ཤར་ཕྱོགས་ཁུག་རྟ།
—སྐུ་གདུང་ཞུགས་འབུལ་དུ་བཅར་བའི་དྲན་ཐོ།
ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་སྨན་རི་ཁྲི་འཛིན་ ༣༣ པ་མཆོག་གི་སྐུ་གདུང་ཞུགས་འབུལ་ལ་བཅར་སྐལ་བྱུང་བས། ༸གོང་ས་ཐམས་ཅད་མཁྱེན་པའི་ཆོས་ལུགས་མཐུན་སྒྲིལ་གྱི་རླབས་ཆེན་མཛད་འཕྲིན་ལ་བརྟེན་ནས་བོད་མི་རྣམས་ལོ་རྒྱུས་ནང་བསྐྱོད་མ་མྱོང་བའི་ཡང་དག་པའི་ལམ་དུ་འགྲོ་བཞིན་པའི་ངེས་ཤེས་རྙེད།
ཆོས་ལུགས་དང་རིག་གཞུང་། ཡུལ་གོམས་གཤིས་ལུགས། ཆབ་སྲིད་ཀྱི་བཅད་རྒྱ། ལུང་ཚན་ཤོག་གཏོགས་བཅས་ཀྱི་བག་ཆགས་ལ་དུས་བསྟུན་སྒྱུར་བཅོས་ཆེད་ལས་སླ་བོར་བསྐྱར་ཞིབ་བྱེད་དཀའ་ཞིང་། སྙིགས་དོར་བཅུད་ལེན་གྱིས་འོད་ཟེར་ལྡན་པའི་མདུན་ལམ་འཚོལ་སྒྲུབ་བྱེད་རྒྱུ་ནི་དཀའ་ཞིང་ཁག་པོ་ཡིན་པ་མི་ཕལ་མོ་ཆེའི་བསམ་སྤྱོད་ཀྱི་གནས་བབ་ལས་མཐོང་ཐུབ། འོན་ཀྱང་། མིག་རྒྱང་རིང་ཞིང་། མཁས་མཛངས་ལྡན་པའི་རླབས་ཆེན་གྱི་སྐྱེས་བུ་རེ་ཟུང་གི་མཁྱེན་དཔྱོད་ལ་བརྟེན་ནས། མིའི་རིགས་ཀྱི་ལོ་རྒྱུས་ཀྱང་བཟང་ཕྱོགས་ནས་ཡང་དག་པའི་ལམ་དུ་བསྐྱོད་འགོ་ཚུགས་ཡོད་པ་ལ་སུས་ཀྱང་བསྙོན་དུ་མེད་ཅིང་། ཆོས་ལུགས་དང་ལུང་ཚན་གྱི་བཅད་རྒྱའི་རྙོག་འཛིང་ཆེ་བའི་རང་རེའི་བོད་མི་རིགས་ལྟ་བུར་མཚོན་ན། ༸གོང་ས་སྐྱབས་མགོན་ཆེན་པོའི་དུས་རབས་ཕྱེད་ལྷག་གི་རླབས་ཆེན་མཛད་འཕྲིན་དང་། དེའི་དབུ་འོག་དཔུང་འདེགས་ལ་ངེས་ཤེས་རྙེད་པའི་སྐྱབས་རྗེ་རྒྱལ་བ་སྨན་རི་བ་ལུང་རྟོགས་བསྟན་པའི་ཉི་མ་སོགས་ཀྱི་སྐུ་དྲིན་ལ། ད་ལྟ་རང་ཅག་གངས་ཅན་པ་རྣམས་ཆོས་ལུགས་དང་ལུང་ཚན་གྱི་སྒེར་ཁེ་ལས། བོད་སྤྱིའི་རྩ་དོན་གལ་ཆེ་ཡིན་པའི་ལམ་དུ་ལྷག་བསམ་རྣམ་དག་གིས་བསྐྱོད་འགོ་ཚུགས་ཡོད་ཅིང་། ཐེངས་འདིར་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་དེའི་རྣམ་པ་ནི་དངོས་སུ་མིག་ལ་སྣང་བ་ལྟ་བུའི་ངེས་ཤེས་ཤིག་རྙེད།
བོད་ཕྱི་ནང་གཉིས་སུ་སྨན་རིའི་ཁྲི་འཛིན་ ༣༣ པ་ཆེན་པོའི་དགོངས་རྫོགས་མཆོད་འབུལ་ཚོགས་པ་དང་། སྐུ་གདུང་ཞུགས་འབུལ་མཛད་སྒོར་མ་བོས་མགྲོན་པོ་ངང་གིས་འདུས་པ། དེ་བཞིན་རིས་སུ་མ་ཆད་པའི་སྒྲིག་འཛུགས་དང་མི་སྒེར་བརྒྱ་ཕྲག་ཁ་ཤས་ཀྱིས་ཐུགས་གསོའི་འཕྲིན་ཡིག་བྱུར་བུར་སྤུངས་པ་སོགས་ཀྱང་གོང་ཞུས་བཞིན། སྐྱབས་རྗེ་གང་ཉིད་མཆོག་གིས་༸གོང་ས་སྐྱབས་མགོན་ཆེན་པོའི་བཀའ་དགོངས་ཇི་བཞིན་སྐུ་ཚེ་ཧྲིལ་བོར་མཛད་འཕྲིན་རླབས་ཆེན་བསྐྱངས་པ་ལས་བྱུང་བ་ནི་གོར་མ་ཆག་ལ། ཆོས་བརྒྱུད་མི་འདྲ་བ་དང་། ཆོས་འབྲེལ་དངོས་ཐོབ་ཀྱི་བླ་མ་ཡིན་མིན་སོགས་ཀྱི་ཚད་བཀག་དབང་མེད་དུ་འཐོར་ནས། བཅོས་མ་མིན་པའི་བརྩི་བཀུར་བླ་ལྷག་ཏུ་ཞུ་འདོད་པ་དེའང་རྒྱུ་དེ་ཁོ་ནར་བརྟེན་ནས་བྱུང་བ་ཞུ་ག་ལ་དགོས།
སྐུ་གདུང་ཞུགས་འབུལ་གྱི་ཆོ་ག་གྲུབ་མཚམས། སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་གིས་གདུལ་བྱ་བོན་འབངས་རྣམས་གཙོས་གངས་ཅན་པ་ཡོངས་ལ་ཟབ་གསལ་གསུང་གི་བཀའ་སློབ་སྙིང་ཚར་ཕོག་པ་གནང་། ནམ་རྒྱུན་དྲན་ཡུལ་དུ་ཡོད་པའི་ངོས་འཛིན་དང་ཆུ་ལ་ཆུ་བཞག་པ་ལྟར་གྱུར་ཞིང་། ༸ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོས་ཀྱག་ཀྱོག་གི་བཞུད་ལམ་མང་པོ་བརྒྱུད་དེ་རང་ཚུགས་རི་ལས་བརྟན་ཞིང་། དཀའ་སྡུག་ལ་གདོང་ལེན་གྱི་རྣམ་ཐར་བརྗོད་སྐབས། ཆོས་རྭར་ཡོད་པའི་སེར་སྐྱ་མང་པོ་ཁུ་སིམ་མེར། ངོ་གདོང་མིག་ཆུས་ཁེངས་པ་ནི་སྐྱེས་ཆེན་དམ་པ་དེའི་ཞབས་རྗེས་རེ་རེ་ཅི་ལ་མིན་ནམ།
དཔོན་སློབ་རིན་པོ་ཆེ་མཆོག་གིས་ཁྲི་འཛིན་ཞིང་གཤེགས་གང་ཉིད་མཆོག་གི་༸གོང་ས་ཆེན་པོའི་དགོངས་གཞི་ཇི་བཞིན་བོད་སྤྱིའི་སྒྲིག་འཛུགས་དང་དེའི་ལངས་ཕྱོགས་ལ་སྔ་ཕྱི་བར་གསུམ་དུ་རྒྱབ་སྐྱོར་གནང་སྟངས། དཔལ་གཤེན་བསྟན་སྨན་རིའི་གླིང་གི་འདུས་མང་ཡོངས་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ལ་རི་དབང་ལྟ་བུའི་རྒྱབ་སྐྱོར་གྱི་བཞེངས་ཕྱོགས་ནན་བརྗོད། དེ་སྔ་བཙན་བྱོལ་དུ་འབྱོར་ནས་ཡུན་རིང་མ་སོང་བའི་སྐབས། ཐའེ་ཝན་བོད་སོག་ལས་ཁུངས་ཀྱིས་དཀའ་ངལ་ཅན་ལ་སྒོར་མོས་བསླུ་ཐབས་ཀྱི་གྲབས་བཤམས་སྐབས་ཀྱང་། ‘’ཡར་ཁམ་གང་ཟོས་ན་མར་འདོམ་གང་བསྐྱུག་དགོས། ’’ཞེས་མ་འོངས་སྔོན་གཟིགས་ཀྱི་ལངས་ཕྱོགས་བརྟན་བཟུང་གིས་བོད་སོག་ལས་ཁུངས་ཀྱི་སྐར་གང་ཡང་མ་བླངས་པའི་ཚུལ་སོགས་གསུངས་པ་ནི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་བརྗེད་དུ་མེད་པ་ཞིག་ཅི་ལ་མིན།
ཀློག་པ་པོ་ལྷན་རྒྱས་ནས་སྨན་རི་ཁྲི་འཛིན་ ༣༣ པ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོའི་མཛད་རྣམ་ལ་མཇལ་འདོད་ཡོད་ཚེ། རྩོམ་པ་པོ་སྐུ་ཞབས་ཁྲི་གཡུང་དྲུང་ལགས་ཀྱིས་རྩོམ་སྒྲིག་གནང་བ་གཡུང་དྲུང་བོན་གྱི་དྲྭ་རྒྱ་ལས་༼http://theyungdrungbon.com/2017/10/ebookpdf/༽མཇལ་ཐུབ་ཅིང་། རྩོམ་པ་པོ་ཁོང་གིས་མཛད་རྣམ་རྒྱས་པ་ཞིག་ཀྱང་རྩོམ་སྒྲིག་གནང་སྐད་ལ་ཡི་རངས་ཞུ་བཞིན་ཡོད།
མཇུག་ཏུ་འདི་འདྲ་ཞིག་ཀྱང་བརྗོད་འདོད་པ་སྟེ། བོད་ཀྱི་བདེན་མཐའ་གསལ་བ་ལ། ང་ཚོ་བོད་གངས་ཅན་པ་ཚང་མར་ཆིག་སྒྲིལ་དགོས། ཆིག་སྒྲིལ་ཡོད་ན་ནང་བཀྲ་ཤིས་ཤིང་། ནང་བཀྲ་ཤིས་པས་ཕྱི་ཡི་དོན་འགྲུབ་པ་ལ་ཐེ་ཚོམ་ག་ནས་དགོས། དེའི་ཕྱིར་༸གོང་ས་སྐྱབས་མགོན་ཆེན་པོའི་དབུ་འོག་དཔུང་འདེགས་ལ་ངེས་པ་རྙེད་པའི་མི་རབས་རྒན་པའི་སྐྱེས་ཆེན་དམ་པ་རེ་རེ་ཡི་ཞབས་རྗེས་མཇལ་ཡོང་སྐབས། ང་ཚོའི་ཆིག་སྒྲིལ་སྲ་ཞིང་བརྟན་ལ། ང་ཚོའི་ནུས་པ་མཉམ་དུ་ཡོད་པའི་ངེས་ཤེས་ཀྱང་ཀུན་ལ་མི་འདྲོངས་པ་ཅི་ལ་སྲིད་ཅིང་། ཞོར་དུ་བོད་མིའི་ནང་ཁུལ་དུ་གྲ་མི་འགྲིག་པའི་ལས་ལ་སྐྱེ་བ་བླངས་པ་ལྟ་བུའི་སྲིན་བུ་མེ་འཁྱེར་རེ་ཟུང་ཡོད་པ་དག་གི་རང་གཟུགས་ཀྱང་བདེན་པས་གསལ་རྗེན་དུ་བསྟན་ཡོང་དུས། སྐྱེས་ཆེན་འདི་དག་གི་ཞབས་རྗེས་ལ་དེ་བས་ཀྱང་ཡིད་སྨོན་འཆོར་བ་ཞིག་ཅི་ལ་མིན་ཨང་།
ཆོས་ལུགས་དང་ལུང་ཚན་གྱི་མཐུན་སྒྲིལ་དམ་གཙང་སྐལ་བརྒྱར་བརྟན་པར་ཤོག། །།
༢༠༡༧ ཟླ ༡༠ ཚེས ༦ ཉིན།། ཤར་ཕྱོགས་ཁུག་རྟས་གངས་ཅན་སྐྱིད་གཤོངས་ནས་ཤར་མར་བགྱིས།།
ཤར་ཁུག་ལགས། ཁྱེད་ཀྱི་གྲོགས་པོ་ཟླ་བ་ཚེ་རིང་གིས་ཡོངས་གླིང་སློབ་གྲྭ་ཡར་བཟས་པ་དེའི་མར་འདོམ་གང་སྐྱུག་རྒྱུ་དེ་ཅི་རེད། ཤོད་དང་།
༄༅། ད་ལེན་ཤར་ཕྱོགས་ཁུག་རྟ་ལགས་ནས་དངོས་གནས་རྩོམ་ཡིག་ཡག་པོ་ཞིག་བྲིས་གནང་འདུག་པ་
བཀྲིས་བདེ་ལེགས་དང་བསྔགས་བརྗོད་ཞུ་གི་ཡོད།
སྟོད་ར་འཐེན་ལུགས་ལ་ལྟས་ན། སྤྱི་འཐུས་ཞིག་གི་མིང་ཁུར་ཡོད་དུས་གྲལ་སྐེད་དེ་བར་ཞིག་སྡོད་རྒྱུ་རག་ཡོད་ཚོད་རེད། དེ་མིན་མི་འདི་ཚོའི་གྲལ་གྱི་དུས་རྒྱུན་དུ་ཁ་ནས་སྤྱི་དོན་ཟེ་ནས་ཁོག་ན་རང་དོན་ཀྱང་ཀྱང་འབད་སྡོད་མཁན་ཞིག་ལས་་་་་་་
བོད་ཁམས་སྡེ་ཁྱོད་སྤྱི་དོན་སྒྲུབ་མཁན་ཡིན་ནམ་ད་དཀྲུག་ཤིང་གི་སྐོར་མ་བྲིས་ན་བཟང་སྙམ་་་་་
དུས་རྒྱུན་དུ་སྤྱི་རྒྱུ་སྒེར་བདག་དང་ཟླ་བ་ཚེ་རིང་ལབ་མ་འདུག གང་ལྟར་བོད་པའི་སྤྱི་ཚོགས་ནང་དེ་ལྟར་བཤད་མཁན་རྣམས་ཀྱིས་རང་གི་ནང་མི་སྤུན་མཆེད་སྐྱོང་ཐུབ་ཙམ་ལས་བོད་སྤྱི་བ་ཕན་ཐོགས་མཁན་ཉིན་སྐར་ཙམ་རེད། ཟླ་བ་ཚེ་རིང་གིས་ད་བར་གསར་འབྱོར་བ་དང་། ཉམ་ཐག ནད་པ། རྒན་གོག་སོགས་ལ་ཕན་ཐོགས་པ་ནི་ཉི་ཤར་སྤར་མོས་འགེབས་མི་ཐུབ་པ་ཞིག་རེད། ཟླ་བ་ཚེ་རེང་ལ་སྐྱོན་བརྗོད་བྱེད་མཁན་ཚང་མས་སྒེར་དོན་དང་སྒེར་འཁོན་ཁོག་ལ་བཅུག་ནས་བཤད་བསྡད་པ་ལས་བོད་སྤྱི་དོན་བསམ་མཁན་གཅིག་ཀྱང་མི་འདུག་ཅེས་ཚིག་ཐག་ཆོད་པོས་ཞུ་ཐུབ། ང་ཚོ་བོད་མི་ཚང་མ་གླེན་པ་རེད་མ་བསམ་རོགས སྐུ་མཁྱེན་་སྐུ་མཁྱེན།
དུས་རྒྱུན་དུ་སྤྱི་རྒྱུ་སྒེར་བདག་དང་ཟླ་བ་ཚེ་རིང་ལབ་མ་འདུག གང་ལྟར་བོད་པའི་སྤྱི་ཚོགས་ནང་དེ་ལྟར་བཤད་མཁན་རྣམས་ཀྱིས་རང་གི་ནང་མི་སྤུན་མཆེད་སྐྱོང་ཐུབ་ཙམ་ལས་བོད་སྤྱི་བ་ལ་ཕན་ཐོགས་མཁན་ཉིན་སྐར་ཙམ་རེད། ཟླ་བ་ཚེ་རིང་གིས་ད་བར་གསར་འབྱོར་བ་དང་། ཉམ་ཐག ནད་པ། རྒན་གོག་སོགས་ལ་ཕན་ཐོགས་པ་ནི་ཉི་ཤར་སྤར་མོས་འགེབས་མི་ཐུབ་པ་ཞིག་རེད། ཟླ་བ་ཚེ་རེང་ལ་སྐྱོན་བརྗོད་བྱེད་མཁན་ཚང་མས་སྒེར་དོན་དང་སྒེར་འཁོན་ཁོག་ལ་བཅུག་ནས་བཤད་བསྡད་པ་ལས་བོད་སྤྱི་དོན་བསམ་མཁན་གཅིག་ཀྱང་མི་འདུག་ཅེས་ཚིག་ཐག་ཆོད་པོས་ཞུ་ཐུབ། ང་ཚོ་བོད་མི་ཚང་མ་གླེན་པ་རེད་མ་བསམ་རོགས སྐུ་མཁྱེན་་སྐུ་མཁྱེན།
༄༅། མི་ལ་སྐྱོན་འཛུགས་པར་དང་པོ་རང་གི་གདོང་ལ་བལྟས་ནས་སོ་སོ་རང་ཉིད་
ཀྱི་བོད་སྤྱི་དོན་ལ་ལས་ཀ་ག་རེ་བྱས་འདུག་ལྟོས།
མི་ལ་བཤད་གསུམ་བཤད་པར།
རང་ལ་འཛོམས་གསུམ་འཛོམས་པ་དགོས།
ཟླ་བ་ཚེ་རིང་ལ་ག་དུས་ཡིན་ཡང་སྐྱོན་བརྗོད་བྱེད་ཀྱི་འདུག་ ཟླ་བ་ཚེ་རིང་ནས་སྤྱི་ཚོགས་ལ་ཕན་
པའི་ལས་ཀ་ག་རེ་བྱས་འདུག་ལྟོས། ལས་རྒྱུ་འབྲས་ལ་ཡིད་ཆེ་བྱེད་མཁན་ཞིག་ཡིན་དྲང་པོ་ཤོད།
ཤར་ཁུག་ཐུགས་རྗེ་ཆེ་ཡག་པོ་བྲིས་གནང་འདུག