དགའ་བ་མཇེ་ཕྲུག་ནས།
བརྩེ་དུང་ཟེར་བ་མིག་གིས་མཐོང་རྒྱུ་མེད།།
བརྩེ་དུང་ཟེར་བ་ལག་པས་འཛིན་རྒྱུ་མེད།།
རིག་རྒྱུ་མེད་པའི་སེམས་ཀྱི་གཏམ་རྒྱུད་འདི།།
མུ་མེད་རྒྱ་མཚོ་བརྒལ་ཀྱང་འཛད་རྒྱུ་མེད།།
གཅིག་སེམས་གཅིག་ལ་ཆགས་པའི་མྱོང་རོལ་འདི།།
འཇིག་རྟེན་འདི་ལ་ཡ་མཚན་ཚ་ཤོས་རེད།།
འཕྲད་དུས་གྱེས་འདོད་མེད་པའི་སྣང་ཚུལ་དང་།།
གྱེས་དུས་ཐུག་འདུན་ཆེ་བ་རང་བཞིན་གོ །
གཞོན་སེམས་གཅིག་གིས་གཅིག་ལ་ཆགས་ཉིན་ནས།།
མཐོ་པོ་གངས་རི་བརྒྱུད་ནས་འཕྲད་ཐབས་བྱས།།
ཕ་མས་བཀག་འགོག་བྱས་ཀྱང་བྲོས་ནས་འགྲོ །
བརྩེ་དུང་འདི་ལ་ཅི་འདྲའི་ངར་ཤུགས་ལགས།།
ནང་སེམས་ཕ་མར་འཁྲེན་མཁན་མང་མང་རེད།།
ཕ་མ་མེད་ཀྱང་སྡུག་མཁན་ཉུང་ཉུང་རེད།།
རོགས་ལོ་སྙིང་གི་ཚི་ལུ་མེད་སོང་ན།།
འཇིག་རྟེན་སྙིང་པོ་མི་འདུག་བཤད་བཤད་རེད།།
བརྩེ་དུང་མེད་ན་མི་ཚེ་སྟོང་པ་འདྲ།།
བརྩེ་དུང་མེད་ན་ནང་སེམས་ལྷིང་འཇགས་མེད།།
བརྩེ་དུང་སེམས་ཀྱི་ཚོར་རླབས་དྲགས་པོ་འདི།།
བརྩེ་བའི་ཕོ་མོས་མྱོང་རོལ་ལུས་ཀྱང་བྱ།།
བརྩེ་བའི་མི་དང་འཕྲད་པའི་ཉིན་དེ་ནས།།
འདུག་ས་རྩ་ཁང་ཐོག་མེད་ཡིན་ཀྱང་ཆོག །
ཟ་འཐུང་ཆུ་རྐྱང་བྱེད་ཀྱང་བདེ་སྐྱིད་ཚོར།།
གྱི་ནའི་འཚོ་བ་སེམས་ཀྱི་ཞིང་ཁམས་གྱུར།།
བརྩེ་དུང་སེམས་ཀྱི་ཁ་ལོ་སྒྱུར་མཁན་རེད།།
བརྩེ་དུང་ལུས་སེམས་གསོ་བའི་སྨན་སྦྱོར་རེད།།
འདོད་ཡོན་ལོངས་སྤྱོད་རོལ་བྱ་བརྩེ་དུང་རེད།།
བརྩེ་བའི་མི་དང་དུང་བའི་གཏམ་རྒྱུད་དགོས།།