ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས།
ཀ་དག་ཕྱག་རྒྱ་ནང་བསྟན་གཞུང་ལུགས་ལས་ཅན་བུ་ཡི་ནོར་སྐལ་རེད།།
ཁ་དོག་དཀར་དམར་རིགས་ལམ་རྩོད་པའི་ཐབས་ལམ་བཟང་པོ་ཤེས་པ་གྱིས།།
ག་བུར་ཙན་དན་ཨ་ཀ་རུ་སོགས་དྲི་ཞིམ་སྤོས་ངད་ལྷ་ལ་མཆོད།།
ང་རྒྱལ་འདོད་ཆགས་ཞེ་སྡང་དྲག་པོ་མཐར་ལམ་འགོག་པའི་དུག་རྩ་རེད།།
ཅ་ཅོ་འར་འུར་དུས་རབས་ཉེར་གཅིག་འཇིག་རྟེན་མི་རྣམས་གདོན་གྱིས་བསླུས།།
ཆ་འཇོག་ཡིད་ཆེས་བློ་ཡི་དམ་བཅའ་རང་འགན་མ་ཐུབ་སྣང་མེད་ཤོར།།
ཇ་ཆང་ཞིམ་པོ་འཇིག་རྟེན་མི་ཡི་ཟས་སུ་བསྟེན་པ་བསོད་ནམས་རེད།།
ཉ་ཕག་སྒོང་གསུམ་མཐར་ལམ་འགོག་པའི་ནག་པོའི་ཁ་ཟས་ཉུང་ན་དགའ།།
ཏ་ཐ་གཱ་ཏའི་དམ་ཆོས་རིན་ཆེན་འཇིག་རྟེན་མུན་པ་སེལ་བའི་སྨན།།
ཐ་དད་ཆོས་ལུགས་རང་རང་ཁམས་དང་མོས་གུས་ཟབ་མོའི་བློ་ལ་འཇུག།
ད་ལྟའི་མི་ལུས་རྟེན་བཟང་ཐོབ་པ་སླར་ཡང་ཐོབ་པའི་དགེ་ལས་བརྩོན།།
ན་རྒ་འཆི་བ་སྐྱེ་འཆིའི་འདུ་འབྲལ་སེམས་ལ་གཟན་པ་ཆོས་ཉིད་ཙམ།།
པ་ཕ་ཨ་མའི་བཀའ་དྲིན་འཇལ་མཁན་ཡ་རབས་བུ་རྒྱུད་མི་ཡིས་བསྟོད།།
ཕ་ལམ་འདྲ་བའི་བུ་རབས་ཚ་རྒྱུད་གངས་ལྗོངས་བོད་ཀྱི་སོན་རྩ་ཚོ།།
བ་ཕྱུགས་དུད་འགྲོ་བསམ་མེད་བྱོལ་སོང་མ་བུའི་བརྩེ་སེམས་མི་དང་མཚུངས།།
མ་གྱུར་སེམས་ཅན་ཕ་མ་མ་བྱས་འཇིག་རྟེན་འདི་རུ་རྙེད་པར་དཀའ།།
ཙ་ཟ་ཆུ་འཐུང་བསམ་མེད་དུད་འགྲོ་དབང་ཆེན་མི་ཡི་བྲན་གཡོག་ཚུད།།
ཚ་ཚ་འུར་འུར་སྦྲེལ་སྦྲེལ་ཚུབ་ཚུབ་མི་ཆོས་རིང་ལུགས་འཇིག་རྟེན་སྲུང་།།
ཛ་ར་ཛོ་རེ་ཙན་དན་ཤིང་དང་ནར་བ་ནོར་བ་རྒྱལ་པོའི་བུ།།
ཝ་སྤྱང་རི་དྭགས་ཤ་གཟན་དམར་པོ་མགོན་མེད་སེམས་ཅན་ཀུན་གྱི་དགྲ།
ཞྭ་རིགས་མི་གཅིག་ཆས་གོས་མང་བའི་མི་ཡི་སྤྱི་ཚོགས་འཛམ་གླིང་ཁེངས།།
ཟྭ་ཚོད་ཟས་བསྟེན་ལུས་རྟེན་གཅིག་ལ་སངས་རྒྱས་གོ་འཕང་མི་ལ་ཙམ།།
འ་འུར་མང་བའི་དེང་རབས་སྤྱི་ཚོགས་རང་སྣང་དག་པའི་ཆོས་ལ་ཞུགས།།
ཡ་རབས་ངོ་ཚ་ཁྲེལ་གཞུང་ཡོད་པའི་མི་རིགས་བཟང་པོ་བོད་པ་ཙམ།།
ར་བ་གངས་རི་འཛམ་གླིང་ས་ཡི་ལྟེ་བ་གངས་དཀར་ཏི་སིར་འདུད།།
ལ་ལུང་བགྲོད་ནས་ས་མཐར་འཁོད་ཀྱང་རང་གི་སྐད་ཡིག་མ་ཉམས་སྲུངས།།
ཤེས་བྱ་མཐའ་མེད་ནམ་མཁའ་སྟོང་པ་བརྩོན་འགྲུས་སུ་ཆེའི་བདག་ཏུ་བཟུང་།།
ས་མཚམས་སྲུང་ནས་བོད་ཀྱི་སྐད་ཡིག་ཉམས་ཆག་མ་གཏོང་བོད་མིའི་འགན།།
ཧམ་བཤད་འཁྱོག་བཤད་མེད་པའི་དཔྱད་རྩོམ་བོད་ཀྱི་སྐད་ཡིག་ཡར་རྒྱས་གཞི།།
ཨ་མའི་བུ་ཚོ་ལྷག་བསམ་ཡོད་ན་རང་མིང་བཀོད་ནས་དཔྱད་རྩོམ་སྤེལ།།
༄༅། གཞུང་པ་ཚེ་དབང་བསོད་ནམས་ལགས་ནས་བོད་ཀྱི་སྐད་ཡིག་ཀ་བཤད་ལེགས།།
སྐད་ཡིག་བོད་མིའི་བླ་སྲོག་ཡིན་པ་རང་རེ་རྣམས་ནས་གསལ་ཤེས་ཀྱང།།
དམར་པོ་བཙན་གྱིས་རང་ཡུལ་འཕྲོག་ནས་མི་ཡུལ་གང་སར་གནས་པར་བརྟེན།།
བོད་སྐད་སྦྱང་སའི་ཁོར་ཡུག་མེད་པ་བཅོས་མིན་དངོས་བདེན་ཡིན་པ་སོང།།
རང་གི་སྐད་དང་ཡི་གེ་རིམ་གྱི་ཉམས་ཆག་འགྲོ་བ་སྐྱོ་ཞིང་སྐྱོ།།
སྡུག་སྐད་བརྒྱབ་ནས་ཕན་ནི་མི་ཐོག་ཅི་བྱེད་གང་བྱེད་གནས་སུ་ལྷུངས།།
འདི་རྣམས་ཐམས་ཅད་གཞིས་བྱེས་བོད་མིའི་ལས་དབང་ཡིན་པ་སེམས་ལ་བཟུང།།
འཇིག་རྟེན་འདི་མ་སྟོང་བར་དུ་སེམས་སྡུག་ནི་ཟད་མཐའ་མི་འདུག་ལགས།།
འདི་དང་འདི་འདྲའི་ངང་ནས་མི་སྡོད་འཇིག་རྟེན་ཕྱི་མའི་ལམ་དུ་བསྐྱོད།།
སོ་སོ་སོ།།
བོད་ཡིག་བཀོལ་སྤྱོད་བོད་མིའི་ལས་འགན་།
བོད་སྐད་བཤོད་རྒྱུ་བོད་མིའི་ལས་འགན་།
བོད་ཆས་གོན་རྒྱུ་བོད་མིའི་ལས་འགན་།
བོད་ཟས་ཟ་རྒྱུ་བོད་མིའི་ལས་འགན་།
བོད་མིའི་ལས་འགན་བཞི་མ་རྗེད་པ་གྱིས་།
བོད་པ་ཡིན་ན་བོད་ཡིག་བྲིས་།
བོད་པ་ཡིན་ན་བོད་སྐད་བཤོད་།
བོད་པ་ཡིན་ན་བོད་ཆས་གྱོན་།
བོད་པ་ཡིན་ན་བོད་ཟས་ཟོ་།
ཡུལ་སྲོལ་གོམ་གཤིས་རི་བོ་བཞིན་དུ་བརྟན།།
བོད་མའི་སྐད་ཡིག་གཅེས་པའི་སྲོག་ལྟར་སྐྱོང་།།
རིག་པའི་གནས་ལྔར་རིན་ཆེན་མཛོད་ལས་ཕྱུག།
སྔར་གྱི་གངས་ལྗོངས་ཕ་ཡུལ་ཕྱུག་མོ་དེ།།
ད་ནི་འཇིགས་རུང་ཉན་འཕྲང་འདི་རྒྱུད་ནས།།
བགྲང་བྱ་ཅི་ཙམ་བརྟན་མིན་འཕྱང་མོ་ཉུག།
རང་ས་གསེར་གཞུང་འདྲ་བའི་རི་ལུང་ན།།
རྒྱ་རིགས་ཁྲི་མ་འབུམ་གྱིས་གནས་གཞི་བཟུང་།།
རྒྱ་ཟས་སྤྱོད་ཅིང་རྒྱ་ཆས་གྱོན་པའི་ཁར།།
རྒྱ་སྐད་ཡ་མ་བླ་རེ་བཤད་ཡོང་དུས།།
གཞིས་ལུས་བོད་མའི་ལས་དབང་ཤིན་ཏུ་ཕྲ།།
བཙན་བྱོལ་བོད་མའི་རྩེན་ས་མ་ཟིན་པར།།
མགོ་ནས་ཆོས་ལུགས་ཆོལ་ཁའི་འགལ་འདུ་གླེང་།།
མཇུག་ནས་ནུབ་གླིང་འགྲིམ་ལ་སྨོན་པ་ཤོར།།
སྐྱ་སེར་ཨ་ནེའི་སྤུ་རིས་མེད་པ་ལ།།
སྐབས་འཚོལ་རང་ལམ་ཟིན་པའི་ཐབས་ཙམ་ལས།།
བོད་ཀྱི་ལ་རྒྱ་ཡོད་མཁན་ཉུང་ཉུང་རེད།།
ནམ་ཞིག་འཛམ་གླིང་ཉི་མ་ནུབ་སོང་ན།།
མགོན་མེད་སྐྱབས་མེད་ད་ཕྲུག་ཁྱུ་གཅིག་ལས།།
མི་ཡུལ་འདི་ན་བོད་མའི་ལས་དབང་ཕྲ།།
བོད་མའི་རང་གཤིས་མ་བརྗེད་བོད་ཕྲུག་ཚོ།།
བོད་མའི་སྐད་ཡིག་སྦྱོངས་ཤིག་བོད་ཕྲུག་ཚོ།།
ཆོས་ལུགས་ཆོལ་ཁ་མ་རྩོད་བོད་ཕྲུག་ཚོ།།
མཐུན་སྒྲིལ་ལག་སྡིང་འབྲེལ་ཤོག་བོད་ཕྲུག་ཚོ།།
བདག་ཉིད་ཆེན་པོ་སྐྱབས་མགོན་བླ་མ་ལ།།
ཁོ་བོར་ཆོས་འབྲེལ་དེ་ཙམ་མེད་ན་ཡང་།།
མི་རིགས་ཤིག་གི་ལས་དབང་གླེང་ཡོང་དུས།།
བཀའ་དྲིན་གཞལ་མེད་ཡིན་པར་ངོ་ཤེས་ནས།།
གཟུགས་སྐུའི་བཀོད་པ་ཡུན་དུ་བརྟན་གྱུར་ཅིག།
མགོ་ནག་མགོ་སེར་ཤར་ནུབ་མི་རིགས་གྲར།།
དཔུང་པ་མཉམ་དུ་གཤིབ་ནས་འགྲོ་དགོས་ན།།
མགོ་ནག་མགོ་སེར་ཤར་ནུབ་མི་རིགས་གྲར།།
དཔུང་པ་མཉམ་དུ་གཤིབ་ནས་འགྲོ་དགོས་ན།།
བོད་མའི་མཚན་ཉིད་ཡོངས་སུ་ལྡན་པའི་ཁར།།
གནའ་དེང་རིག་གཞུང་སློབ་དང་མཉམ་དུ་འགྲོ།