སྙན་བཟང་གཡུང་དྲུང་ཚེ་རིང་།
སྟོན་གྱི་རླུང་བུ་གྲང་མོས་རྡེག་པའི་ལོ་མའི་ཤག་སྒྲ་རེ་ཞིག་རྒྱང་དུ་ཡལ་བར་གྱུར། །
དགུན་གྱི་ཁ་བ་ལེབ་མོ་སྨྲ་བ་མེད་པར་ཁོར་ར་ཁོར་ཡུག་གདོང་ལ་ངང་གིས་འབབ། །
གློ་བུར་ཅི་ཞིག་མཐོང་འདོད་དྲག་པོས་སྒེའུ་ཁུང་ཕྱི་ལ་ལྟ་བཞིན་སེམས་པ་གདུང་བས་གཟིར། །
ཀྱེ་མ་ཕ་རྒན་འདས་ནས་མི་ངོ་དགུ་ལྷག་ཕྱིན་ཀྱང་སྔར་སོང་འདས་དོན་བརྗེད་ཐབས་བྲལ། །
ཞིབ་ཏུ་བསམས་ན་ཚེ་ནི་ཐུང་ཞིང་ནམ་འཆི་ངེས་པ་མེད་པ་སུ་ཡིས་བཟློག་ཐབས་མེད། །
འོན་ཀྱང་མི་རིང་འཕྲད་པའི་ཁ་ཆད་བྱེད་བཞིན་གློ་བུར་ཞིང་དུ་གཤེགས་པ་སུ་དང་གང་གིས་ཤེས། །
དེ་རིང་འདས་དོན་འདི་ཉིད་དྲན་ཙམ་གྱིས་ཀྱང་སེམས་ཀྱི་ན་ཟུག་དྲག་པོ་བཟོད་ཐབས་མེད།།
ད་དུང་སྣང་བར་ཡོད་ཡོད་འདྲ་བའི་སྨིག་རྒྱུའི་ཆུ་ལ་ཞེན་པའི་རི་དྭགས་འཁོར་བར་བྱེད། །
དེ་བས་ཁང་ཆུང་སྦུག་ཏུ་ཕྱིན་ཏེ་བྱིས་པ་དམར་རྗེན་བཞིན་དུ་དུས་ཡུན་རིང་པོར་ངུས། །
ད་ནི་ཕ་གའི་སྨུག་པས་བཏུམས་པའི་རི་བོའི་རྩེ་མོར་འགོས་ཀྱང་ཁྱེད་ཉིད་མཐོང་རེ་བྲལ། །
རྦ་རླབས་དྲག་ཏུ་འཕྱོ་བའི་མདུན་གྱི་རྒྱ་མཚོར་བརྒལ་ཀྱང་མཇལ་བའི་གོ་སྐབས་ག་ལ་ཡོད། །
འོན་ཀྱང་ད་ལྟ་ཁྱེད་ཉིད་མཐོང་བར་འདོད་པའི་སེམས་ཀྱི་མེ་ལྕེ་དྲག་ཏུ་མཆེད་ཀྱིན་འབར། །
སྤྲང་པོ་དང་ཁྱི་རྒན།
དེ་རིང་ཉིན་གང་བབས་པའི་སྟོན་གྱི་ཆར་བ་ཡིས། །
སྡོང་ལོ་ཅི་ཙམ་གཏོར་བ་སུ་ཡིས་མི་ཤེས་ཀྱང་། །
སྲོད་ཀྱི་ནམ་ཟླ་གྲང་ཞིང་ལྷགས་རླུང་རྒྱས་པ་དེས། །
མི་རྣམས་ཁང་པའི་སྦུག་ཏུ་ཡངས་མོར་དེད་པ་འདྲ། །
དུས་རྒྱུན་མི་ཚོགས་འཕྱུར་བའི་སྲང་ལམ་རིང་མོ་ཡང། །
དོ་དགོང་གློག་འོད་ངོཊ་ན་ཧ་ཅང་དབེན་པར་གནས། །
ཞིབ་ཏུ་ཉན་ཚེ་རྒྱང་གི་ན་ཆུང་བུད་མེད་དེ། །
བྲེལ་སྣང་ཆེན་པོས་གོམ་པ་སྤོ་བཞིན་རིང་དུ་འགྲོ །
ག་ཤེད་ཅིག་ཏུ་གཉོམ་ལག་མ་རྒྱས་བྱིས་པ་ཞིག །
སྐྱོ་ཤས་དྲག་པོས་ངུ་བའི་སྒྲ་ཡང་ཅུང་ཙམ་ཐོས། །
གློ་བུར་ལམ་གྱི་ཟུར་དུ་ཉམ་ཐག་རྒད་པོ་ཞིག །
ཀྱེ་མ་ས་ལ་འགྱེལ་བ་མིག་གི་ལམ་དུ་མངོན། །
ན་ཟུག་ཆེ་བའི་གང་ཟག་རྒས་ཤིང་འཁོགས་པ་འདི། །
ཉིན་མཚན་སྲང་ལམ་ཉུལ་བའི་སྤྲང་པོ་ཞིག་ཏུ་ཚོར། །
སྟོད་ཀྱི་ལྭ་བའི་ཕུ་ཐུང་ཡ་གཅིག་མཐོང་རེ་བྲལ། །
སྨད་ཀྱི་དོར་མ་རལ་བས་བརླ་རྐང་རྗེན་པར་སྣང་། །
སྨིན་མའི་མཚམས་ལས་བཞུར་བའི་ཁྲག་གི་ཐིཊ་པ་རེ། །
ད་དུང་ངོ་གདོང་བརྒྱུད་དེ་ས་ལ་ཟགས་པར་བྱེད། །
རྒད་པོས་ན་ཟུག་མ་བསྲན་ངུ་འབོད་བྱས་གྱུར་མོད། །
སྲང་ལམ་རིང་མོ་དབེན་པའི་ཀློང་དུ་གཉིད་ལ་རོལ། །
དེ་ཚེ་གང་ནས་འོངས་པ་མི་ཤེས་ཁྱི་རྒན་ཞིག །
རྐང་པ་ཡ་གཅིག་བཀྱགས་ཏེ་ལམ་གྱི་དཀྱིལ་ལ་སླེབས། །
དེ་ནི་བདག་པོ་བོར་བའི་ཁྱི་ཞིག་ཡིན་པ་འདྲ། །
ཅི་ཞིག་འཚོལ་བའི་ཟོལ་གྱིས་ཟུག་སྐད་ཡང་ཡང་འབྱིན། །
དེ་མ་ཐག་ཏུ་འབྱོར་ལྡན་ཨ་ཅག་སྒོ་རུ་བུད། །
ཧ་ཅང་བྲེལ་བའི་ཚུལ་གྱིས་སྐེ་དཀྲུས་འཇམ་པོར་གཡོགས། །
ན་གཞོན་ཕོ་གསར་ཞིག་གིས་རང་གི་སྟོད་གོས་ལྭ། །
མགྱོགས་པོར་ཕུད་དེ་འཕྲལ་དུ་བཀབ་པར་གྱུར། །
རིམ་བཞིན་མི་ཚོགས་འདུས་ཏེ་སྲང་ལམ་རིང་མོ་འདི། །
རེ་ཞིག་ཟང་ཟིང་གྱུར་པས་ཅ་ཅོ་ཝང་ཝང་འཕུར། །
ཅུང་ཙམ་འགོར་བའི་ཚེ་ན་ཁུ་སིམ་སླར་ཡང་འཁྱིལ། །
ཁྱི་རྒན་གང་དུ་ཡོད་མེད་མཐོང་བའི་ཡུལ་དུ་དབེན། །
འོན་ཀྱང་སྤྲང་འཁྱམས་རྒད་པོ་སྔར་གྱི་ཁ་མལ་ན། །
ད་དུང་ན་ཟུག་དང་བཅས་ཐང་ལ་འགྱེལ་བ་མཐོང་། །
སྤྲང་པོས་ཅི་ཞིག་དྲན་ནམ་ཁྱི་ཡི་ཉམས་འགྱུར་གྱིས། །
ངོ་གདོང་གནམ་ལ་འཁོར་ཏེ་ཟུག་སྐད་འབྱིན་བཞིན་དུ། །
མིག་མཐའ་མཆི་མས་གང་ནས་རང་ལ་བདག་པོ་ཞིག །
ཀྱེ་ཧུད་ཨེ་ཡོད་སྙམ་སྟེ་སྒུག་པ་དབྱེར་མ་མཆིས། །
སྙན་ངག་གི་མཚན་མོ།
མཐོན་མཐིང་མཁའ་ཡི་ཁ་དོག་སྔོ་ཞིང་དྭངས། །
དྲོ་འཇམ་ཉི་འོད་དལ་བུར་ས་ལ་ཟགས། །
མཚོ་ངོགས་རབ་རིབ་རྨི་ལམ་ཀློང་ནས་སད། །
བྱ་དང་བྱིའུས་གྲེ་འགྱུར་ལྷང་ལྷང་སྒྲོག །
བྱིས་པ་ཆུང་ཆུང་ད་དུང་གཉིད་དུ་ཡུར། །
ཁྱིམ་བདག་རྒན་མོ་མལ་གྱི་ཁྲི་ལས་ལྡང་། །
འཚིག་ཇའི་དྲི་ཞིམ་ཐབ་ཚང་སྒེའུ་ཁུང་བརྒྱུད། །
མི་རྣམས་གཅིག་རྗེས་གཉིས་མཐུད་ཕྱི་རུ་ཐོན། །
སྲང་ལམ་ཅ་ཅོ་མཐོ་ཙམ་དམའ་ཙམ་འཕུར། །
སྐྱེ་བོ་སྐོར་ཞིག་བྲེལ་བཞིན་ལས་ཀར་སྙེག །
ལས་མེད་དེ་དག་བག་ཕེབས་སྲང་ལམ་འགྲིམ། །
སྤྲང་པོ་རེ་ཟུང་ཞོ་དངུལ་སློང་བཞིན་ཆས། །
མཛེས་མས་འཕོངས་ཚོས་གཡས་གཅི་གཡོན་གཅི་བྱེད། །
རིམ་བཞིན་སྲང་ལམ་ཁྲ་ཁྲ་ཟང་ཟིང་གྱུར། །
ཉིན་གུང་ཉི་མའི་འོད་ཀྱིས་མིག་ཀྱང་ཟུམ། །
གསར་བཞད་མེ་ཏོག་སྣ་ཚོགས་སྙིང་ལ་སྡུག །
སྦྲང་སྐད་ཟ་ཟི་ཆད་མ་མཐུད་ཀྱིས་གྲག །
རྒན་རྒོན་རེ་ཟུང་ལྗོན་པའི་འོག་ཏུ་སྐྱིད། །
མཐའ་སྐོར་བྱིས་པའི་གདོང་ན་རྔུལ་ཆུ་བཞུར། །
ངང་པ་ཕོ་མོས་ཆུ་ལ་རི་མོ་འབྲི། །
སྦལ་བ་ན་འདམ་ཁྲོད་ན་གཡས་སྐོར་རྒྱག །
ཕྱི་དྲོའི་གྲིབ་མ་རིམ་གྱིས་སྲིབ་ལ་འཐེན། །
དཔྱིད་ཀྱི་མེ་ཏོག་འདབ་མ་སླར་ཡང་ཟིམ། །
ཉ་པ་རྣམས་ཀྱང་མཚོ་ཁར་བྲེལ་བཞིན་ལོག །
དུས་ཚིགས་བརྗེ་བའི་བྱ་ཁྱུས་གནས་མལ་བཙལ། །
སྲང་གི་འདུ་འཛི་ཉུང་ཞིང་དབེན་པར་གྱུར། །
ནུབ་ཁའི་ཉི་མ་རྒྱ་མཚོའི་མཐའ་ལ་ལྷུང་། །
སྤྲིན་པའི་ཁ་དོག་དམར་ཞིང་རབ་ཏུ་སྒེག །
རྒྱ་མཚོའི་འགྲམ་དུ་མུན་པ་སྟུག་པོ་འཁྱིལ། །
ཁོར་ར་ཁོར་ཡུག་སྣང་ཞིང་མི་སྣང་གྱུར། །
རླུང་བུ་བསེར་མ་ཞིག་ཀྱང་འཇབ་ནས་ལྡང་། །
སྐར་ཚོགས་རྒྱ་མཚོས་རང་འོད་འབྱིན་བཞིན་འཚེར། །
མཚན་མོའི་ཟླ་བ་ཆུ་མོའི་གཞུང་ན་འདར། །
དཔྱིད་རླུང་འཇམ་པོས་མཛེས་མའི་འཁུན་སྒྲ་ཁྱེར། །
ད་ནི་སྙན་ངག་འབྲི་བའི་དུས་ལ་སླེབས། །
ད་ཁ་བརྡ་དྲྭ་བ་ཉམས་འདུག། སྔོན་མ་ཉིན་རེར་ཐེངས་རེར་མ་བལྟས་ན་ཡོང་གི་མེད།
རྒྱུ་མཚན་ནས་འཁྲུགས་ཆ་དོད་པོ་དང་གནས་ཚུལ་སྣ་འཛོམས་ཡོད་པས་རེད། ད་ཆ་སྙན་ངག་སྐམ་པོ་སྤུས་ཞན་རེ་ཟུང་ལས་གཞན་མཐོང་ཡས་མི་འདུག། ང་ཚོ་ཚང་མས་དྲྭ་བ་འདི་ཉམས་ཆག་མ་ཤོར་བ་བྱ་དགོས།
ཤེས་ལྡན་པ་ཁྱོད་ཀྱི་རྩོམ་ཡིག་གང་ཞིག་བྲིས་རུང་ཤིན་ཏུ་ལེགས། གུས་བཀུར་ཡོད། མུ་མཐུད་དུ།