རྨ་རོ་ལངས།(རྨ་ལྷོ)
སྔ་དྲོ་འདི་ལ་ངས་ཁྱོད་རང་དྲན་བྱུང་།
ཆར་བའི་འབབ་རྒྱུན་ཧ་ཅང་ཆེ་བས
ཆར་གདུགས་དང་འདྲ་བའི་ཁྱོད་རང་དྲན་བྱུང
ལོ་ཟླ་ག་དུས་ཤིག་ལ
ཁྱོད་རང་ང་ལ་བདེ་དྲོད་ཀྱི་གནས་མལ་སྩོལ་མཁན་དེ་ཡིན
རི་རབ་ཀྱི་རྩེ་མོ་སྨུག་སྤྲིན་གྱིས་བཟུང་རུང
ཆབ་རོམ་གྱི་བཞུར་རྒྱུན་རྙོག་མ་ཡིས་གྱུར་རུང
ཁྱོད་ནི་ང་ཡི་མུན་ནག་གསལ་བྱེད་དེ་ཡིན
ཁྱོད་ནི་ང་ཡི་གནམ་ས་འབྱེད་བྱེད་དེ་ཡིན
ཧ་ཅང་དྲན་པ་འདི་དག་གིས
ཁྱོད་ཀྱིས་ང་ལ་བཞག་པའི་བརྩེ་བའི་ཕྱི་མིག་དེ་རུམ་ཡོད
ཁྱོད་ཀྱིས་ང་ལ་བསྐྱུར་བའི་དུངས་པའི་མིག་ཆུ་དེ་སྙིང་ལ་བཅུས་ཡོད
ཉི་ཟླ་གཉིས་ང་ཡི་མིག་ཟུང་ཡིན་ན
ཁྱོད་ཁོ་ནའི་འཇིག་རྟེན་ལ་དབང་ཆོག
ཉིན་ཞག་གཉིས་ང་ཡི་ལུས་སེམས་ཡིན་ན
ཁྱོད་ཁོ་ནས་ལོངས་སུ་སྤྱད་ཆོག
2016.09.25ཉིན་ཕ་ཡུལ་སྟག་ཡན་དུ།
ཕྱི་དྲོ་འདི་ལ་ངས་ཁྱོད་རང་དྲན་བྱུང་།
སྟོན་མཇུག་གི་ཕྱི་དྲོ་འདི་ལ
ང་ཡི་གློ་སྙིང་དང་འདྲ་བའི་ཁྱོད་རང་དྲན་བྱུང
བརྩེ་བའི་མིག་ཟུང་གིས་ང་ལ་བལྟ་བའི་ཁྱོད་རང་དྲན་བྱུང
དུངས་པའི་སྙིང་ཆུང་གིས་ང་ལ་བརྩེ་བའི་ཁྱོད་རང་དྲན་བྱུང
སྟོན་མཇུག་གི་ཕྱི་དྲོ་འདི་ལ
ངས་ཁྱོད་རང་དྲན་པ་གནམ་ས་ལྟར་ཆེ་ལ
དེ་ལས་ཀྱང་ཆེ་བ་ཞིག་ཡིན
ཁྱོད་རང་བུད་སོང་བའི་ཉིན་ཞག་འདི་དག་ལ
ང་ལ་སྡུག་བསྔལ་གྱི་གཅོང་ཆེན་དཀྲུགས་པའི་འཇིག་རྟེན་ཞིག་ཡོད
སྟོན་མཇུག་གི་ཕྱི་དྲོ་འདི་ལ
ལྗོན་པའི་ལོ་མར་སེར་ཐིག་ལྷུང་བ་འདི་དག་གིས
ངའི་དྲན་སེམས་ལ་སྐྱོ་སྣང་གི་རི་མོ་བཏབ་སྟེ
ཁྱོད་རང་ཁོ་ན་ཡིན་པའི་མིག་ཆུ་ཞིག་གཏོང་དགོས་བྱུང་སོང
2016.10.2ཉིན་ཡུལ་རེབ་གོང་དུ།
དགོང་མོ་འདི་ལ་ངས་ཁྱོད་རང་དྲན་བྱུང་།
ཧ་ཅང་ཁེར་རྐྱང་གིས་མུན་ནག་འགམ་པའི་དགོང་མོ་འདི་ལ
འོད་སྣང་གི་དུངས་སྣང་སྟེར་བའི་ཁྱོད་རང་དྲན་བྱུང
སྡུག་བསྔལ་གྱི་གཞི་ལ་ཆས་པའི་སྐར་ཚོགས་ཐར་ཐོར་དེ་དག་གིས
ངའི་མུན་ནག་གི་ལམ་བུ་གསལ་ཐབས་མི་འདུག
ཡིད་ཀྱི་གནམ་ས་རབ་རིབ་ཀྱི་གླུ་སྐད
དྲན་སེམས་ཀྱི་འོད་སྣང་བཀྱེ་བའི་དབྱངས་དེ་ཡིན
ཁྱོད་རང་དྲན་པའི་ད་ལྟ
ཁྱོད་ཀྱི་ལོག་ཕེབས་ལ་སེམས་ཀྱི་ཉན་ཡོད
ཁྱོད་རང་དྲན་པའི་ད་ལྟ
རྨི་ལམ་ཞིག་ཀྱང་དེ་ལྟར་རྨིས་ཡོད
2016.10.05དགོང་མོ་རང་ཁྱིམ་དུ་སྦྱར་བ་དགེའོ།།