ཨེ་མ་ཧོ།
ན་མོ་གུ་རུ་བུདྡྷ་ཛྙཱ་ན་ཡེ།།
དུས་གསུམ་སངས་རྒྱས་སྐུ་དངོས་པདྨ་འབྱུང་།།
འཇའ་ལུས་འཕོ་ཆེན་སྐུ་བརྙེས་བི་མ་ལ།།
དབྱེར་མེད་དྲིན་ཆེན་བླ་མ་རིན་པོ་ཆེ།།
ཆོས་རྗེ་ཡིད་བཞིན་ནོར་བུ་གསོལ་བ་འདེབས།།
བསྟན་འགྲོའི་དོན་ཀུན་འགྲུབ་པར་ཐུགས་རྗེས་ཟུངས།།
ཚེ་སྔོན་ལས་སྨོན་རྟེན་འབྲེལ་བཟང་པོའི་མཐུས།།
དད་གུས་དམ་ཚིག་གཙང་མའི་མགོན་པོ་སྐྱབས།།
གདམས་ངག་གསོན་དང་སྐལ་ལྡན་སྙིང་གི་བུ།།
ལེགས་སྐྱེས་དམ་པའི་སྙིང་ནོར་ཁྱེད་ལ་འབུལ།།
༼༡༽
དང་པོ་བློ་ལྡོག་རྣམ་བཞིས་བློ་སྦྱོངས་ནས།།
ངེས་འབྱུང་རྣལ་མའི་དགེ་བ་སྒྲུབ་པ་ཀུན།།
ཐར་བའི་ལམ་མཆོག་ཁྱོད་ལ་དབང་བའི་དོན།།
རབ་བྱུང་ཡང་དག་ལམ་ལ་སློབ་པར་མཛོད།།
༼༢༽
གཉིས་པ་ཚད་མེད་རྣམ་བཞིས་བློ་སྦྱོངས་ནས།།
རིན་ཆེན་བྱང་ཆུབ་སེམས་ཀྱིས་སྤྱོད་པ་ཀུན།།
ཕ་རོལ་ཕྱིན་བཅུའི་ས་ལམ་དབང་བའི་དོན།།
བྱང་སེམས་རྣམ་དག་ལམ་ལ་བརྩོན་པར་མཛོད།།
༼༣༽
གསུམ་པ་སྲོག་སྡོམ་གཟེར་བཞིས་གནད་ཤེས་ནས།།
སྣང་སྲིད་དག་རྫོགས་སྨིན་པའི་ལྟ་སྤྱོད་དོན།།
རིམ་གཉིས་བསྐྱེད་རྫོགས་སྒོམ་པའི་རྟུལ་ཞུགས་ཀུན།།
གསང་སྔགས་རྣལ་འབྱོར་ལམ་ལ་འབད་པར་མཛོད།།
༼༤༽
བཞི་བ་རིག་འཛིན་རྣམ་བཞིའི་ལམ་གོམས་ནས།།
མཉམ་རྗེས་དབྱེར་མེད་འོད་གསལ་སྙིང་པོའི་དོན།།
མྱུར་ལམ་འཕོ་ཆེན་འཇའ་ལུས་དབྱིངས་རིག་ཀུན།།
རྫོགས་པ་ཆེན་པོའི་གཏན་སྲིད་ཟིན་པར་མཛོད།།
༼༥༽
ལྔ་བ་སྐུ་བཞིའི་དགོངས་པ་མངོན་གྱུར་ནས།།
རང་སྣང་ཡེ་ཤེས་ཡང་དག་རྫོགས་སངས་རྒྱས།།
དོན་གཉིས་འབྲས་བུ་ཚེ་འདིར་ཐོབ་པ་ཀུན།།
ཀུན་བཟང་བརྒྱུད་གསུམ་བླ་མའི་མན་ངག་གོ།
རྩ་བརྒྱུད་བླ་མའི་བྱིན་རླབས་ཐུགས་ལ་འཁྲུངས།།
ཡི་དམ་ཞི་ཁྲོའི་མཆོག་ཐུན་དངོས་གྲུབ་ཐོབ།།
མཁའ་འགྲོ་དམ་ཅན་སྲུང་མས་བར་ཆད་སེལ།།
བསྟན་འགྲོའི་དོན་ཀུན་བདེ་མྱུར་ལྷུན་གྲུབ་ཤོག།
ཅེས་པ་འདི་ཡང་རབ་གནས་མེ་བྱའི་བྱ་ཟླའི་དབང་ཕྱོགས་དགའ་བ་དང་པོར་རང་སློབ་དམ་པ་ངོས་ལ་དད་དམ་ཤིན་ཏུ་གཙང་པའི་ནུབ་ཕྱོགས་ཡུ་རོབ་ན་གངས་ཅན་བོད་པའི་ཕ་ས་གཉིས་པ་འཛིན་པར་མཁས་པའི་སོག་མདའ་དཔའ་བོ་བཀྲ་ཤིས་རབ་བརྟན་ནམ་མགོན་པོ་སྐྱབས་ཀྱིས་སྙན་མོ་གླུ་ཡི་འགྱུར་ཁུག་གིས་ཡང་ཡང་བསྐུར་ངོར་མི་ལྡོག་ཙམ་དུ་སྙོམས་ལས་རྒྱལ་ཁམས་པ་དཔལ་དགྱེས་པ་རྡོ་རྗེས་ཡིད་ཀྱི་མཚོ་ལས་ཤར་བ་དག་གབ་སྦས་མེད་པར་སྙིང་གཏམ་དུ་གདམས་པར་དགེའོ།། །། ཤུབྷཾ།