ཨཱཙཱརྱ་ཨག་ལོད་ཀྱིས།
བཞིན་རས་ཟླ་བའི་དཀྱིལ་འཁོར་ངོས་སུ་མིག་ཟུང་རི་དྭགས་མཚན་མ་མཛེས། །
འཛུམ་ཆུང་སྟོང་གི་ཟླ་ཟེར་ཀློང་ན་ཚེམས་ཕྲེང་ཀུ་མུད་ཚར་དུ་དངར། །
རབ་དཀར་འོད་ཀྱི་བཞིན་གྱི་མཁའ་ལ་མཁུར་ཚོས་སྤྲིན་དམར་ཐིག་ལེར་འཁྱིལ། །
ལང་ཚོའི་ཆ་ཤས་ཡོངས་སུ་རྫོགས་པའི་ལ་སྟོད་ན་ཆུང་ཉ་གང་ཟླ། །
མགོ་བོ་བྲག་སྟོད་མཐོན་པོའི་སྤོ་ལ་བྱུར་དམར་རྒྱན་གྱི་མཚམས་སྤྲིན་འཁྱུད། །
རྣ་བ་རྒྱལ་བ་རིགས་ལྔའི་དབུ་ལ་རྣ་ལོང་སེར་ཆེན་མེ་ཏོག་མཚར། །
བྲང་གི་སྤང་གཤོངས་བདེ་མོའི་སྟེང་ལ་གཡུ་བྱུར་མུ་ཏིག་མེ་ཏོག་བཀྲ །
ལ་སྟོད་བུ་མོའི་ལང་ཚོའི་དབྱར་གཞུང་རིན་ཆེན་རྒྱན་གྱི་མེ་ཏོག་བཞད། །
ལྡེམ་ལྡེམ་ལུས་ཀྱི་འཁྲི་ཤིང་མཉེན་མོ་ཕྱུ་བ་ནག་པོའི་ཤུན་ན་དཀར། །
སྐུ་ལུས་ཙ་རི་སྙུག་མའི་རྩེ་ལ་འོག་འཇུག་སྔོ་དཀར་མེ་ཏོག་བཀྲག །
མཉེན་ལྕུག་ཕྱག་ཟུང་ལོ་འདབ་ཡངས་མོ་ཕན་ཚུན་འཁྱུད་ནས་མཛའ་བརྩེ་ངོམ། །
ཉམས་འགྱུར་སྟོང་གིས་མངོན་པར་མཐོ་བའི་ལ་སྟོད་ན་ཆུང་འཁྲི་ཤིང་མ། །
སྙན་མོ་དབྱངས་ཀྱི་འགྱུར་ཁུགས་རིང་མོས་ཀ་ལ་པིང་ཀ་ཞུམ་པར་བྱེད། །
རིག་གཞུང་དྭངས་མའི་རོ་མཆོག་རེ་ཡིས་རིག་གསར་གཞས་ཀྱི་བྲོ་བ་སྟོངས། །
ཉམས་འགྱུར་སྟོང་གི་གར་སྟབས་རེ་ནི་འཁྲི་ཤིང་རླུང་གིས་གཡོ་དང་མཚུངས། །
གླུ་གར་རྒྱ་མཚོའི་ཕ་མཐར་གསོན་ཞིང་གར་སྟབས་ནོར་བུའི་གྲོང་གཤེགས་མ། །
ལང་ཚོ་གུར་གུམ་མེ་ཏོག་ལོ་རྒན་སད་ཀྱིས་མི་བཅོམ་མཛེས་སྡུག་ཟེའུ་འབྲུ་ཉིལ་བར་ཤོག །
གླུ་གར་འོ་མའི་རྒྱ་མཚོ་བཙན་འཛུལ་ཉི་མས་མི་སྐམ་མངའ་ཐང་རྦ་རླབས་འཕྱུར་བར་ཤོག །
རིག་གཞུང་རི་རབ་ལྷུན་པོ་བསྐལ་ངན་ཆུ་ཡིས་མི་འཇིག་རྟག་བརྟན་དགུང་ལ་གཡེར་བར་ཤོག །
མདོར་ན་ལ་སྟོད་ཚང་གི་གླུ་གར་བརྒྱུད་པའི་ཨ་ལོང་ཕྱོགས་དང་མཚམས་ནས་འཁོར་བར་ཤོག། །།
སརྦམངྒལཾ།།
ཨཱཙཱརྱ་ལགས། ད་དུང་ཚིགས་བཅད་གཅིག་ཆད་པ་བསྣན་ན།
རྐེད་པ་རྡོ་རྗེ་དྲིལ་བུའི་སྐྱེད་སྡིག་ནོར་བུའི་གཞོངས་པ་དཀར་པོ་ནི།།
རིན་གཉིས་ལས་གྲུབ་དཀར་གསལ་ཟླ་བའི་ཁེངས་པ་འཕྲོག་པ་འདི་ཡི་འོག །
དགའ་བའི་དགའ་སྟོན་སྟེར་ལ་མངོན་པར་འཛུམ་པའི་འདོད་འཇོའི་བུམ་བཟང་ཡོད།།
ལ་སྟོད་སྐྱེས་པ་ཕོ་རྣམས་དགྱེས་རོལ་མཛོད་ཅེས་ཨཱཙཱར་ཕྱོགས་ལ་ངོམས།།
ཧཧཧཧ། དེ་ཡག་པོ་དྲན་པ་བརྗེད་ཤག ཐུགས་ཆེ།
ཨཱཙཱརྱ་ཨག་ལོད་ལེགས།
ལ་སྟོད་ཅེས་པའི་ཚིག་འདིར་འགྲེལ་བཤད་ཅིག་གནོངས།
ང་ཡང་ལོ་རྒྱུས་སྨྲ་བ་མ་རེད་གདའ། སྙན་ངག་པ་ཆུང་ཆུང་ཞིག་མ་གཏོགས།
ཨཱཙཱརྱ་ཨག་ལོད་ལེགས། སྙན་ངག་པ་ཆུང་ཆུང་ལས་ཆུང་ངུ་ཞེ་ན་རྣ་བར་སྙན་ཞིང་སྔོན་གྱི་མཁས་པས་ཀྱང་དེ་ལྟར་སྦྱར། སྐབས་དོན་དངོས། ལ་སྟོད་ཀྱི་དོན་མ་གོ་ན།
མདོར་ན་ལ་སྟོད་ཚང་གི་གླུ་གར་བརྒྱུད་པའི་ཨ་ལོང་ཕྱོགས་དང་མཚམས་ནས་འཁོར་བར་ཤོག། །། ཅེས་པའི་ལ་སྟོད་ཅེས་པ་སྙན་ངག་པ་ཆུང་ངུའི་ནེ་ཙོའི་འདོན་པར་སོང་གདའ།། ད་དུང་ལ་སྟོད་ཚང་ཞེ་ན། ཅི་རེད་དམ། བོད་ཀྱི་སྐད་དུ། ཚང་ཞེས་པར་འཇུག་ཡུལ་ངེས་གཏན་ཡོད། དཔེར་ན། མི་ཚང་། ཁྱིམ་ཚང་། བ་ཚང་། ཁྱི་ཚང་། ར་ཚང་། ལུག་ཚང་། ལྟ་བུའོ།།
སརྦམངྒལཾ།།