ཨེ་མ་ཧོ།
ན་མོ་གུ་རུ་ཨ་མི་དྷེ་ཝ་ཡེ།།
དུས་སྙིགས་མའི་སེམས་ཅན་སྐལ་བ་དམན།།
ཆོས་བདུད་རྩིའི་བཤད་ཡམས་ཁ་རུ་འཁྱེར།།
ལས་ཉོན་མོངས་དུག་ལྔའི་འདམ་ལ་བྱིང་།།
འདི་བསམ་ན་ངོ་མ་ཤ་རེ་ཚ།།
གཞི་ཀ་དག་ཆེན་པོའི་ཀློང་ཡངས་སུ།།
རྩལ་འགག་མེད་རིག་པའི་རང་མདངས་ལ།།
མཐོ་མཆོག་དམན་དབྱེ་བ་མི་མངའ་ཡང་།།
ལས་མ་དག་སེམས་ཅན་སྙིང་རེ་རྗེ།།
ཡུལ་བཀྲ་ཤིས་བདེ་ལེགས་འབྱུང་འདོད་ན།།
ཆོས་མདོ་སྔགས་གཉིས་ལ་མིག་འབྲས་བཞིན།།
དུང་ཞེན་གྱིས་སྨྱུག་རྩེ་ཕྱོགས་ལྷུང་བྲལ།།
མཐར་མཐུན་སྒྲིལ་བྱུང་བར་ཨེ་མ་ཧོ།།
གཞི་མདོ་སྔགས་ཆོས་ལ་བཟང་ངན་བལྟའ།།
ཆོས་བཟང་ངན་རིས་ཅན་རྩོད་པ་རྣམས།།
ལམ་ཕྱོགས་ལྷུང་གདོན་གྱིས་བརླམ་པའི་རྟགས།།
ལས་དགེ་སྔིག་བླང་དོར་ཀུན་ལ་གཙོ།།
གཙོ་ཆེ་བ་འཇིན་རྟེན་དགེ་བ་གཅིག།
དོན་འདྲ་བ་རབ་བྱུང་ཚུལ་ཁྲིམས་གཉིས།།
བརྩོན་དགོས་པ་བྱང་སེམས་སྡོམ་པ་གསུམ།།
གནད་གོ་ན་གསང་སྔགས་དམ་ཚིག་ལགས།།
མཐོ་གངས་རི་ཁ་དོག་དཀར་པོ་དེ།
མི་མཁྲིས་ནད་ཅན་གྱི་སེར་པོ་མཐོང།
ནད་དེ་ལས་མ་གྲོལ་སེར་པོ་ལས།།
གངས་དཀར་པོ་མཐོང་བའི་རེ་བ་བྲལ།།
ཕྱི་དགེ་བ་ལྷ་མིའི་ཐེག་པ་དར།།
ནང་རབ་བྱུང་འཁོར་བའི་ལས་ཀུན་དོར།།
དོན་བྱང་སེམས་ཕན་བདེས་འགྲོ་བ་འདྲེན།།
ཆོས་གསང་ཆེན་ཕྲིན་ལས་ཀུན་ཁྱབ་ཤོག།
ཅེས་པ་རབ་གནས་མེ་བྱའི་ཟླ༨ཚེས་༡༥དགེ་བར་ཤྲཱིས་ཐོལ་དྲན་དུ་ཤར་ནུབ་ཀྱི་སྐལ་བཟང་རྣམ་གཉིས་ལ་གདམས་པའོ།།