ཨེ་མ་ཧོ།
ན་མོ་མ་ཧཱ་གུ་རུ་ས་མནྟ་བྷ་དྲ་བིརྱ་དྷཱཿར་ཡེ།།
༼༡༽
ཨེ་ཝྃ་གཉུག་མའི་ཀ་དག་ཆོས་སྐུའི་དབྱིངས་ན།།
ཨེ་མ་ལྷུན་གྲུབ་ཡེ་ཤེས་ལོངས་སྐུའི་སེམས་དཔའ།།
རིགས་ཀུན་ཁྱབ་བདག་དྲིན་ཆེན་བླ་མ་མཁྱེན་ནོ།།
བསྟན་དང་འགྲོ་ལ་ཕན་བདེའི་བྱིན་རླབས་སྩོལ་ཤོག།
༼༢༽
སྤྱི་བོར་བདེ་ཆེན་འཁོར་ལོར་བླ་མ་བཞུགས་མཛོད།།
མགྲིན་པ་ལོངས་སྤྱོད་འཁོར་ལོའི་རྩ་སྒོ་ཕྱེས་ནས།།
སྙིང་ཁ་ཆོས་ཀྱི་འཁོར་ལོར་ཕྲིན་ལས་སྤྲོ་བསྡུ།།
འཁོར་འདས་ཀུན་བྱེད་རྒྱལ་པོས་གཟི་དཔལ་ངོམས་ཡ།།
༼༣༽
ཆོས་དབྱིངས་སྤྲོས་པ་བྲལ་བའི་སྟོང་ཉིད་ངང་ལས།།
ཆོས་ཅན་རྣམ་དག་འོད་གསལ་གཉུག་མའི་ཞལ་རས།།
རང་རིག་པདྨ་རྒྱལ་པོའི་རྟུལ་ཞུགས་སྤྱོད་པ།།
རང་སྣང་གང་དགའ་རོལ་བའི་རྣལ་འབྱོར་སྐྱིད་པ།།
༼༤༽
ཉན་རང་རང་འདོད་ཞི་བའི་བྱིང་ལ་མ་ཆགས།།
བྱང་སེམས་གྲངས་མེད་གོམས་པའི་དཀའ་སྤྱད་མ་དགོས།།
གསང་ཆེན་བསྐྱེད་རྫོགས་མ་དགོས་རང་ངོ་རིག་པ།།
ཡང་གསང་རྫོགས་པ་ཆེན་པོའི་ཁྱད་ཆོས་ཁོ་ན།།
༼༥༽
སྣང་བ་སྣོད་བཅུད་བསྐྱེད་རྫོགས་རང་དབང་འབྱོར་ནས།།
རང་གཞན་སྒྱུ་ལུས་རྩ་རླུང་འཕྲུལ་འཁོར་རྣལ་འབྱོར།།
བདེ་ཆེན་མཉམ་སྦྱོར་ངང་དུ་ཚོགས་གཉིས་རོལ་བ།།
གནས་ལུགས་ཕྱག་རྒྱ་ཆེན་པོའི་ཁྱད་ཆོས་ཁོ་ན།།
༼༦༽
ཤེས་རབ་ཆེན་པོ་སྟོང་ཉིད་སྤྲོས་བྲལ་ངང་ནས།།
སྙིང་རྗེ་ཆེན་པོའི་འགྲོ་དོན་མུ་མེད་མཛད་པ།།
སེམས་དཔའ་ཆེན་པོ་རྒྱལ་སྲས་དཀའ་ཐུབ་སྤྱོད་པ།།
ཐེག་པ་ཆེན་པོའི་ལམ་གྱི་སེམས་བསྐྱེད་ཁོ་ན།།
༼༧༽
འཁོར་བ་སྡུག་བསྔལ་རྒྱ་མཚོ་ཉེས་དམིགས་མ་བཟོད།།
མྱང་འདས་ངེས་འབྱུང་བློ་སྣ་ནང་ནས་འཁྲུངས་ཤིང་།།
བདེན་བཞི་མི་རྟག་སོ་གཉིས་ཏིང་འཛིན་གོམས་པས།།
བདག་མེད་རྟེན་འབྲེལ་རྟོགས་པ་རང་ཉན་ཁོ་ན།།
༼༨༽
འཇིག་རྟེན་ལྷ་དང་དྲང་སྲོང་དཔང་པོར་བཞགས་ནས།།
དགེ་སྡིག་བླང་དོར་བརྩོན་པའི་འཁོར་བའི་ཆོས་ཉིད།།
ཆོས་བརྒྱད་རང་དོན་གཉེར་བའི་ཆབ་དཔལ་རིག་གནས།།
རྒྱལ་སྲིད་མངའ་འབངས་སྐྱོང་མཛད་ཁྱིམ་པ་ཁོ་ན།།
༼༩༽
སངས་རྒྱས་སེམས་ཅན་ཐ་དད་དབྱེ་བ་མ་བྱས།།
ཕྱི་ནང་གྲུབ་མཐའ་ཁག་ལ་ཁྱད་པར་མ་ཤེས།།
བསམ་བཟང་འགྱུར་མེད་གསེར་གྱི་སྐུད་ཐག་སྲ་ན།།
ཆོས་འཇིག་གཉིས་ཀའི་རྩ་བ་ཁོ་ན་ཉིད་དོ།།
༼༡༠༽
ཕ་ཡུལ་གངས་ཅན་གཡུགས་ནས་གཡོ་འཕྲུལ་འཁྲབས་ཅིང་།།
མཆོད་འོས་དམ་པ་བསླུས་ཞིང་འཕགས་ཡུལ་དོར་ནས།།
ཨ་རིའི་རང་དབང་ལུང་པ་དག་ཞིང་བསྒོམས་ན།།
སྒེར་སྤྱོད་རུལ་གསེང་གོ་སྐབས་འཚོ་བ་མིན་ནམ།།
༼༡༡༽
དྲང་བདེན་རྒྱབ་འགལ་མ་བྱས་ལོ་རྒྱུས་རྣམ་དག།
དམ་སེལ་གཡའ་ཡིས་མ་གོས་བཀའ་བརྒྱུད་གོང་མ།།
མཁས་གྲུབ་དགེ་བའི་འབྱུང་གནས་ཀུན་གཟིགས་ཞྭ་དམར།།
བདེན་འཁྲུངས་དྲང་པོར་འདས་པའི་རྣམ་ཐར་ཁོ་ན།།
༼༡༢༽
ལས་སྨོན་རྟེན་འབྲེལ་བཟང་པོའི་ལྷ་རིགས་འཁྲུངས་པའི།།
སྐྱེ་བ་སྔ་ཕྱི་མ་བརྗེད་རྗེས་དྲན་སྤྲུལ་སྐུ།།
ལུགས་གཉིས་སྲོལ་མཐུན་གནང་བའི་ངོས་འཛིན་ཐོབ་པ།།
༧ཀརྨ་མཐའ་ཡས་རྡོ་རྗེ་ཁོ་ན་ཉིད་དོ།།
༼༡༣༽
མི་ཡུལ་ངེས་མེད་འཁྱམ་པའི་དཔལ་དགྱེས་རྡོ་རྗེར།།
ལུགས་གཉིས་མཁྱེན་རྒྱ་ཡངས་པའི་གྲོགས་ཀྱིས་སྐུལ་ངོར།།
ཆོས་ནོར་ཕངས་མེད་སྐལ་ལྡན་བུ་ལ་སྦྱིན་ན།།
ལས་སྨོན་རྟེན་འབྲེལ་བཟང་པོའི་རྨི་ལམ་མ་བརྗེད།།
༼༡༤༽
རྒྱུ་འབྲས་ཐེག་པའི་རྟེན་འབྲེལ་བརྡ་དོན་མ་རལ།།
ཕྱག་རྫོགས་དབུ་མའི་དགོངས་གནད་ཐུགས་ལ་ཆུབ་པའི།།
འཇིགས་མེད་རྟུལ་ཞུགས་སྤྱོད་པའི་དཔའ་བོའི་གད་རྒྱངས།།
བསྐལ་པ་ཆགས་འཇིག་བྱུང་ཡང་འགྱུར་བ་མི་སྲིད།།
༼༡༥༽
གནས་ལུགས་བདེན་པའི་གཏམ་ལ་མཉན་འཁན་ཉུང་རུང་།།
སྣང་ཚུལ་སེམས་ཀྱི་རི་མོ་བསུབས་ཐབས་མི་འདུག།
བཀའ་བརྒྱུད་མར་མི་དྭགས་པོའི་བརྒྱུད་པ་ཡིན་ན།།
དྲེགས་པ་འཇིག་རྟེན་ཆོས་ལ་ཞེན་ཆགས་སྤོངས་ཤིག།
༼༡༦༽
རྒྱ་བླས་ཕྲག་དྭོགས་མ་བཟོད་མངོན་སུམ་སྨད་རུང་།།
བོད་འགས་རྨོངས་པས་དབང་གིས་ལྐོག་ནས་སྡང་རུང་།།
རྒྱ་མོས་ཆགས་པས་སྨྱོས་ནས་སྒྲོ་བཀུར་བཏབས་ཀྱང་།།
ཉེས་མེད་མཁན་ཆེན་བླ་མ་རྡུལ་ཙམ་མི་གནོད།།
༼༡༧༽
སྣང་སྲིད་དཔེ་ཆ་གོ་བའི་རྣམ་དཔྱོད་འདི་དང་།།
སྣོད་བཅུད་སེམས་སུ་མྱོང་བའི་ཚོར་བ་རྣོན་པོས།།
བདེ་སྡུག་མགོ་མཉམ་རྟོགས་པའི་ཉམས་ལེན་རྣལ་མས།།
འཆི་དགའ་གསོན་སྐྱིད་གནས་པའི་རྣལ་འབྱོར་ལགས་སོ།།
༼༡༨༽
གཞན་གནོད་གཞི་བཅས་སྤོངས་བའི་དགེ་སྦྱོང་སྤྱོད་པ།།
གཞན་ཕན་གཞི་བཅས་སྒྲུབ་པའི་བྱང་ཆུབ་སེམས་དཔའ།།
གཞན་སྣང་དབང་བསྡུས་རང་སྣང་ཟིལ་གྱིས་གནོན་པའི།།
ཡང་དག་ཆོས་པའི་རང་ཚུགས་མངོན་སུམ་མཐོང་སོང་།།
༼༡༩༽
རྒྱ་བོད་ལོ་རྒྱུས་བདེན་པ་བརྫུན་དུ་མ་བསྒྱུར།།
ཐེག་པ་སྣ་ཚོགས་བསྟན་པ་སྐྱོན་དུ་མ་མཐོང་།།
ལྷ་འདྲེ་ཆོས་ཆོལ་བར་ན་རྩོད་པ་དབེན་པའི།།
མི་རྒོད་རུས་པ་དཀར་པོ་ང་འདྲ་མི་འདུག།
༼༢༠༽
བདེ་སྡུག་རེ་དྭོགས་དབེན་པའི་ཤྲཱིཿསྨྱོན་པས།།
མཁྱེན་བརྩེ་ནུས་པའི་ཁྱབ་བདག་བླ་མ་རྣམ་དང་།།
དད་བརྩོན་དམ་ཚིག་གཙང་མའི་མཁན་པོ་དམ་པ།
སྐུ་ཚེ་བརྟན་ཅིང་འགྲོ་དོན་རྒྱས་པར་སྨོན་ནོ།།
ཞེས་པ་འདི་ཡང་རབ་གནས་མེ་བྱའི་ཟླ་༨ཚེས༣༠་ལ་མཁས་བཙུན་བཟང་གསུམ། འཆད་རྩོམ་རྩོམ་པའི་བློ་གྲོས་ཡངས་པ། ཁྱད་པར་བསྙེན་བསྒྲུབ་ཕྲིན་ལས་རང་བྱན་ཆུབ་པའི་མཁན་སྤྲུལ་དུ་མས་མདོ་སྔགས་ཀྱི་གཏམ་མགུར་དགོས་པའི་སྐུལ་མ་དང་། ཐུགས་མཁྱེན་བརྩེའི་ནུས་པའི་བདག་ཉིད་ཅན་ཕྱོགས་དུས་རྒྱལ་བ་ཀུན་གྱི་ཕྲིན་ལས་ཀྱི་རང་གཟུགས་དམ་པ་དཔལ་རྒྱལ་བའི་དབང་པོ་༧ཀརྨ་པ་མཐའ་ཡས་རྡོ་རྗེ་འཆང་ཆེན་པ་ལ་ཡང་སྒྲོ་བཀུར་དུ་མ་བཏབས་པ་དང་། རང་ལ་ཡང་རི་སྤྲུལ་སོགས་ཀྱིས་འཇིགས་སྐུལ་དང་ངན་སྨད་སྣ་ཚོགས་མངོན་ལྐོག་ཅི་རིགས་ནས་རྒྱུད་རིམས་བྱས་ཀྱང་བླ་མ་དམ་པ་དང་དམ་པའི་ཆོས་ལ་མོས་གུས་དང་དམ་ཚིག་ཅན། མཁན་ཆེན་བླ་མ་འམ་རིག་འཛིན་དཔལ་དགྱེས་པ་རྡོ་རྗེ་རུ་འབོད་པའི་དྲང་བདེན་གྱི་མི་རབས་ལ་ལམ་སྟོན་གསལ་བའི་སྒྲོན་མེ་འདི་ཉིད་གང་ཤར་ཐུན་མཚམས་ཉིན་གུང་གི་སྐབས་སུ་དབྱིན་ཡུལ་ཛྙཱ་ན་གུ་རུའི་ལྷ་ཁང་དུ་སྤེལ་བ་དགེའོ།། མཆན། ༼ ངོ་དེབ་དང་འཕྲིན་ཕྲན་ལས་འཇིགས་སྐུལ་དུ་སྐད་སྒྱུར་བ་རི་འགུལ་སྤྲུལ་སྐུ་དང་རྒྱ་མོ་འགའ་རེས་གཞི་མེད་བཀུར་འདེབས་དང་སྐབས་འཚོལ་པ་འགའ་ཞིག་ལ་བདེན་པ་རབ་སྤྲོད་དུ་ཤྲཱིས་ཚིགས་སུ་བཅད་པའོ།།༽
དམ་པའི་འདས་མཆོད་རིག་འཛིན་རྗེས་དྲན།།
ན་མོ་གུ་རུ་ཀརྨ་བྷ་དྲ་ཡེ།།
ཀ་དག་དབྱིངས་ལས་ངོ་བོ་ཉིད།།
ལྷུན་གྲུབ་འོད་གསལ་རང་བཞིན་དཔལ།།
ཟུང་འཇུག་རིག་འཛིན་ཐུགས་རྗེ་ཅན།།
བརྒྱུད་གསུམ་བླ་མས་བྱིན་རླབས་སྩོལ།།
རིག་འཛིན་རྒོད་ཀྱི་ལྡེམ་ཕྲུ་ནས།།
རིག་འཛིན་པདྨ་ཕྲིན་ལས་བར།།
རིག་འཛིན་བརྒྱུད་པའི་བྱང་གཏེར་བདག།
རིག་འཛིན་རྩེ་སྤྲུལ་དམ་པ་དྲན།།
སྔ་འགྱུར་བསྟན་པའི་སྲོག་ཤིང་ཆེ།།
འདུལ་འཛིན་ཡོངས་ཀྱི་གཙུག་རྒྱན་པ།།
བཤད་སྒྲུབ་ཕྲིན་ལས་སྤེལ་བའི་མགོན།།
༧སྐྱབས་རྗེ་ཀརྨ་བྷ་དྲ་མཁྱེན།།
དུས་གསུམ་སངས་རྒྱས་འདུས་པའི་སྐུ།།
ཟབ་རྒྱས་བཀའ་གཏེར་གདམས་པའི་གསུང་།།
རྫོགས་པ་ཆེན་པོ་རྟོགས་པའི་ཐུགས།།
ཀུན་བཟང་བརྒྱུད་པའི་བླ་མ་མཁྱེན།།
མཁྱེན་བརྩེ་ནུས་པའི་མངའ་བདག་མཁྱེན།།
རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ།།
ཀུན་བཟང་དགོངས་པ་མཐར་ཕྱིན་ཤོག།
རྩེ་སྤྲུལ་རིན་པོ་ཆེས་སྐུ་གདུང་མཆོད་འབུལ་མཐོང་བའི་མོད་ལ་ཤྲཱིས་གང་ཤར་བགྱིས་པར་དགེའོ།།