི་རིགས་ཤིག་རང་ཚུགས་ཐུབ་པར་གནས་དགོས་ཚེ་འོས་འཚམས་ཀྱི་མིའི་གྲངས་ཚད་ལོན་དགོས་ལ། དེ་མེད་ན་བོད་རང་གི་ནང་དུ་སྐད་ཡིག་རྒྱུད་འཛིན་དགོས་ཞེས་ཡིག་རྨོངས་སེལ་བ་ཙམ་དང་། བརྡ་དག་གི་སྐོར་ནས་ཟབ་སྦྱོང་ལྟ་བུའི་ལས་འགུལ་ཁ་ཤས་རེ་སྤེལ་བ་དང་། ད་དུང་རིག་གནས་པ་ཡིན་ཟེར་མཁན་མང་པོ་ཞིག་གིས་རྩོམ་རྒྱག་ལུགས་དང་། ཕྲད་རྣམ་དབྱེའི་ཐོབ་ཐང་ལྟ་བུ་རེ་ལ་རྩོམ་ཐུང་རེ་བྲིས་པ་དང་། གནའ་དང་དེང་རབས་ཀྱི་རྩོམ་ལུགས་སོགས་ལ་ཞིབ་འཇུག་རེ་བྱས་ཏེ་དགག་གཞག་གི་དཔྱད་རྩོམ་རེ་སྤེལ་ནས་སྐད་ཡིག་གི་ཐོག་ལ་བྱས་རྗེས་ཆེན་པོ་བཞག་ཡོད་རབས་དང་། ཚོར་སྣང་ཧ་ཅང་ཆེན་པོས་པ་བའི་ཐོབ་ཐང་རྩོད་པ་ལྟ་བུ་དང་། དུས་གསུམ་གྱི་རྣམ་གཞག་སོགས་ལ་དགག་གཞག་གཞི་རྒྱ་ཆེན་པོའི་རྣམ་པ་རེ་བྱས་ན་ཡང་། སྐད་ཡིག་གང་ལ་གནས་པའི་གཞི་མི་རིགས་ཀྱི་གྲངས་དང་སྤུས་ཚད་ཚུགས་ཟིན་པ་ཞིག་མ་བྱུང་ཕྱིན་བྱེ་མའི་ཕུང་པོའི་སྟེང་དུ་བྱིས་པས་རྡོ་ཐབ་བརྩིགས་པ་ལྟར་ཆགས་ངེས་རེད།
རྒྱུ་མཚན་ནི། བོད་སྐད་ཡིག་གི་རིན་ཐང་སོགས་ཤོད་མཁན་དང་ཉན་མཁན་ང་ཚོ་ཚང་མ་ཆབ་དཔལ་རིག་གསུམ་གྱིས་མཚོན་པའི་ལས་དོན་ཆེ་ཕྲ་དཔེར་ན། བོད་ཡིག་གི་དཔེ་དེབ་ཅིག་བཟོ་དགོས་ཚེ་བཟོ་བྱེད་ཀྱི་ལག་ཆ་ལ་རང་སྐད་བེད་མེད་དུ་གྱུར་ནས་སྐད་ཡིག་གཞན་ཞིག་དང་ཡིག་རིགས་གཞན་ཞིག་སྤྱད་དེ་མི་འགྲོ་ཐབས་མེད་དུ་ཆགས་ཡོད་པས། ག་ཚོད་བཤད་ཀྱང་རྨང་གཞི་མི་རིགས་ཀྱི་གྲངས་ངེས་ཅན་ཞིག་མེད་ཚེ་ལག་ལེན་ཁེལ་རྒྱུ་དང་གྲུབ་འབྲས་ཐོན་རྒྱུ་ཁག་པོ་ཆགས་པ་རེད། འདི་གོ་ནོར་ཐེབས་མི་རུང་། ངས་ཀྱང་མི་རིགས་ཀྱི་སྲོག་རྩ་སྐད་ཡིག་ལ་ཐུག་ཡོད་པ་རྒྱུན་དུ་བཤད་ཀྱིན་ཡོད་ལ་འཛམ་གླིང་གི་ཤེས་ལྡན་མི་སྣ་མང་པོས་ཞིབ་འཇུག་བྱས་ཏེ་བཞག་པའི་སྡོམ་ཚིག་ཀྱང་རེད།
འོན་ཀྱང་སྐད་ཡིག་དེ་རྒྱུད་འཛིན་བྱེད་པ་ལ། བོད་རིགས་ཤིག་ཡིན་ཕྱིན་བོད་སྐད་གཙང་མ་སློབ་རྒྱུ་དང་། སྦྲགས་སྐད་རྒྱག་རྒྱུར་འཛེམ་པ་དང་། གོང་དུ་བཤད་པའི་རྩོམ་ཡིག་འབྲི་བ་སོགས་དགོས་ངེས་ཀྱི་ལེགས་ཆ་གལ་ཆེན་ཞིག་ཡིན་མོད་དེ་ཙམ་གྱིས་འདང་གི་མི་འདུག་ཅེས་པ་དེ་ཡིན། ང་ཚོས་དེང་སྐབས་སུ་སྐད་ཡིག་ཉམས་ཆག་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་བཞི་བརྒྱ་ནད་ཀྱི་རྩ་བ་གང་ཡིན་ངེས་པར་ཤེས་དགོས། དང་པོ་མི་རིགས་གྲངས་ཉུང་ཆགས་ཏེ་མི་རིགས་གཞན་གྱི་ནང་དུ་འཐིམས་འགྲོ་བ་འདི་གནད་ཆེ་ཤོས་ཤིག་ཡིན། དེང་སྐབས་འཛམ་གླིང་གི་ཞིབ་འཇུག་པ་མང་པོས་སྡོམ་ཚིག་ཅིག་བཞག་ཡོད་པ་ནི། ད་སྔའི་སྐད་ཡིག་ཉམས་ཆག་དང་རྩ་བརླག་སོང་བའི་བརྒྱ་ཆའི་མང་ཤོས་སྐད་ཡིག་དེ་བཀོལ་སྤྱོད་བྱེད་མཁན་གྱི་མི་གྲངས་ཉུང་དུ་ཕྱིན་ཏེ་བཀོལ་སྤྱོད་ཀྱི་ཁོར་ཡུག་མེད་པར་གྱུར་ནས་ཉམས་འདུག་ཅེས་བཤད་འདུག །འདི་ཤིན་ཏུ་བདེན་ཏེ། ང་ཚོ་ལ་ཡང་རྒྱུ་རྐྱེན་འདི་ཚོ་ཕལ་ཆེ་བ་ཚང་ཡོང་གི་འདུག །
གོང་དུ་བཤད་པའི་རྒྱུ་རྐྱེན་སྣ་ཚོགས་ལས་བོད་སྐད་ཡིག་བཀོལ་སྤྱོད་ཀྱི་ཁོར་ཡུག་ཉམས་བཞིན་པ་གསལ་པོ་རེད། མི་དམངས་ཀྱི་འཚོ་བའི་ཁྲོད་དུ་རྒྱུན་ལྡན་དུ་སྤྱོད་སྒོ་ཧ་ཅང་ཆེ་བའི་རིགས་འགྲོན་ཁང་དང་དངུལ་ཁང་། སྦྲག་ཁང་། ཟ་ཁང་ཕལ་ཆེར་ལ་བཀོལ་སྤྱོད་མེད་པ་མ་ཟད། རྒྱུན་ལྡན་དུ་འཆང་དགོས་པའི་རིགས་ཁ་པར་སོགས་སུ་ཡང་བོད་ཡིག་རེ་གཏགས་རྒྱུ་ཡོད་ཙམ་ལས་མ་ལག་ཅན་གྱི་ཁ་པར་ཕལ་ཆེར་མེད། དངུལ་ཁང་ནང་དུ་སྒོར་བརྒྱ་ཕྲག་རེ་ལེན་དགོས་ཚེ་ཡང་རང་གི་མིང་འབྲི་རྒྱུའི་བེད་སྤྱོད་མེད་ལ། སྨན་ཁང་སོགས་སུ་ཡང་དེ་མཚུངས་ཡིན། སྦྲག་ཁང་གི་ནང་དུ་ཁ་བྱང་ཞིག་འབྲི་བའི་བེད་སྤྱོད་མེད། དེང་སྐབས་སྤྱོད་སྒོ་ལྷག་ཏུ་ཆེ་བའི་ཚོང་ལས་ཀྱི་དྲ་(淘宝网 དང་ 京东商城 དང་ 唯品会 )སོགས་དང་། རིག་གནས་ཀུན་འདུས་ཀྱི་དྲ་བ་(百度网站 དང་互联网 དང་搜狐网)ལྟ་བུ་དེ་དག་གང་གི་ནང་དུ་བོད་ཡིག་གི་ལམ་ནས་དྲི་བ་འདྲི་ས་དང་། ལན་རྒྱག་ས་ཅ་ལག་ཉོ་ས་གཅིག་ཀྱང་མེད་པ་འདི་ཐམས་ཅད་ཀྱི་རྩ་བ་ང་ཚོ་བོད་ཀྱི་མི་རིགས་གྲངས་ཉུང་ཆགས་ནས་བོད་ཡིག་གི་ཐོག་ནས་ཚོང་ལས་སོགས་དེ་དག་སྤྱོད་མཁན་ཧ་ཅང་ཉུང་དྲགས་པས་བཟོ་ཚོང་ལས་ཁུངས་ཁག་གིས་མཛད་སྤྱོད་པའི་དགོས་མཁོ་དང་ཚོང་ལས་ཀྱི་ཁེ་བཟང་ལ་བལྟས་ནས་བོད་ཡིག་མ་བཞག་པ་རེད། འདི་དག་འཛུབ་མོ་རི་སྟོན་ཙམ་གྱིས་འཐུས་པར་བྱ།
མདོར་ན། ང་ཚོའི་ཐུན་མོང་མ་ཡིན་པའི་སྐད་ཡིག་རིག་གནས་དང་ནང་བསྟན་ཆོས་ལུགས་སོགས་དུས་རབས་དང་མཐུན་པའི་ཡར་རྒྱས་གོང་འཕེལ་ཐོག་རྒྱུད་འཛིན་བྱེད་དགོས་ན། མི་རིགས་ཀྱི་གྲངས་ཀའི་ཐོག་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཤུགས་སྣོན་རྒྱག་དགོས་ཏེ། མི་རིགས་ཀྱི་ས་གཞི་གཤིན་པོ་རྒྱ་ཆེ་བ་ཞིག་མེད་ན་སྐད་ཡིག་རིག་གནས་ཀྱི་ལོ་ཏོག་གི་འབྲས་བུ་ཁུར་ལྕི་ལ་གྲངས་མང་བ་ཞིག་ཡོང་མི་སྲིད་པས་སོ། །འདི་ལྟར་བཤད་ཚེ་དགེ་བཤེས་འདིས་ཅི་ཞིག་ཤོད་ཀྱི་ཡོད་སྙམ་པ་འབྱུང་སྲིད་ཀྱང་། གོང་དུ་བཤད་པའི་སྐད་ཆའི་ནང་དོན་ལེགས་པར་གོ་ཚེ་ཆོས་དང་རིག་གཞུང་སྐད་ཡིག་དཔལ་འབྱོར་སོགས་གང་ལ་ཡང་མི་གྲངས་མང་ཉུང་གི་དགེ་སྐྱོན་ལེགས་པར་གོ་ཐུབ་བོ། །རེ་ཞིག་དེ་ཙམ་གྱིས་འཐུས་པར་བྱའོ། །
དགེ་བཤེས་ལགས་ཀྱིས་བོད་སྤྱིའི་གནས་བབས་དང་བོད་སྐད་ཡིག་ཉམས་རྒུད་དུ་འགྲོ་རྐྱེན་གང་ལ་ཐུག་མིན།
མི་རིགས་ཀྱི་རང་ཚུགས་བརྟན་གཟུང་བྱ་བར་མིག་དཔེ་བལྟ་དགོས་ས་གང་ཞིག་ཡོད་མེད་ནས་བརྩམས་ཏེ་ཁ་བརྡ་གང་མང་གནང་འདུག་པས་ཡི་རངས་ཞུ། ངས་བསམ་ནའང་དགེ་བཤེས་ཀྱིས་གནས་ཚུལ་བཀོད་པར་བརྒྱ་ཆ་དགུ་བཅུ་གོ་དགུ་བདེན་པ་རེད། གྲོང་ཁྱེར་གཞན་ཁག་ཏུ་གནས་སྤོས་པ་ཙམ་གྱིས་རང་གི་སྐད་ཡིག་དང་། བྱ་སྤྱོད་འགྱུར་འགྲོ་བ་འདུག་ཅེས་ལབ་ན་དེ་ཙམ་དཀའ་མོ་རེད། དཔེར་ན། རྒྱ་རིགས་གྲངས་ཉུང་ཞིག་བོད་ཁུལ་དབུས་སྟོད་སྨད་གསུམ་གང་རུང་ཐོག་མར་སླེབས་དུས་ཁོ་ཚོ་ང་ཚོ་དང་བསྡུར་ན་གྲངས་ཉུང་ཆགས་ཡོད་མོད། འོན་ཏེ། ཁོ་བ་ཚོས་བོད་མི་རིགས་ཀྱི་སྐད་ཡིག་མི་སྦྱོང་བའི་ཁར་ང་ཚོའི་བྱ་སྤྱོད་ཐམས་ཅད་ཁོ་ཚོར་མི་འགོས། རྒྱུ་མཚན། རང་ཚུགས་དང་རིགས་ཞེན་བརྟན་པོ་ཡོད་པས་སོ།། དཔེར་ན། རྒྱ་ས་ལས་པ་དང་། རྡོ་རྩིག་མཁན། ཤིང་བཟོ་བ་འདི་དག་གིས་ཀྱང་སྐད་བརྡའི་ཐོག་དཀའ་ངལ་འཕྲད་ནའང་བོད་སྐད་ཡིག་སྦྱངས་པའི་ལོ་རྒྱུས་ཤིག་མཐོང་ཐོས་སུ་གྱུར་མ་མྱོང་།
དགེ་བཤེས་ལགས། ད་ལྟ་ང་ཚོས་སྡུག་སྐད་བརྒྱབ་ནས་ཡོང་རྒྱུ་མེད་པ་ཀུན་ལ་གསལ། དེ་བས། དགེ་བཤེས་ལགས་ཀྱིས་དཀའ་ངལ་དང་ཉེན་ཚབས་འདི་དག་མཐོང་གསལ་ལྟར་ལག་ལེན་དུ་བསྟར་དགོས་པ་དོན་གྱི་གནད་དམ་པ་རེད། ང་ཚོས་སྤྱི་ཚོགས་ཀྱི་གནས་བབས་ཡོངས་རྫོགས་ལ་རྒྱུས་ལོན་བྱས་རྗེས་ཉེན་སྐྱོབ་ཀྱི་ལས་བརྩམ་རྒྱུ་འདི་གལ་འགངས་ཆེན་པོ་རེད། རྒྱ་གྲོང་དུ་གཏན་སྡོད་བོད་རིགས་རྣམས་ཀྱིས་བོད་སྐད་ཡིག་གཏིང་བརྗེད་དམ། ཡང་ན། གདོད་མ་ནས་སློབ་སྦྱོང་བྱས་མེད་རིགས་ལ་ཅི་ལྟར་བྱས་ཏེ་ཁོང་ཚོས་བོད་སྐད་ཡིག་བསྐྱར་དྲན་དང་། གསར་སྦྱོང་གནང་ཐབས་ཀྱི་ལས་ལ་དངོས་སུ་འགོ་བརྩམ་དགོས། ང་ཚོ་བོད་མི་རིགས་ཀྱི་ན་གཞོན་རྣམས་ལ་སློབ་སྦྱོང་གང་ཕྱོགས་ནས་འདང་གིས་མེད་ན་དེའི་ཕྱོགས་སུ་འཁྲིད་ཐབས་དང་ལག་ལེན་བསྟར་དགོས། དེ་མིན། སྙན་ཐོ་རེ་བཏོན་པ་ཙམ་གྱིས་མིག་མདུན་དུ་ལྷག་པའི་དཀའ་ངལ་ཐམས་ཅད་སེལ་མི་ཐུབ་པ་ཆོས་ཉིད་ཡིན། དགེ་བཤེས་ལགས། ར་རྒྱའི་འཇིགས་རྒྱན་བཞིན་སྤྱི་ཚོགས་ཀྱི་སྣེ་འཁྲིད་དགོས། རྒྱ་གྲོང་དུ་གནས་སྡོད་བོད་རིགས་རྣམས་ཀྱི་ཆེད་གཟའ་མཇུག་གི་སློབ་གྲྭ་ཚུགས། རང་ཉིད་ཀྱིས་ཀྱང་ནུབ་སྡོད་མི་རབས་གསར་བའི་ཆེད་དངོས་སུ་བོད་ཡིག་སློབ་ཁྲིད་དང་། དེ་མིན་སློབ་ཕྲུག་གི་དམིགས་ཡུལ་གང་ཡིན་དྲིས་ཏེ་འཕྲུལ་རྩལ་རིག་གཞུང་གི་ཕྱོགས་སུ་དོ་སྣང་དང་སློབ་སྦྱོང་གནང་ཐུབ་ན་མ་འོངས་བོད་ལ་ཕན་ཐོགས་ཡོད་པའི་བསམ་ཚུལ་བཤད་ཀྱིན་ཡོད། ང་ཚོས་འབར་ཞུན་རྐང་གཅིག་བཟོ་མི་ཤེས་པའི་རྒྱུ་རྐྱེན་འཕྲུལ་རྩལ་རིག་གནས་ཀྱི་འཁོས་ཀ་ཞན་སོང་བས་རེད།
དགེ་བཤེས་ལགས་ཀྱིས་རང་མི་རིགས་ཀྱི་སྐད་ཡིག་རིག་གནས་བཅས་པར་དགོངས་ཚུལ་ཡག་པོ་གསུངས་འདུག ངོ་སོ་བསྟོད།
གྲོས་ཚོགས་སུ་སྐད་ཡིག་གི་སྐོར་ལ།
https://www.facebook.com/CTATIBETTV/videos/10154957029145382/?hc_ref=ARQF4liK3-15DAwN-dG0yEicKCJy_QHiO2i4Ia6f7zT7Uade665STe014JSP7YeIzss