དཔལ་དགྱེས་པ་རྡོ་རྗེ།
ན་མོ་གུ་རུ་ནིརྨ་ཀཱ་ཡ་ཡེ།
༼༡༽ ཆོས་སྐུ་རྒྱལ་བའི་ཞིང་ལས་དེ་ཉིད་གཟིགས་ཅིང་།།
ལོངས་སྤྱོད་རྫོགས་སྐུའི་མཚན་དཔེའི་སྒྱུ་འཕྲུལ་མངོན་པའི།།
སྣ་ཚོགས་སྤྲུལ་སྐུའི་རོལ་བ་དཔག་མེད་སྟོན་པ།།
བདེན་པའི་སྐུ་གསུམ་ཚོགས་ལ་མཆོད་ཕྱག་འབུལ་ལོ།།
༼༢༽ ཆོས་མེད་སྤྲང་པོ་ཕྱུག་པོས་ནོར་ཕྱིར་རྒྱགས་ནས་།།
བསྐྱེད་རྫོགས་མེད་པར་ཞིང་ཁམས་བཀོད་པ་བཤད་པ།།
རྫུན་ལ་བློ་ཕུག་བཅོལ་བའི་སྤྲུལ་རྫུན་རིགས་ཀྱིས།།
སྐུ་གསུམ་མིང་དོན་མ་གོ་འཁོར་བ་འཁྱམས་འདུག།
༼༣༽ ལྷོ་རྒྱལ་འཛམ་བུ་གླིང་གི་ཡངས་སྟེངས་འདི་ན།།
མཆོག་གི་སྤྲུལ་སྐུ་ཤཱཀྱ་ཐུབ་པ་མཆོག་དང་།།
རྒྱལ་ཀུན་རྣམ་སྤྲུལ་པདྨ་འབྱུང་གནས་ལ་སོགས།།
བཟོ་སྐྱེའི་སྣ་ཚོགས་སྤྲུལ་སྐུ་བདེན་པ་མང་ངོ་།།
༼༤༽ སྟོན་པ་སྐུ་བལྟམས་དཀའ་སྤྱད་གནང་བ་དེ་དང་།།
ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཀུན་ལ།།
མདོ་སྔགས་ཐེག་པའི་སྙིང་དོན་སེམས་འདུལ་གསུངས་ན།།
དམ་ཆོས་ཚུལ་བཞིན་སྒྲུབ་པའི་དོན་དག་གོ་དགོས།།
༼༥༽ ཉོན་མོངས་ཤུགས་དྲག་སྡེ་སྣོད་ཚོང་ལས་ཙམ་དང་།།
མི་དགེ་བཅུ་སྤྱོད་དགེ་བཅུ་སྐྱོན་དུ་འཛིན་ན།།
སྤྱི་དོན་ཟེར་ནས་སྒེར་དོན་སྐྱོང་བའི་རིགས་ཀྱིས།།
ཕན་བདེ་སྤེལ་འདོད་བཤད་ན་ལོག་ལམ་ཙམ་མོ།།
༼༦༽ བདེན་བཞིའི་མི་ཤེས་ཁ་བཤད་ཙམ་དུ་ཆགས་ན།།
སྐུ་གསུམ་མ་ཤེས་ཚོང་ལས་སྒེར་དོན་གཉེར་ན།།
དོན་གཉིས་ཟེར་ནས་གཞན་གནོད་གཞི་བཅས་སྒྲུབ་ན།།
སྐྱབས་གཅིག་མི་ཤེས་འགྲོ་རྣམས་རྨོངས་པར་བསྒྱུར་འདུག།
༼༧༽ ཉིས་བརྒྱ་ལྔ་བཅུའི་སྡོམ་ཁྲིམས་མེད་པར་ཡིན་ན།།
རབ་བྱུང་སྡོམ་རྒྱུན་སྤེལ་བའི་མཁན་པོ་མ་རེད།
སྙིང་རྗེ་རྩ་བ་གཞན་ཕན་མེད་པ་ཡིན་ན།།
དར་ཤི་ངན་སྐུལ་བྱེད་པའི་ཁྲེལ་མེད་དོར་དགོས།།
༼༨༽ ཆོས་ལྡན་གངས་ཅན་ཡུལ་དུ་སྐྱེ་བ་མ་བླངས།།
དག་སྣང་དགེ་བསྙེན་སྡོམ་དང་དམ་ཚིག་མེད་བཞིན།།
གོས་ཆས་གང་བྱུང་གྱོན་པའི་ཁྱབ་སྒྲག་འདི་ཚོ།།
མདོ་སྔགས་མ་ཤེས་བསྟན་པའི་ཞབས་འདྲེན་ཡིན་ནོ།།
༼༩༽ མཐོང་སྒོམ་གང་བྱས་ཉོན་མོངས་གཉེན་པོར་སོང་ཞིང་།།
བརྒྱད་བཅུ་རྩ་གཉིས་རྟོགས་ཚོགས་གྲོལ་བ་ཡིན་ན།།
རྟོགས་ལྡན་ཆོས་པ་ཡང་དག་དེ་ཀ་ཡིན་ཕྱིར།།
ཆས་གོས་བརྡ་རྟགས་ཙམ་ལ་ཁྱད་པར་མ་བལྟ།།
༼༡༠༽ ཉམ་ཆུང་མགོ་ལ་རྐང་པས་ཅི་ནུས་བརྫིས་ཤིང་།།
དཔོན་ཆེན་རིགས་ལ་མགོ་སྐོར་གང་ནུས་བཏངས་པ།།
འཛམ་གླིང་མི་དམངས་གཡོ་སྒྱུས་བསླུ་བ་འདི་རྣམས།།
མི་ཤེས་མི་སྨྲས་རྟུལ་ཞུགས་འཛིན་པ་ཕོད་དམ།།
༼༡༡༽ སྙིང་གི་གྲོགས་པོར་མ་ཉེས་སྒྲོ་བཀུར་བཏབས་ཅིང་།།
བྱང་ཆུབ་ལམ་རིམ་སྒྲུང་གཏམ་ཙམ་ཏུ་བསྒྱུར་ནས།།
གཉིས་སྨན་དབུ་མ་རྒྱ་དམར་དཔུང་དུ་ཕུལ་ན།།
ཡ་མ་ཟུང་གི་རྫུ་འཕྲུལ་མི་མཐོང་མི་སྲིད།།
༼༡༢༽ ཉན་ཐོས་ཐེག་པ་འཁོར་བའི་འདུག་ཆོས་སྤེལ་ཞིང་།།
རང་རྒྱལ་ཐེག་པའི་དྲི་ཙམ་གཤིས་ལ་མི་བྲོ།།
བྱང་ཆུབ་སེམས་དཔའི་སྤྲུལ་སྐུ་ཡིན་ནོ་ཟེར་ན།།
དཔྱོད་ལྡན་གང་ཞིག་ཡིད་ཆེས་བྱེད་པར་སྲིད་དམ།།
༼༡༣༽ མོ་ལ་སྨད་ནས་ཕོ་ལ་ངོ་སོ་འདོན་ནས།།
སྔགས་ལ་སྡང་ཞིང་བོན་ལ་གྱེར་བ་འདི་ཚོ།།
འགྲོ་ལ་ཕན་པའི་ཐབས་མཁས་ལྟ་ཞིག་ཅི་སྨོས།།
དེ་འདྲའི་མགོན་ལ་རེ་བ་གཏན་ནས་མ་བྱེད།།
༼༡༤༽ བདེན་གཉིས་མ་ནོར་འགྲོ་ལ་ཕན་བདེ་མཛད་ཅིང་།།
ཕྱི་ནང་ཆོས་རྣམས་སེམས་ཀྱི་གོ་དོན་རྟོགས་ན།།
བླ་མེད་ཐེག་པའི་སྟོན་པར་གོར་མ་ཆགས་ཕྱིར།།
དགོན་གྲོང་གང་དུ་གནས་ལ་ཁྱད་པར་མ་མཐོང་།།
༼༡༥༽ དགེ་བཅུའི་བླང་དོར་མཁས་པའི་མཁན་པོ་རྣམ་པ།།
ལུགས་གཉིས་མཁྱེན་རྒྱ་ཡངས་པའི་དཔོན་པོ་བཟང་པོ།།
རིམ་གཉིས་རང་དབང་འབྱོར་བའི་སྔགས་འཆང་དམ་པ།།
འཛམ་བུ་གླིང་འདིའི་ཉི་ཟླ་སྐར་གསུམ་ལགས་སོ།།
༼༡༦༽ ཐེག་པ་ཆེན་པོའི་བསམ་སྤྱོད་གཏན་ནས་མེད་པར།།
གསང་ཆེན་སྨིན་གྲོལ་དབང་བསྐུར་བྱས་པ་ཡིན་ཡང།།
བསམ་མེད་བྱིས་པས་ཌཱ་དྲིལ་དཀྲོལ་བ་ཇི་བཞིན།།
ཆོས་མིན་རྐང་རྩེད་སྤོ་ལོའི་ཁྱབ་བསྒྲགས་བཞིན་ནོ།།
༼༡༧༽ ཐེག་ཆེན་མིན་པར་ཐེག་ཆེན་ཁས་སུ་འཆེ་བ།།
བོང་བུས་སེང་གེའི་པགས་པ་གྱོན་དང་འདྲ་བར།།
བསམ་སྤྱོད་བྱང་ཆུབ་སེམས་དང་འབྲེལ་བ་མེད་ན།།
དབུ་མ་སེམས་ཙམ་ཞེཟ་པ་དྲི་ཡང་མི་བྲོ།།
༼༡༨༽ གཟུང་འཛིན་གཉིས་སྤངས་ཚོགས་ཆེན་རྫོགས་པ་ཡིན་ཚེ།།
ས་བཅུའི་བྱང་ཆུབ་སེམས་དཔའི་རྟུལ་ཞུགས་ཕྲིན་ལས།
རྒྱལ་དང་རྒྱལ་བའི་རྒྱལ་ཚབ་གྱུར་པ་འདི་རྣམས།།
ནམ་ཡང་རྫུན་གྱི་གོ་སྐབས་མཆིས་པར་མི་སྲིད།།
༼༡༩༽ ཁྱིམ་པས་དགྲ་འདུལ་གཉེན་སྐྱོང་བྱེད་པའི་ལས་ཀ།
རབ་བྱུང་ཁྱིམ་མེད་དགོན་དུ་གནས་པ་འདི་ཀོ།
སྔགས་འཆང་བསྐྱེད་རྫོགས་འདོད་ཡོན་རོལ་བ་རྣམ་གསུམ།།
ཐེག་པའི་གོ་རིམ་མ་ནོར་མཁྱེན་པར་མཛོད་ཅིག།
༼༢༠༽ འདོད་ལྔ་བུད་མེད་ཟེར་ནས་མ་སྨོད་འཁན་མང་ཡང་།།
དགྲ་བཅོམ་མཚན་ཉིད་ཚང་ན་སྨྲ་བ་ཉུང་ཕྱིར།།
བརྫུན་ལ་བསྟོད་ཅིང་བདེན་ལ་འཆའ་སྨད་དག་ལ།།
ཆོས་དོན་རང་བཞིན་མ་ཤེས་བརྡ་རྟགས་སྟོན་སོང་།།
༼༢༡༽ ཉན་རང་འཁོར་བ་སྤོངས་དགོས་རྒྱལ་བས་གསུངས་ན།།
བྱང་སེམས་རང་དོན་སྤོངས་བར་ཡོངས་སུ་གདམས་པ།།
གསང་སྔགས་འདོད་ཡོན་ལམ་ཁྱེར་སངས་རྒྱས་བཀའ་རེད།།
ཕྱོགས་རིས་མེད་པར་སོ་སོས་མོས་པར་སྤྱོད་དགོས།།
༼༢༢༽ ཆོས་སྐུའི་དགོངས་པ་མཉམ་ན་རྫོགས་པ་ཆེན་པོ།།
ལོངས་སྐུའི་བདེ་ཆེན་རོལ་ན་ཕྱག་རྒྱ་ཆེན་པོ།།
སྤྲུལ་སྐུའི་ཆགས་བྲལ་སྤྱོད་ན་དབུ་མ་ཆེན་པོ།།
ཉན་རང་དགེ་སློང་ཡིན་ན་དགྲ་བཅོམ་ཆེན་པོ།།
༼༢༣༽ དགེ་སྡིག་བླང་དོར་བརྩོན་ན་ཡ་རབས་སྤྱོད་པ།།
རང་དོན་ཁོ་ན་གཉེར་བ་འཇིག་རྟེན་ཁྱིམ་པ།།
མི་དགེ་སྡིག་ལས་སྤྱོད་པ་མུ་སྟེགས་སྨྲ་བ
སྲོག་གཅོད་དཔའ་བོ་འདོད་པ་ཁ་ཆེའི་དྲག་སྤྱོད།།
༼༢༤༽ ཁྱི་ཕག་བརྟུལ་ཞུགས་སྤྱོད་པ་འདོ་མེད་སྨྱོན་པ།།
སངས་རྒྱས་ཆོས་ལ་སྡང་བའི་ལོག་པར་ལྟ་བ།།
ལྷ་དང་རྗེ་ལ་དད་མོས་ཡེ་ཤུ་ཆོས་པ།།
སེམས་ཅན་བསམ་པའི་གྲངས་བཞིན་ཐེག་པ་མཆིས་སོ།།
༼༢༥༽ མུ་སྟེགས་འབའ་འཇི་ཟེར་བ་ལོག་ན་མེད་དོ།།
ནང་གི་སེམས་རྒྱུད་དུལ་བ་དམ་པའི་ལྷ་ཆོས།།
སངས་རྒྱས་བསྟན་པ་བདུད་ཀྱིས་བསླུས་པ་མེད་དོ།།
སྨྱོ་པས་སྒྲོ་བཀུར་འདེབས་ཀྱང་ངལ་བའི་རྒྱུའོ།།
༼༢༦༽ དཀོན་མཆོག་སྐྱབས་སུ་འཛིན་པ་ནང་པ་སྤྱི་ཁྱབ།།
གཞན་ཕན་རྣམ་ཐར་སྐྱོང་བ་བྱང་སེམས་ཚོགས་པ།།
གསང་ཆེན་བསྟན་པ་སྤེལ་བའི་སྔགས་འཆང་ཡབ་ཡུམ།།
སངས་རྒྱས་བསྟན་པ་མཁོ་ན་མེད་ཐབས་མེད་དོ།།
༼༢༧༽ གཏི་མུག་མུན་ཚོགས་དག་པས་ཤེས་རབ་འོད་གསལ།།
འདོད་ཆགས་རྒྱ་མཚོ་རྫོགས་ནས་སྙིང་རྗེ་བསམ་འཕེལ།།
ང་རྒྱལ་ཞེ་སྡང་རི་རབ་སྨིན་གྲོལ་རྒྱུད་པ་འབྱོར་ནས།།
ཕྲག་དོག་རླུང་དམར་འཇམ་ནས་ཐར་པ་ཐོབ་ངེས།། ཞེས་པ་འདི་ཡང་བོད་པ་ཟེར་བ་འགའ་རེས་ཐལ་ཆེས་པའི་སྐད་ཆ་དང་ངན་སྐུལ་ལ་རྣམ་དཔྱོད་མེད་པ་འགས་ཡི་རང་གི་མོས་མཐུན་ལ་སུན་སྣང་དང་ཁྱད་པར་སྔགས་འཆང་ཡོངས་སྨད་པ་དག་མ྄ཐོང་བ་དང་དེ་མ་ཐག་ཏུ་གང་ཤར་དུ་དབྱིན་ཡུལ་ཨ་ཏིའི་དགོན་པ་ནས་མཁན་ཆེན་བླ་མ་འམ་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་ཆོས་དཛ་བོད་པ་ཡོངས་ནས་བདེན་རྫུན་ཡང་དག་ཅིག་ཤེས་པའི་ཆེད་དུ་གསུངས་པར་རྫོགས་སོ།།