གནའ་སྔ་མོའི་གཏམ་དཔེ་ལ། དགྲ་ཕྱི་དགྲ་མི་སྡུག་ནང་དགྲ་སྡུག རྨ་ལྤགས་པ་མི་སྡུག་ཁ་ནང་རྨ་ཟེར་བ་བཞིན། ང་ཚོའི་མ་འོངས་པའི་མདུན་ལམ་ལ་བར་ཆད་ཆེ་ཤོས་དེ་རྒྱ་གཞུང་མ་རེད། དབུ་མ་མ་རེད། རང་སྐྱོང་མ་རེད། རྒྱལ་བའི་སྐུ་ཚེ་རིང་ཐུང་མ་རེད། སྐུ་ཚབ་མ་རེད། དེ་བས་ཀྱང་འཇམ་དབྱངས་ནོར་བུ་དང་ཤུགས་ལྡན་མ་རེད། ང་ཚོའི་མདུན་དུ་ལྷགས་པའི་བར་ཆད་ཆེ་ཤོས་དེ་ངེད་ཚོའི་ནང་གི་གུ་དོག་པའི་བསམ་བློ་དེ་དང་རྒྱང་ཐུང་བའི་ཕུགས་བསམ་དེ་རེད།
གལ་ཏེ་ངེད་ཚོས་ནང་གི་བསམ་བློ་གཏོང་སྟངས་དེར་སྒྱུར་བ་ཞིག་མ་བཏང་ན། ང་ཚོས་ཇི་ལྟར་སྐོར་བ་རྒྱག་རུང་འཁོར་ས་ནི་གཅིག་པ་རེད། ད་ཕྱི་ལ་མི་གཙིགས་པར་ནང་ལ་གཅིགས་ནས། ངེད་ཚོའི་ཀླད་པ་སྒོར་མོ་འདིའི་གཞི་རྩའི་འཁོར་སྟངས་དེ་ལ་སྒྱུར་བ་བཏང་ནས། བོད་ཀྱི་བདེ་སྡུག་ལ་འཐབ་ཕྱོགས་གསར་པ་ཞིག་འཚོལ་དགོས་ཀྱི་འདུག
དེ་ཡང་འཐབ་ཕྱོགས་གསར་པ་འདིར་གཞི་རྩའི་ཆ་རྐྱེན་ཁ་ཤས་དགོས་པ་ནི། ངེད་ཚོའི་བསམ་བློའི་གཞི་རྩ་དེར་རང་དབང་དང་། བློ་རྩལ། རིག་པ། བློ་སྟོབས། རྒྱ་སྐྱེད། རྒྱུ་མཚན། དཔང་རྟགས་བཅས་ལ་བརྟེན་པ་དང་། ཆོས་ལུགས་དང་། ལ་རྒྱ། ཕྱོགས་བཞེན་བཅས་དོར་དགོས་ཀྱི་འདུག
དེར་བརྟེན་བོད་ཀྱི་མདུན་ལམ་འཚོལ་བར་གོམས་པ་དང་པོ་དེ་ངེད་ཚོིའི་བསམ་བློ་རྙིང་པ་དེ་ཚོར་འདྲི་བ་འདྲི་དགོས་ཀྱི་འདུག དཔེར་ན། ངེད་ཚོས་ད་བར་ལྷ་སྲུང་མར་རེ་བ་བཅོལ་བ་འདི་འགྲིག་འདུག་གམ། དངོས་ཡོད་འབྲས་བུ་གང་བྱུང་སོང་། ངེད་ཚོས་དངོས་པོའི་རྒྱུ་འབྲས་ཀྱི་འབྲེལ་བ་ལ་དོ་སྣང་དེ་ཙམ་མ་བྱས་པར། སྨོན་ལམ་དང་ཚོགས། གཏོར་མ་མང་པོ་བཏང་བ་དེས་དངོས་གནས་ཕན་སོང་ངམ། ངེད་ཚོས་མ་འོངས་པར་ཤེས་ཡོན་དང་བློ་རྩལ། ཚན་རིག་དང་ནུས་མཐུ་ཅན་གྱི་མི་རབས་གསར་པ་ཞིག་མ་སྐྲུན་པར། ཁ་འདོན་ལ་བརྟེན་ནས་གྱེད་སློང་མཁན་གྱི་ནུས་མེད་གཞན་རྟེན་ཅན་གྱི་མི་རབས་ཤིག་སྐྲུན་བཞིན་པ་འདིར་བསམ་བློ་ལེགས་པོ་གཏོང་སྐབས་མཚན་མོ་གཉིད་ཁུག་ཐུབ་པ་འདི་ཡ་མཚན་ཆེ།
ངེད་ཚོས་རྒྱུ་མཚན་དང་ཉམས་མྱོང་ལ་ཡིད་གཏོད་མི་བྱེད་པར་ཕྱིའི་ལྟ་ཚུལ་སྙིང་རྗེ་པོ་དེ་ཚོར་མགོ་བོ་འཁོར་ནས་དུས་འདས་པ་དེ་ཚོས་གང་ཕན་སོང་ལྟ་བུ་རེད།
བསམ་བློ་རྙིང་པ་དེ་ཚོར་དཔྱད་པ་བྱེད་བཞིན་དུ། ད་འཕྲལ་ཕུགས་གཉིས་ལ་ཕན་པ་ཡོད་པའི་བསམ་བློ་གསར་པ་དེ་ཚོ་གང་ཡིན་བརྩད་གཅོད་བྱས། དེ་དག་བཀོལ་ནས། ངེད་ཚོའི་བོད་ཀྱི་མདུན་ལམ་གསར་པ་ཞིག་བརྙེད་པ་བྱེད་དགོས་ཀྱི་འདུག
དེ་ཡང་འཕྲལ་ཕུགས་གཉིས་ཀར་ཕན་པའི་བསམ་བློ་མང་པོ་ཡོད་མོད། དེ་དག་གི་ཀ་བ་ལྟ་བུ་ནི་བསམ་བློ་གུ་ཡངས་དང་བསམ་བློར་རང་དབང་ཐོབ་པ་བྱེད་རྒྱུ་དེ་གལ་ཆེ་རེད་སྙམ།
གནམ་འོག་འདིར་མི་ཚང་མ་གཅིག་པ་ཡིན་རུང་། དཔལ་འབྱོར་དང་ཤེས་ཡོན། ལག་རྩལ་བཅས་ཀྱི་ཐོག་ལ་མི་ཕན་ཚུན་དང་རྒྱལ་ཁབ་ཕན་ཚུན་བར་གནམ་ས་ལྟ་བུའི་མཐོ་དམན་གྱི་ཁྱད་པར་ཤོར་ཡོད། དཔེར་ན། ཨ་རི་དང་བོད་ལྟ་བུའི་མི་དམངས་གཉིས་ཀྱི་བར་བསྡུར་བ་ཡིན་ན། གོང་གི་ཤེས་བྱའི་རྣམ་གྲངས་ལ་ཁྱད་པར་ཆེན་པོ་ཤོར་ཡོད། དེ་བཞིན་ཡུ་རོབ་དང་དེ་བཞིན་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཁག་དང་ཨ་ཕི་རི་ཀའི་གླིང་ཆེན་ནང་གི་རྒྱལ་ཁབ་ཁག་གི་ནང་བསྡུར་བ་ཡིན་ན་ཁྱད་པར་ཆེན་པོ་ཤོར་ཡོད།
ངེད་ཚོས་གོང་གི་ཁྱད་པར་དེ་དག་གི་རྒྱུ་གང་ཡིན་ལ་རྩད་གཅོད་བྱེད་སྐབས། ཁྱད་པར་དེ་ཚོ་ནི་ཆོས་ལུགས་དང་སྐད་ཡིག ཟ་ཆས། དེ་བཞིན་དཀོན་མཆོག་ཡོད་མེད་དང་། བྱམས་སྙིང་རྗེ་ཡོད་མེད། བདག་ཡོད་མེད། སྐྱེ་བ་སྔ་ཕྱི་ཡོད་མེད་ལ་མིན་པར། མིའི་གཞི་རྩའི་བསམ་བློ་གཏོང་སྟངས་དེར་ཁྱད་པར་ཡོད་པས་ཡིན། དེ་ཡང་ཁྱད་པར་དེ་ངེད་ཚོའི་བསམ་བློར་རང་དབང་ཡོད་མེད་ལ་ཐུག དཔེར་ན། ནུབ་ཕྱོགས་ཡར་ཐོན་རྒྱལ་ཁབ་ཀྱི་མི་བསམ་རྒྱ་ཆེ་བ་ཞིག་ཡིན་ན། ཕྱིའི་གནས་ཚུལ་གང་ཞིག་ལ་དཔྱད་པ་བྱེད་སྐབས། དང་པོ་རང་གི་བསམ་བློའི་ནང་རྣམ་རྟོག་དང་ཕྱོགས་བཞེན་གྱི་བསམ་བ་དེ་དོར་དགོས་པ་བཤད་ཀྱི་ཡོད། ཡིན་ནའི་ང་ཚོ་བོད་པ་ཞིག་ཡིན་ན། ལས་རྒྱུ་འབྲས་དང་། ལྷ་བླ་མ་སོགས་ཀྱི་དད་བཞེན་གྱི་བག་ཆགས་དེ་ཤུགས་ཆེན་པོར་གནས་སྟབས། དང་པོ་ནས་རང་གི་བསམ་བློའི་རང་དབང་དེ་མེད་པ་བཟོས་སྟབས། ཕྱིའི་དངོས་ཡོད་ཀྱི་གནས་ཚུལ་མཐོང་བའི་མིག་ཤེས་དང་པོ་དེ་འགྲིབ་ཟིན
དེ་བཞིན་བོད་ཀྱི་གནས་ཚུལ་ཐོག་བསམ་བློ་གཏོང་སྐབས། དཔེར་ན། རིགས་པ་དང་སྤྱི་ཚོགས་ཀྱི་ཉམས་མྱོང་ལས་ཤེས་ཐུབ་པར། གུང་ཁྲན་གྱི་སྤྱི་ཚོགས་དེ་ཚོ་མཐའ་མ་འཐོར་འགྲོ་གི་ཡོད། དེའི་རྒྱུ་མཚན་གཙོ་བོ་ནི། གུང་ཁྲན་གྱི་ལྟ་བ་དེ་མིའི་གཞི་རྩའི་གནས་སྟངས་དང་མཐུན་གྱི་མེད། དེ་འདྲ་ཡིན་པ་ཤེས་ཀྱི་ཡོད་ན། ངེད་ཚོས་ཕྱོགས་གཅིག་ནས་ད་ལྟའི་རྒྱ་གུང་ཁྲན་གྱི་སྲིད་གཞུང་དེ་ནམ་ཞིག་འཐོར་རྒྱུ་ཡིན་པ་ཤེས་ནས། དེ་འཐོར་བའི་སྐབས་ངེད་ཚོ་བོད་ཀྱི་མདུན་ལམ་དེར་སྒྱུར་བ་ཇི་ལྟར་གཏོང་དགོས་མིན་ལ་བསམ་གཞིགས་བྱེད་དགོས་སྙམ།
ཕྱོགས་གཞན་ཞིག་ནས་ངེད་ཚོས་དེ་མ་འཐོར་བར་ལ་ང་ཚོའི་མི་རིགས་དེ་གནས་ཐུབ་པ་བྱ་རྒྱུ་དེ་ལ་བསམ་གཞིགས་ནན་པོ་བྱས་ནས། དང་པོ་བོད་ཀྱི་སྤྱི་ཚོགས་དང་གཞུང་དེ་ཕྱི་དྲག་ཆར་ཇི་འདྲ་ཞིག་ལ་ནང་ལ་འཚུད་ཀྱང་། ནང་བོད་དོན་ལ་གནོད་འགུལ་མི་ཐེབས་པའི་རྨང་གཞི་གདིང་དགོས་ཀྱི་འདུག
དེ་ལྟར་བྱེད་པར་ཐབས་ཤེས་གང་ཡོད་པ་རྣམས་ལ་བློ་རྩལ་མང་པོ་བཏོན་ནས་འཚོལ་དགོས་ཀྱི་འདུག ཁྱེད་བོད་ཀྱི་བློ་རིག་བཀྲ་བའི་མཁས་དབང་རྣམས་ནས་འདི་ལ་གོ་བསྡུར་ཞིག་གནང་རོགས་སྐུ་མཁྱེན།
ལོ་ལེ་སོ། ལོ་ལེ་སོ། ད་གཞན་ད་ག་རེ་བྱེད་དགོས་གི་འདུག
གཅིག་སྒྲིལ། རང་དབང་། མཐོ་དམན་དབྱེར་མེད། ཕོ་མོ་འདྲ་མཉམ། ཆོལ་ཁ་ཆོས་ལུགས་ཀྱི་འཐེན་འཁྱེར་མེད་པ། འདི་དག་གི་གླེང་གཞི་འདི་འཛིན་དགོས་པ་ནས་ལམ་ཁ་དེ་ལ་ཤར་བསྐྱོད་བྱེད་ཐུབ་མི་ཐུབ་དེ་ནི་མི་མང་དེ་རྨོངས་གཉིད་ལས་སངས་མིན་དང་། མི་དམངས་དེ་ལ་སྣེ་ཁྲིད་བྱེད་མཁན་གྱི་ལས་ཀྱི་སྣེ་མོ་བ་དང་མི་དམངས་ལ་གཏམ་གླེང་བྱེད་མཁན་གྱི་མགོ་ཁྲིད་དེ་དག་ལ་འཁྲི་བའི་འོས་འགན་གཙོ་བོ་ཞིག་ཆགས་ཡོད་པ་རེད། དེས་ན་ངེད་ཅག་ལ་ལམ་སྟོན་དང་སྐད་ཆ་བཤད་མཁན་དག་གི་ལས་ཀྱི་སྣེ་མོ་བ་དེ་དག་གིས་ཚོགས་ཐོག་གི་གཏམ་བཤད་གཅིག་དང་ཡུལ་ཕྱོགས་ཚོ་འཛོམ་དུས་ཀྱི་གཏམ་བཤད་གཅིག་བཅས་གཏམ་བཤད་དེ་གཉིས་ཀྱི་ནང་དོན་མི་འདྲ་ལ་གཏམ་བཤད་དེ་གཉིས་སྤེལ་སྐབས་ཀྱི་སྙིང་སྟོབས་དང་མདུན་པ་ལ་ཡང་ལྕི་ཁོག་མི་འདྲ་བ་ཡོང་གི་ཡོད།
ངེད་ཅག་གིས་མི་སྣ་དེ་དག་གི་ནད་སྙིང་དེ་དག་མ་དྲག་ན། གཅིག་སྒྲིལ། རང་དབང་། མཐོ་དམན་དབྱེར་མེད། ཕོ་མོ་འདྲ་མཉམ། ཆོལ་ཁ་ཆོས་ལུགས་ཀྱི་འཐེན་འཁྱེར་མེད་པ་སོགས་ཀྱི་མིང་ཚིགས་དེ་དག་སྙན་མོ་ཇི་འདྲ་ཡོད་ཀྱང་ལག་ལེན་དུ་མི་ཡོང་ཁོ་ཐག་ཡིན། ལྷག་པར་དུ་སྐུ་ངོ་ཟེར་དུས་གནས་ལུགས་བཤད་ས་མེད་པ་ཞིག་དང་ལས་བྱེད་ཟེར་དུས་ཁོང་ཁྲོ་རྐྱང་རྐྱང་ཅན་ཞིག བོད་ཀྱི་མཁས་བ་དང་རྩོམ་པ་པོ་ཟེར་དུས་ང་རྒྱལ་རྐྱང་རྐྱང་གི་འཚོ་མཁན་ཞིག འདི་དག་ལ་འགྱུར་བ་གང་ཙམ་ཞིག་མ་ཐེབས་བར་དུ་བོད་པ་ཚང་ལ་འགུལ་བསྐྱོད་མི་ཐེབས་པ་ཁོ་ཐག་ཡིན་ལ། གལ་ཏེ་འགུལ་བསྐྱོད་རྒྱག་དུ་འཇུག་དགོས་ཟེར་ན་རྨི་ལམ་ཡིན།
ཚོ་ཁག་དེ་དག་གིས་རང་རང་གི་ནོར་འཁྲུལ་ལ་ངོས་ཟིན་ཐོབ་ནས་ཚུར་བོད་པ་ཚང་གི་བདེ་སྡུག་གཅིག་དང་བོད་པ་ཚང་གི་ཤ་ཁྲག་གཅིག་ཞེས་ཁ་ཞེ་དོན་གནས་ཤིག་བཤད་པ་ནས་སྒྲུབ་ཉིན་དེ་ནི་བོད་པ་ཚང་གི་འགྱར་བ་བཟང་ཤོས་དང་གྲུབ་འབྲུས་ཆེ་ཤོས་ཐོབ་ཉིན་ཡིན།