ཨེ་མ་ཧོ།
གླུ་ཨ་ལ་ལ་མོ་ཨ་ལ་རེད།།
གླུ་ཐ་ལ་ངག་གི་བཀུགས་ལུགས་རེད།།
གླུ་མཆོད་དོ་རྒྱལ་བ་ཞི་ཁྲོའི་ཚོགས།།
མ་འགྲོ་དྲུག་ཐར་པའི་ལམ་སྣ་དྲོངས།།
ས་འདི་འདྲ་ས་ངོ་མ་ཤེས་ན།།
གླིང་ཟླུམ་པོ་གོ་ལ་རིལ་བོའི་སྒང་།།
བཟང་ཀུན་འཛོམས་དབྱིན་ཡུལ་དབུས་ཀྱི་ཆ།།
རི་མཐོན་པོ་གངས་ལྡན་རི་རྩེ་རེད།།
ཕོ་ང་འདྲ་ང་ངོ་མ་མ་ཤེས་ན།།
ཕ་བསེ་ཁྱུང་རྒྱལ་པོའི་བུ་རྒྱུད་ལ།།
གླིང་དགྲ་ལྷའི་རྣམ་སྤྲུལ་པདྨ་གླིང་།།
དབྲ་སྲས་ཆུང་དཔལ་དགྱེས་རྡོ་རྗེ་ཡིན།།
སྡང་དགྲ་བོ་མཐོང་ན་ཀླད་རྩ་འགགས།།
གཉེན་བྱམས་པས་ཐོས་ན་དྲན་པ་གསལ།།
བདེན་དྲང་པོས་མི་ཚེ་སྐྱལ་ནི་བོ།།
ལྷ་བླ་མའི་གཅེས་ཕྲུག་ངོ་མ་ཡིན།།
སྤྱིར་སངས་རྒྱས་བསྟན་པའི་སྤྱི་དོན་དང་།།
ནང་གངས་ཅན་བོད་པའི་འདུག་ཆོས་དང་།།
དགོས་བསེ་ཁྱུང་དབྲ་ཡི་གདུང་རྒྱུད་ལ།།
ཕན་བདེ་བའི་ལྷག་བསམ་དཀར་པོ་ཡོད།།
བན་ཐུབ་བསྟན་ཀུན་གྲོལ་སྐུལ་མ་དང་།།
སྤུན་བཀྲ་ཤིས་ཆོས་དར་དད་གུས་ཕྱིར།།
ཕ་མེས་པོའི་རྡོ་རིང་བརྡ་དོན་རྣམས།།
ངས་དེ་རིང་གསང་གཏམ་གླུ་རུ་ལེན།།
མ་སེམས་ཅན་སངས་རྒྱས་ཐོབ་ཕྱིར་དང་།།
ཡུལ་འཛམ་གླིང་ཞི་བདེའི་འབྱུང་བའི་ཆེད།།
ཕ་བསེ་ཁྱུང་དབྲ་རིགས་སྨིན་གྲོལ་དུ།།
དོན་ཁམས་གསུམ་ཟིལ་གནོན་རྡོ་རིང་ཡིན།།
ཕ་སྟག་དགོན་ལྷ་སྡེ་ཕྱུག་མོའི་གནས།།
དཔའ་སྟག་འདུའི་ཐང་གི་གཡས་ཟུར་ན།།
གླིང་ཨ་རྗེ་མགོན་པོའི་ཕོ་བྲང་རྩེར།།
དཔལ་རྡོ་རིང་ཁམས་གསུམ་ཟིལ་གནོན་བཞེངས།།
འོག་སྣོད་བཅུད་སྲིད་སྤྲུལ་བཤད་པ་ཡི།།
རྟེན་རུས་སྦལ་རྟེན་འབྲེལ་ལས་བཞིས་མཚོན།།
བར་ཏིང་འཛིན་རྣམ་གསུམ་བརྟན་པའི་བརྡར།།
གདན་པདྨ་ཉི་ཟླ་སུམ་བརྩེགས་གསལ།།
དགྲ་དུག་གསུམ་ཁམས་གསུམ་ཟིལ་གནོན་ཕྱིར།།
སྦྲུལ་དམར་སྔོ་ནག་པོར་ཞབས་ཀྱིས་བརྫིས།།
སྐུ་ཁྲབ་རྫོང་འཁོར་གསུམ་བསྐོར་བ་ནི།།
ཁྱུང་དཔའ་རྒོད་རྡོ་རྗེའི་གོ་ཆས་བརྡའ།།
ཕྱོགས་གཡས་གཡོན་མདའ་གཞུས་མཛེས་པ་ནི།།
སྐྱེས་ཕོ་མོར་དཔའ་མཛངས་ཕྱུག་པའི་རྟགས།།
ཁྱུང་ཐུགས་ཀར་བྷྲཱུྃ་ཡིག་འོད་ཟེར་འབར།།
གཞི་འབྱུང་བའི་དཀྱིལ་འཁོར་ལྷུན་གྲུབ་གསལ།།
ཕྱག་གཡས་པས་བསྟན་པའི་རྒྱལ་མཚན་བསྒྲེངས།།
ཕྱག་གཡོན་པས་ཡིད་བཞིན་ནོར་བུ་འཛིན།།
བསྟན་འགྲོ་བར་ཕན་བདེས་སྐྱོང་བའི་རྟགས།།
ཐབས་ཤེས་རབ་གཤོག་ཟུང་མཁའ་ལ་བསྐྱོད།།
ཆོས་ཐེག་གསུམ་བྱང་ཆུབ་ལོ་མས་རྒྱན།།
བཀྲ་ཤིས་པའི་པདྨ་ཞལ་དུ་བཟུང་།།
རིགས་བཟང་གསུམ་ཉི་ཟླ་ནོར་བུའི་ཏོག།
དབྲ་དགྲ་ལྷའི་རྒྱལ་པོ་བྱ་རྒྱལ་ཁྱུང་།།
ཕྱི་རྒྱལ་ཁམས་ཡོངས་ལ་བཀྲ་རེ་ཤིས།།
ནང་གངས་ཅན་བོད་ཡུལ་ལ་བདེ་ལེགས་འབྱུང་།།
དོན་དབྲ་རིགས་ཀུན་ལ་ཕུན་སུམ་ཚོགས།།
ཕྱོགས་ཀུན་ལས་རྒྱལ་བའི་རྟེན་འབྲེལ་ཡོད།།
གཉེན་མེས་པོའི་རྒྱུད་འཛིན་བསེ་ཁྱུང་དབྲས།།
ལས་རབ་འབྱམས་ནམ་མཁའ་དྲི་མེད་དང་།།
མཐུ་ནུས་སྟོབས་རྡོ་རྗེའི་གོ་ཁྲབ་ལ།།
དུས་རྒྱུན་དུ་བརྩོན་པའི་ཐུགས་དམ་སྐུལ།།
བདེན་དྲང་པོའི་ལྷག་བསམ་རྣམ་དག་གིས།།
ཚེ་འདི་ཕྱིའི་དོན་ཆེན་འགྲུབ་པའི་ཕྱིར།།
ཆོས་དགེ་སྒྲུབ་སྡིག་སྤོང་ཚུལ་བཞིན་མཛོད།།
ཕྱི་འཁོར་ཡུག་གཙང་མའི་བཀོད་པ་གཅིག།
ནང་ཤེས་རབ་སྙིང་བརྩེའི་ཉམས་ལེན་གཉིས།།
དོན་འདི་ཕྱི་བདེ་བའི་དམ་ཆོས་གསུམ།།
དུས་རྒྱུད་ཏུ་མ་བརྗེད་སྙིང་གཏམ་ཡིན།།
སེམས་བསམ་པ་དཀར་པོའི་བརྡ་གླུ་འདི།།
གླུ་གོ་ན་སྙིང་གི་ནོར་བུ་ཡིན།།
གླུ་མ་གོ་གླུ་ངག་ལ་ཡང་ལེན་མེད།།
གཉེན་ཕུ་ནུའི་ཐུགས་ལ་དེ་ལྟར་ཞོགས།།
ཞེས་པ་འདི་ཡང་རབ་གནས་མེ་བྱའི་ཟླ་༨་ཚེས་༡༣་དཀར་ཕྱོགས་རྒྱལ་བ་གསུམ་པར་དབྲ་ཆེན་ཐུབ་བསྟན་ཀུན་གྲོལ་དང་ཚོགས་གཙོ་བཀྲ་ཤིས་ཆོས་དར་དང་དབྲ་ཆེན་བསོད་ནམས་ཕུན་ཚོགས་སོགས་དབྲ་ཆེན་གཉེན་ཚོགས་ཀྱི་ཕུ་ནུ་དུ་མས་རྡོ་རིང་ཁམས་གསུམ་ཟིལ་གནོན་གྱི་སྐོར་ལ་དྲི་བ་དག་ལ་གོ་བདེའི་ཆེད་དུ་དཔལ་དགྱེས་པ་རྡོ་རྗེ་རུ་འབོད་པས་དབྱིན་ཡུལ་གངས་ལྡན་རི་བོའི་རྩེ་ནས་བླངས་པར་དགེའོ།། །།
མཆན། གསལ་བཤད་ནི་ཆབ་དཔལ་རིག་གསུམ་ལ་གསང་གསུམ་འགྲེལ་དུ་མ་ཞིག་ཡོད་ཀྱང་རེ་ཞིག་གསང་རྒྱ་ལས་གནས་སྐབས་དེ་ཙམ་མོ།
ལྷ་རྒྱ་རིའི་སྲས་མོ་རྣམ་རྒྱལ་སྒྲོལ་དཀར་ལ་བསྟོད་པ་གཡུལ་རྒྱལ་ལྷ་ཡི་རྔ་སྒྲ་ཞེས་བྱ་བ།།
ན་མོ་གུ་རུ་པདྨ་ཀ་ར་ཡེ།།
ཆོས་དབྱིངས་བདེན་པའི་དབྱིངས་ལས་མ་གཡོས་བཞིན།།
ཆོས་ཅན་གཟུགས་སྐུའི་སྒྱུ་འཕྲུལ་འབུམ་ཕྲག་གར།།
ཆོས་རྒྱལ་གདུང་རྒྱུད་འཛིན་པའི་རྒྱལ་བའི་སྲས།།
ཆོས་ལྡན་གངས་ཅན་བོད་པའི་རྒྱལ་པོ་རྒྱལ།།
འབྲུག་དང་དབྱིན་རྒྱལ་ཐེ་ལན་རྒྱལ་རྒྱུད་རིགས།།
འཛམ་གླིང་ཀུན་ལ་གྲགས་པའི་དཔལ་འབར་ཀྱང་།།
བཙན་པོའི་རྒྱལ་རིགས་དམངས་སུ་བབས་པ་འདིས།།
གངས་རིའི་གཟི་འོད་མུན་པའི་ཀློང་དུ་ནུབ།།
གངས་ལྗོངས་ཡུལ་ཁམས་སྐྱོང་བའི་རྒྱལ་པོ་ཆེ།།
ཆོས་རྒྱལ་གདུང་རྒྱུད་འཁྲུལ་མེད་ལྷ་རྒྱ་རི།།
རྒྱལ་རྒྱུད་ཡང་དག་འཙིན་པའི་ལྷ་སྲས་ཀུན།།
ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་རྔ་རྡུང་།།
འཆི་མེད་མཚོ་འཁྲུངས་པདྨ་རྒྱལ་པོ་ཡིས།།
ཆོས་རྒྱལ་གདུང་རྒྱུད་མཐའ་ནས་མ་སྟོང་བར།།
དུས་གསུམ་རྒྱུན་ཆད་མེད་པར་བྱིན་རླབས་ཞེས།།
ཐུགས་དམ་མ་གཡེལ་ཞལ་བཞེས་ད་དགོངས་ཤིག།
འཛམ་གླིང་ཡོངས་གྲགས་གངས་ཅན་བོད་པའི་རྒྱལ།།
རང་བཙན་བདེན་དཔུང་ཆོས་རྒྱལ་ལྷ་ཡི་སྲས།།
ལོ་རྒྱུས་འཁྲུལ་མེད་ཆོས་རྒྱལ་བཙན་པོའི་རྒྱུད།།
ཨེ་ལྷ་རྒྱ་རིའི་གདུང་རྒྱུད་རྒྱལ་གྱུར་ཅིག།
ལྷ་ལས་བྱུང་བའི་བརྒྱུད་པ་རིན་པོ་ཆེ།།
གནམ་སྡེ་འོད་སྲུང་དཔལ་ལས་འཁྲུངས་པའི་རིགས།།
ཨེ་ལྷ་རྒྱ་རིའི་མངའ་བདག་དཔལ་ཡོན་ལ།།
ས་ཕག་ཞྭ་སེར་ལྷ་མིན་གཡུལ་ལས་རྒྱལ།།
ལྷ་སྲས་དགྲ་ལས་རྣམ་རྒྱལ་འདས་པའི་རྗེས།།
རི་སྒོ་བཀྲ་ཤིས་ཆོས་རྫོང་གཞིས་ཆགས་བཟུང་།།
རྒྱལ་པོའི་ཕོ་བྲང་རྒྱ་རིའི་དགོན་ཕྱག་བཏབ།།
རྒྱལ་རྒྱུད་དགོན་སྡེའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ།།
ཆོས་སྲིད་ཟུང་འབྲེལ་བདག་པོ་ཆོས་རྒྱལ་རྒྱུད།།
ཨེ་ལྷ་རྒྱ་རི་ཟངས་རི་རྒྱ་ཚ་དང་།།
ལྷུན་རྩེ་བཅས་ཏེ་ཞིང་འབྲོག་རྫོང་ཁག་སོགས།།
བོད་འབངས་ཆོས་བཞིན་སྐྱོང་བའི་རྣམ་ཐར་དྲན།།
རྒྱལ་རྒྱུད་དགྲ་ལས་རྣམ་རྒྱལ་མན་ཆད་ཀྱི།།
ལོ་རྒྱུས་མདོར་བསྡུས་རྒྱལ་བ་ལྔ་བའི་གཞུང་།།
དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་སྙན།།
བཙན་པོའི་ཕྲིན་ལས་ཟབ་རྒྱས་ཨེ་མ་ཧོ།།
དཔའ་མོའི་གཟི་མདངས་འཛིན་པའི་ཁྲོ་ཉམས་ཅན།།
མཛངས་མའི་རྣམ་དཔྱོད་ངོམས་པའི་གཟུངས་སྤོབས་ཅན།།
བཙན་པོའི་གདུང་རྒྱུད་སྤེལ་བའི་རིགས་བཟང་མ།།
རྒྱལ་བོའི་སྲས་མོ་རྣམ་རྒྱལ་སྒྲོལ་དཀར་རྒྱལ།།
ཁྱོད་ནི་བཙན་པོའི་གདུང་རྒྱུད་གཙང་མ་ཞིག།
ཁྱོད་ནི་ལོ་རྒྱུས་ཕྱུག་པའི་རྒྱལ་མོ་ཞིག།
ཁྱོད་ནི་རང་བཙན་འཛིན་པའི་རྡོ་རིང་ཞིག།
ཁྱོད་ལ་དུང་བའི་ལ་རྒྱ་ཉུང་ཉུང་མིན།།
ཁ་ཙང་རྒྱལ་ས་གཉིས་པ་རྡ་སར་ན།།
རྒྱ་ནག་སྐམས་ས་སྐྱེས་པའི་ནག་མོ་ཞིག།
རྒྱ་སྐད་དབྱིན་སྐད་འདྲེས་མའི་རྒྱ་མོ་དེས།།
སྲས་མོའི་ཞལ་ལ་སྦར་བའི་བརྙན་འཕྲུལ་མཐོང་།།
ལོ་རྒྱུས་གྲི་ཡིས་གཅོད་པའི་ཧམ་ཆེན་མ།།
ཞི་བདེ་ཁ་རུ་ཁྱེར་བའི་སྦར་ཤེད་འཁན།།
ཀྲུང་གོ་ཟེར་ནས་ཨ་རིའི་ཐོབ་འཛིན་མར།།
སྲས་མོས་ཚད་གཅོད་མཛད་པར་ཡོངས་སུ་བསྔགས།།
སྐུ་ཚེ་བརྟན་ཅིང་འགྲོ་དོན་རབ་ཏུ་རྒྱས།།
གསུང་ཆོས་བདེན་པའི་སྒྲ་དབྱངས་འཇིག་རྟེན་སྒྲོག།
ཐུགས་རྗེ་ཐབས་ཤེས་ཕན་བདེ་ཡོངས་ལ་མཛད།།
ཀུན་བཟང་བསྟན་སྲིད་ཕྱོགས་ལས་རྣམ་རྒྱལ་ཤོག།
ཅེས་པ་རབ་གནས་མེ་བྱའི་ཟླ༧ཚེས་༣༠་ལ་གངས་ཅན་བཙན་པོའི་གདུང་རྒྱུད་ལྷ་རྒྱ་རིའི་སྲས་མོ་རྣམ་རྒྱལ་སྒྲོལ་དཀར་ལ་རྒྱ་མོ་ཞིག་གིས་རྒྱལ་བའི་ཞལ་དུ་ཐེའུ་རང་གིས་སྦར་ཚད་བྱེད་པའི་བརྙན་ཐུང་ཞིག་མཐོང་བའི་རྐྱེན་ལས་གངས་རིའི་ལས་དབང་ལ་ཁ་ཙམ་མིན་པར་ཕན་བདེས་ལག་ལེན་མཛད་པའི་བསླབ་གསུམ་སྡེ་སྣོད་འཛིན་པ་མཁན་ཆེན་བླ་མ་འམ་མཚོ་སྐྱེས་རྒྱལ་བའི་བསྟན་པའི་གྲལ་མཐར་པ་རིག་འཛིན་བླ་མ་དགྱེས་པ་རྡོ་རྗེས་གང་ཤར་དུ་དབྱིན་ཡུལ་ཀུན་བཟང་ཆོས་གླིང་ནས་བགྱིས་པར་དགེའོ།། །།