སྣང་རྒྱལ་ཤེས་དགེ། (ཝཱ་ར་ཎ་སི།)
ཉིན་ཤས་ཀྱི་སྔོན་དུ་རྒྱ་ནག་གི་གླུ་སྐད་གསར་པ་ཐེངས་གཉིས་པའི་རྟིང་རྩོད་འགྲན་བསྡུར་ཁྲོད་བོད་རིགས་བཀྲ་ཤིས་ཕུན་ཚོགས་ཀྱིས་ཨང་དང་པོ་བླངས་པའི་རྗེས་སུ་བོད་རིགས་ཚོའི་ཁྲོད་དུ་འུར་ཟིང་ཆེན་པོ་ཞིག་བསླངས་སོང་ཞིང་། དགག་སྒྲུབ་ཀྱི་ཕྱོགས་སོ་སོ་ནས་བཤད་མཁན་མང་པོ་ཡོད་པ་ནི་དྲྭ་རྒྱའི་དུས་རབས་འདིའི་མིའི་རིགས་ཀྱི་སྤྱི་ལུགས་དང་ལྷག་པར་ཏུ་ནར་སོན་ལ་མ་སོན་པའི་བོད་ཀྱི་སྤྱི་ཚོགས་འདིའི་དུས་ཚོད་སྐྱེལ་བྱེད་དུའང་གྱུར་འདུག་གཤིས། དེར་ལན་གླན་པའམ་རྒྱབ་རོགས་བྱེད་པ་སོགས་ཁ་དམག་གི་དཔུང་གྲལ་དུ་འཚང་དགོས་པ་ཡེ་མ་མཆིས་ཏེ་བདག་ལྟ་བུ་ནི་དཔུང་རོགས་སུ་ཡོད་པས་སྟོབས་ཆེན་དང་མེད་པས་སྟོབས་ཆུང་དུ་འགྱུར་འགྲོ་བའི་ཚུལ་གང་ཡང་འབྱུང་མི་སྲིད་པས་སོ།
ད་འོ་ན་ཅི་ཞིག་བཤད་འདོད་དམ་ཞེ་ན། རང་རེ་ལྟར་གླུ་དབྱངས་ཀྱི་རྨང་གཞིའི་གདངས་འགྲོས་ཀྱི་འགྲོ་ལུགས་ཙམ་ཡང་མི་ཤེས་བཞིན་དུ་ཡིན་ལུགས་མིན་ལུགས་ཀྱི་རྨོངས་བཤད་རྐྱང་ག་རྒྱག་འདུག་པ་དང་། གཞན་ཡང་བཟང་ངན་ཡོད་ཚད་མི་རིགས་དང་སྲིད་དོན་གྱི་འཐབ་རྩོད་ཁྲོད་དུ་འདྲུད་ཅིང་འཐེན་པར་གོམས་པའི་ངན་གཤིས་ལས་བརྒལ་ཏེ། གླུ་དབྱངས་ཀྱི་སྒྱུ་རྩལ་ལ་ནང་བྱན་ཆུད་པའི་རིགས་གཅིག་རྐང་འཛིན་པ་དག་དང་། ལྷག་པར་དུ་རང་ཉིད་གླུ་དབྱངས་ལ་བསྟིམས་ཤིང་གླུ་དབྱངས་ཚེ་སྲོག་ཏུ་གྲུབ་པའི་སློབ་སྟོན་པ་དག་གིས་གདེངས་འཇོག་ལ་བསམ་གཞིག་ཅུང་ཙམ་བྱེད་པར་འདོད་དེ།
ཐོག་མར་དགེ་རྒན་ལེའུ་ཧཱན་刘欢liu huan གྱིས་བཤད་པའི་སྐད་ཆ་ཞིག་ཏེ། “ཁོས་ང་ལ་ཡང་ནས་བསྐྱར་དུ་ང་ལ་ད་དུང་གཞན་ཞིག་ཡོད། ང་ལ་ད་དུང་གཞན་ཞིག་ཡོད་ཟེར་བའི་བརྡ་ཞིག་གཏོང་འོང་གི་འདུག བླངས་མ་ཐག་པའི་གླུ་དེ་མི་མང་པོ་ཞིག་གིས་བཏང་བ་དང་འདྲ་བོ་འདུག”ཅེས་དང་། ཡང་”དེ་རིང་ང་ཚོས་ཀྱང་སློབ་སྦྱོང་བྱས་སོང་། ”ཟེར།
ཡང་དཔྱད་འདེམས་པ་ཞིག་གིས། “ང་བོད་དུ་འགྲོ་དགོས་པའི་རྒྱུ་མཚན་མ་མཆིས་ཏེ། ཁྱོད་ཀྱིས་གླུ་སྐད་དེས་ངའི་རྣམ་ཤེས་དག་ཅིང་གཙང་མར་བཀྲུས་སོང་།” ཟེར།
སྐད་ཆ་འདི་གཉིས་ནི་བཀྲས་ཕུན་གླུ་སྐད་གསར་པའི་འགྲན་ཞུགས་ཀྱི་དངོས་གཞིའི་སློབ་མར་ཚུད་པའི་ཆེས་ཐོག་མའི་གདེངས་འཇོག་གི་སྐད་ཆ་ཡིན་པས་མ་ཚད། དགེ་རྒན་དང་དཔྱད་འདེམས་པ་གཉིས་ཀྱི་ཆེས་ཕུལ་བྱུང་གི་གླུ་གཞས་སྒྱུ་རྩལ་གྱི་རྟོགས་ཚད་ལས་འབུས་པའི་སྐད་ཆ་འདིར་བཀྲས་ཕུན་གྱི་མཐའ་མཇུག་གི་རྒྱལ་ཁས་བདེན་དཔང་བྱས་པའང་རེད་ལ། བཀྲས་ཕུན་གྱི་སྐད་ངག་ལ་སྒྱུ་རྩལ་གྱི་ངོས་ནས་བདེན་དཔང་བྱས་པའང་རེད། དེར་བརྟེན་སྒྱུ་རྩལ་ལ་སྒྱུ་རྩལ་གྱི་ངོས་ནས་དཔྱད་བརྗོད་བྱེད་རྒྱུ་ལས་བརྒལ་ཏེ་ཆབ་སྲིད་ཀྱི་རྫོབ་དོང་དུ་འཁྱེར་འགྲོ་བའི་བྱེད་སྟངས་འདི་ནི་སྐབས་སུ་མ་བབས་པ་དང་མི་འོས་པ་ཞིག་རེད།
འགྲན་བསྡུར་གྱི་བརྒྱུད་རིམ་ཁྲོད་ཆེས་མངོན་གསལ་གྱི་རྣམ་འགྱུར་མང་པོ་མིག་ལམ་དུ་འཆར་འོང་བ་ནི་དཔེར་ན་ཡུལ་དངོས་ཀྱི་ལྟད་མོ་བའི་གཞན་ལས་ལྷག་པའི་དགའ་བསུའི་འབོད་སྒྲ་དང་། ལྷག་པར་དུ་ཁ་གཏད་སྡེ་ཚན་གྱི་དགེ་རྒན་དག་གི་རྣམ་འགྱུར་དང་སྐད་ཆ་ནི་དེ་བས་ཀྱང་དོ་སྣང་བྱེད་འོས་པ་ཞིག་རེད། སྡེ་ཁག་གཉིས་ཀྱི་འགྲན་ཞུགས་པ་རེ་རེ་གླུ་གཞས་བླངས་ཚར་བའི་རྗེས་སུ་དགེ་རྒན་དག་གིས་དཔྱད་བརྗོད་རེ་རེ་སྤེལ་སྲོལ་འདུག་པ་དེའི་་ཁྲོད་ནས། ཁ་གཏད་དགེ་རྒན་གྱིས་རང་གི་སློབ་མ་ལས་བཀྲས་ཕུན་ལ་གདེངས་འཇོག་ཆེ་བ་བྱས་པའི་ཚུལ་ཡང་ཡང་མཐོང་ཐུབ་པ་འདི་ནི་སྒྱུ་རྩལ་པས་སྒྱུ་རྩལ་ལ་བརྩི་འཇོག་བྱེད་སྟངས་ཤིག་རེད།
དུས་རྟག་ཏུ་ཅི་ཞིག་བཤད་སྙིང་འདོད་ཅིང་ཡོད་ཚད་ལ་ཁ་དང་ལག་པ་བསྲེ་ཨེ་ཐུབ་ལ་འབད་འདུག་མཁན་ཚོར་བཤད་ན་ཉན་པའི་རེ་བ་མེད་ལ་ཉན་ན་གོ་བའི་རེ་བ་དེ་བས་མེད་མོད། གོ་རྟོགས་དང་དཔྱོད་སྟབས་ཅུང་ཙམ་དམན་ནའང་དོན་དངོས་ཤེས་འདོད་ཆེ་བའི་སྐྱེ་བུ་དྲང་བདེན་ལ་དགའ་བ་ཚོར་དམིགས་ནས་སྐད་ཆ་འདི་བཤད་པ་ལགས།
中国新歌声2 ཀྲུང་གོའི་གླུ་སྒྲ་གསར་པའི་ཐེངས་གཉིས་པ
གཙོ་འཛིན་པས་དཔྱད་བརྗོད་པ་འམ་དགེ་རྒན་བཞི་དང་ ། མཐའ་མའི་གྲུབ་་འབྲས་ལ
གླུ་གཞས་ཆེད་ལས་པ ༡༠༡ གདན་ཞུགས་བྱས་ནས་འོས་གྲངས་ ༦༠ ཐོབ་པའི་བཀྲ་ཤིས
ཕུན་ཚོགས་ལགས་ཨང་དང་པོ ། འོས་གྲངས ༤༡ ཐོབ་པའི་ཀོའི་ཞིན་ལགས་ཨང་
གཉིས་པ་བཅས་སོ །། ད་འོ་ན་གོང་ཏུ་བདེན་དཔང་དེ་རྨོངས་བཤད་མིན་ན ?
དགེ་རྒན་ལེའི་ཧཱན ( 刘欢 ) ནི་གཞས་ཚིག《 齐天》ནང་བོད་སྐད་ཚིག་གཅིག་
ཡང་མེད ། གཞས་དེ་ལྟ་བུ་ཉོན་པའི་གོ་སྐབས་བཟང་པོ་ཡིན་ཚུལ་བཤད་སོང་།
བོད་ཀྱི་སྐད་ཡིག་ལ་དགའ་མཁན་ཚོར་དམིངས་ནས་སྐད་ཆ་་འདིར་བཤད་པ་རེད་དམ ?
རེད་ཡ་རེད། བཀྲ་ཤིས་ཕུན་ཚོགས་ནང་བཞིན་་་་་བོད་ལ་གླུ་པ་གླུ་མ་མི་འདུག་ཡ། གང་ལ་ཟེར་ན་་་་་གར་སྟེབས་ཆེན་པོ་འདི་འདྲའི་སྒང་ནས་བོད་གླུ་བླང་མཁན་བྱུང་མ་མྱོང་བ་དང་ཕྱིན་ཆད་ཡང་འབྱུང་མི་སྲིད་པ་རེད། དེ་མིན་རང་རང་སོ་སོའི་ལུང་ཁོག་ནང་འཛུལ་ནས་་་་དངུལ་དམར་ཆེད་གླུ་ཚིག་ཆལ་ལེ་འཆོལ་ལེ་་་འདྲ་བྲིས་ནས་བཏང་དང་གཏོང་བཞིན་པ་གླུ་པ་ཤེར་བསྟན་དང་བདེ་སྐྱིད་ཚེ་རིང་སོགས་མང་ཐལ། ་་་་་ད་དུང་གླུ་རྒྱལ་སོགས་ཀྱི་མིང་སྙན་མ་འོས་བཞིན་དུ་བཏགས་པ་་་་་་་ཧཧཧཧཧ།