འབྲོང་བུ་ཟླ་བ་ཚེ་རིང།
གཅིག
སློབ་གྲྭའི་སྒོ་གླེགས་འགྲིམ་ཞིང་ཆ་མི་སྙོམས་པའི་སྤྱི་ཚོགས་ལ་བལྟ་དུས། ཁྱོད་ཚོའི་སེམས་ལ་ཚོར་སྣང་ཤིན་ཏུ་མཐུག་པོ་ཞིག་འབྱུང་སྲིད། ཚོར་སྣང་དེ་ནི་གློ་བུར་བ་ཞིག་ཡིན་མིན་གང་ལྟར་ཡང། ཁྱོད་ཚོའི་སེམས་ལ་བཟོད་དཀའ་བའི་ན་ཟུག་འབྱུང་སྲིད་ལ་དཔག་དཀའ་བའི་དགའ་སྣང་ཡང་འབྱུང་སྲིད། ཚོར་སྣང་དེ་དགའ་འོས་བ་ཞིག་ཡིན་ཚེ་ཁྱོད་ལ་དུས་གཏན་དུ་དབང་ན་བསམ་ཞིང། ཚོར་སྣང་དེ་སྡུག་བསྔལ་ཞིག་ཡིན་ཚེ་ཡང་བསྐྱར་མི་འབྱུང་བའི་སྨོན་ལམ་འདེབས་ངེས། འདི་ནི་ང་ཚོའི་རང་གཤིས་རྣལ་མ་ཡིན་པས་རེ་སྐྱིད་རེ་སྡུག་གི་འཚོ་བའི་ཁྲོད་ནས་ཉམས་མྱོང་གསོག་རྒྱུ་གལ་འགངས་ཤིན་ཏུ་ཆེ། ཉམས་མྱོང་ནི་དགེ་རྒན་གྱི་མཆོག་ཡིན་ཞེས་གསུངས་བ་ལྟར། ཉམས་མྱོང་གསོག་བཞིན་གསོག་བཞིན་བརྗེད་ཀྱིན་བརྗེད་ཀྱིན་འགྲོ་རྒྱུ་མ་ཡིན་པར། ཉམས་མྱོང་དེ་དག་ལ་བརྟེན་ནས་རང་ཉིད་ཀྱི་བྱ་སྤྱོད་དང་ཀུན་སློང། བྱེད་སྒོ་བཅས་ཕྱོགས་ཡོངས་ནས་ཡར་རྒྱས་སུ་གཏོང་དགོས།
གཉིས།
མི་ཚེའི་འཚོལ་སྙེགས་ཀྱི་བརྒྱུད་རིམ་ཁྲོད། རང་ཉིད་ལ་བྱམས་ཤིང་བརྩེ་བའི་ཕ་མ་ཡོད་ལ། མཛའ་ཞིང་མཐུན་པའི་གྲོགས་པོ་ཡང་ཡོད། ད་དུང། བཀའ་དྲིན་ཅན་གྱི་དགེ་རྒན་ཡོད་ལ། བརྩེ་འདང་ཅན་གྱི་སྤུན་མཆེད་ཀྱང་ཡོད། ཁོང་ཚོ་ནི་ཁྱོད་ཀྱི་མི་ཚེའི་མདུན་ལམ་འཚོལ་སྒྲུབ་བྱེད་པར་རོགས་རམ་བྱེད་མཁན་འབའ་ཞིག་ཡིན་པ་བརྗེད་མི་ཉན། རང་ཉིད་རང་གི་མགོན་ཡིན་པས་རང་ཉིད་ཀྱི་འདི་ཕྱིའི་བྱ་གཞག་མཐའ་དག་ལ་སྟངས་འཛིན་བྱེད་མཁན་ནི་རང་ཉིད་ཁོ་ན་ཡིན་དགོས། དེ་ཡང། གྲོས་ཁ་མི་ལ་དྲིས་ཏེ་གྲོས་ཐག་རང་གིས་གཅོད་དགོས་ཞེས་པ་ལྟར་རང་ཉིད་ཀྱི་མི་ཚེ་རང་ཉིད་ཀྱིས་སྐྱེལ་དགོས་པས་བློ་འགྱོད་མེད་པའི་བདམས་ཀ་བྱེད་རྒྱུ་བརྗེད་མི་ཉན། དེ་ཡང་མི་ལ་ལ་ཞིག་ཕ་མ་སྤུན་མཆེད་དང་། དགེ་རྒན་གྲོགས་པོ་སོགས་ལ་བརྟེན་རྒྱུ་མང་དྲགས་རྐྱེན། རང་ཉིད་ཀྱི་མི་ཚེ་ལ་རང་ཉིད་ཀྱིས་སྣེ་འདྲེན་བྱེད་མི་ཐུབ་པར་གཞན་གྱི་ཁ་ལོ་གང་དུ་བསྒྱུར་ན་དེ་རུ་འགྲོ་བ་ནི་ཤིན་ཏུ་ཐབས་སྡུག་གི་ལས་ཡིན། ངས་ཁྱོད་ཚོ་ལ་འདི་ལྟར་བརྗོད་དོན་ནི་འཇིག་རྟེན་སྟེང་ན་རང་ཉིད་ལ་བརྩེ་བ་བརྒྱ་ཆའི་བརྒྱ་སྤྲོད་མཁན་རང་ཉིད་མ་གཏོགས་མེད་པས་སོ།
གསུམ།
སྤྱིར་བཏང་འགྲོ་བ་རིགས་དྲུག་གི་རང་བཞིན་ནི་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཡིན་པའི་ཐོག འགྲོ་བ་མི་ཕལ་མོ་ཆེ་འཇིག་རྟེན་ཆོས་བརྒྱད་ལ་ཤིན་ཏུ་དུངས། རང་རེའི་སྤྱི་ཚོགས་ཀྱི་གཞི་རིམ་ལ་བབ་ཏེ་བསམ་གཞིགས་ཤིག་བྱེད་དུས། མི་ལ་ལའི་བྱ་སྤྱོད་ནི་ཚད་ལས་བརྒལ་ཞིང་ཐབས་ཤིན་ཏུ་སྡུག་ན་ཡང་རང་ཉིད་གཞན་གྱིས་བརྩི་བཀུར་བྱ་དགོས་པར་རེ་ལ། མི་ལ་ལས་གཞན་ལ་འཕྱ་དམོད་འབྱིན་པ་མ་ཟད། དུས་དང་རྣམ་པ་ཀུན་ཏུ་མི་དེ་གའི་སྐྱོན་སྲུང་སྟེ་སྡུག་ར་བསྐུལ་བ་སོགས་བྱེད་པས་རང་ཉིད་ཀྱི་ཡིད་སེམས་མ་དག་པའི་རྨོངས་བས་སྒྲིབ་ཡོད་། འདི་ནི་གཞན་གྱི་ལེགས་ཆ་དང་མཛངས་སྤྱོད་མཐོང་བའི་དབང་ཤེས་ཉམས་པའི་དགང་གིས་ཡིན། རང་གི་མི་ཚེའི་ནང་དུ་རང་ཉིད་ལ་གཞན་གྱི་བརྩི་བཀུར་ཐོབ་པར་འདོད་ན་ཐོག་མར་གཞན་ལ་བརྩི་བཀུར་བྱེད་དགོས་ལ། གཞན་གྱི་ལེགས་ཆ་ལ་ཡི་རངས་ཕུལ་ཏེ་ནུས་ཤུགས་ཡོད་རྒུས་གཞན་གྱི་བརྩི་བཀུར་ཐོབ་པར་བྱ་བའི་རྒྱུ་སྒྲུབ་དགོས་པ་ཡིན། ཁྱོད་ལ་ཀུན་མཐུན་གཞན་གཅེས་ཀྱི་ལྟ་བ་ཞིག་དང་ཡ་རབས་ལུགས་བཟང་གི་སྤྱོད་པ་ཞིག་ཡོད་ཚེ་གཞན་གྱིས་བརྩི་བཀུར་བྱེད་ཁོ་ཐག་ཡིན།
བཞི།
དེང་གི་སྤྱི་ཚོགས་སུ་ཕ་མ་རྣམས་བུ་ཕྲུག་ལ་གཅེས་དྲགས་པའམ་དགེ་རྒན་ཚོ་སློབ་ཕྲུག་ལ་དུངས་དྲགས་པའི་རྒྱུ་མཚན་ཞིག་གིས་རང་དང་འབྲེལ་བ་ཡོད་པའི་བུ་ཕྲུག་གམ་སློབ་ཕྲུག་དེ་ཤེས་སྤྱོད་ཀྱི་གཤོག་ཟུང་རྒྱས་པའི་དེང་གི་ཤེས་འཇོན་གཉིས་ལྡན་ཞིག་བྱེད་དུ་འཇུག་པར་འདོད་དེ། བྱ་སྤྱོད་དང་ཤེས་ཡོན་སློབ་སྦྱོང་གི་བྱེད་སྒོ་མཐའ་དག་ལ་དྭངས་བ་དང་གཙང་བ། ཡང་དག་པ་བཅས་ཀྱི་སློབ་སྟོན་བྱེད་པར་བརྩོན། ལྷག་པར་དུ་རང་རེའི་ཁ་དཔེ་ལ་༼མཆོད་རྟེན་ལ་འགྲོགས་ན་དཀར་པོ་དང་སླ་ང་ལ་འགྲོགས་ན་ནག་པོ་ཆགས་པར་ཡོང་༽ཞེས་པ་ལྟར་བུ་ཕྲུག་དེའི་བྱ་སྤྱོད་དང་བསམ་བློའི་གཏོང་ཕྱོགས་གང་ཅིའི་ཐད་ལ་ཡང་ནག་ནོག་གི་དྲི་མ་མི་འགོས་བའི་ཆེད་འཇམ་བརྡར་དང་རྩུབ་བརྡར་གང་རུང་ཞིག་བྱེད་པར་འགྱུར། བསམ་གཞིགས་ཞིབ་མོ་ཞིག་བྱེད་དུས། འདི་ནི་མཐའ་གཅིག་ཏུ་ལྷུང་བའི་བསམ་བློའི་རྒྱུ་ཕྱོགས་ཤིག་ལས་མ་འདས། གལ་ཏེ་ཁྱོད་ཀྱི་བསམ་བློར་སླ་ང་ལ་འགྲོགས་ན་ནག་པོ་ཆགས་པར་འདོད་ཚེ་ཁྱེད་རང་གི་གཅེས་ཕྲུག་ཡག་པོ་ཆགས་པར་མི་ཡག་པོ་དེས་རབ་འདེགས་བྱེད་དགོས་པར་མི་བསམ་མམ། འདི་ལྟར་བསམ་ཚེ་མི་ཡག་པོ་ཁོ་ཡང་ཁྱེད་ཀྱི་བུ་ལ་འགྲོགས་ཚེ་ནག་པོ་ཆགས་མི་ཡོང་ངམ། འདི་ནི་ཕར་ཕྱོགས་ཀྱི་མི་དེའི་དཀར་ནག་ཁྱད་པར་མ་ཡིན་པར་ཁྱོད་ཀྱི་བསམ་བློའི་བརྟན་བརླིང་ལ་རག་ལས་པ་ཡིན། གལ་ཏེ་ཁྱོད་ལ་ལྟ་བ་ཡང་དག་ཅིག་དང་ལངས་ཕྱོགས་བརྟན་པོ་ཞིག་ཡོད་ཚེ་ཁྱོད་ཀྱིས་མི་ཡག་པོའི་ཕྱོགས་ནས་ལེགས་ཆ་ལེན་ཆོག་ལ་མི་སྡུག་ཅག་གི་ཕྱོགས་ནས་ཀྱང་དངོས་ཡོད་གནས་ཚུལ་གང་མང་ལ་རྒྱུས་ལོན་སྒོས་རང་ཉིད་ལ་སྟངས་འཛིན་བྱེད་ཐུབ། མ་ཟད། རང་ཉིད་མི་སྡུག་ཅག་ཅིག་ལ་འགྲོགས་ན་ཡང་གཞན་དེའི་དྲི་མ་རང་ལ་མི་འགོས་བར་རང་གི་ལེགས་ཆ་གཞན་ལ་མཁོ་སྤྲོད་ཀྱིས་མི་དེའི་སྒོ་གསུམ་གྱི་བྱེད་ལས་ལ་ཡར་བསྐྱེད་ཡོང་བར་ཕན་ཐོགས་ཐུབ་པ་ཡིན། སྤྱི་ཚོགས་འཚོ་བའི་ནང་གི་མི་སྡུག་ཅག་དག་ལ་ཡར་རྒྱས་སུ་འགྲོ་བའི་གོ་སྐབས་སྤྲོད་འདོད་ན་མཆོད་རྟེན་ལ་འགྲོགས་ན་དཀར་པོ་དང་སླ་ང་ལ་འགྲོགས་ན་ནག་པོ་ཆགས་པའི་ལྟ་བ་དོར་ཏེ། ཁྱོད་རང་ཉིད་ཀྱིས་གཞན་ལ་སྣེ་ཁྲིད་བྱེད་ཐུབ་པའི་གདེང་སྤོབས་དང་ཆ་རྐྱེན་བསྐྲུན་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན།
ལྔ།
མི་ཁ་ཤས་ཤིག་གིས་སྒོམ་རྒྱབ་ན་སྤྱི་ཚོགས་འཚོ་བ་དང་ཁ་ཐག་རིང་དུ་འགྲོ་བཞིན་པར་བཤད་པ་མ་ཟད། དེ་ནི་མི་ནག་ཁྱིམ་པ་ཚོར་བེད་སྤྱོད་མེད་པ་ཞིག་ཏུ་བསམ་བཞིན་ཡོད། འདི་ནི་མ་ལགས་ཏེ། བསམ་གཞིགས་ཡག་པོ་ཞིག་བྱས་ཚེ། ཁྱོད་ལ་བདེ་སྐྱིད་དང་དགའ་སྤྲོ་མཁོ་བ་ལས་སྡུག་བསྔལ་དང་གདུང་བ་ནམ་ཡང་མི་མཁོ། སྒོམ་རྒྱག་པ་ནི་སྤྱིར་བཏང་འཇིག་རྟེན་ལས་འདས་པའི་ཞི་བའི་ས་ཐོབ་ཕྱིར་མི་རྟག་པ་དང་སྟོང་བ་སོགས་སྒོམ་པ་བདེན་མོད། ང་ཚོས་སྒོམ་རྒྱག་པ་ནི་བྱ་དངོས་ལ་ཞིབ་བཤེར་བྱེད་པའི་བསམ་བློའི་ལས་ལ་གོ་ན་མི་འགྲིགས་རྒྱུ་མེད། ཁྱོད་ཀྱིས་རང་ཉིད་ལ་དགའ་སྤྲོ་དང་ལྡན་ཞིང་མཐུན་ལམ་ཡོད་པའི་ཁོར་ཡུག་ཅིག་མཁོ་བར་འདོད་ཚེ། ཉིན་རེ་རེའི་བྱ་འགུལ་ལ་སྒོམ་གྱི་ལམ་ནས་ཞིབ་བཤེར་བྱས་ཆོག དཔེར་ན། དེ་རིང་ངས་མི་ཆེ་གེ་མོ་ཞིག་ལ་རྣམ་འགྱུར་འདི་དང་འདི་བསྟན་ཞིང་སྐད་ཆ་འདི་དང་འདི་བཤད་པས་ངེད་གཉིས་ཀྱི་འབྲེལ་ལམ་ཡག་ཏུ་ཕྱིན་སོང་བས་བྱེད་སྟངས་དེ་རིགས་ཉར་ཚགས་བྱེད་དགོས་པར་དགོངས་པ་དང། ཡང་ན། མི་མང་གི་མདུན་ནས་བྱ་སྤྱོད་འདི་དང་འདི་བྱས་པས་མི་ཚོགས་ཀྱི་དགའ་བོ་བྱེད་བཞིན་མི་འདུག་པས་བྱ་སྤྱོད་དེ་རིགས་སྤངས་དགོས་སྙམ་ཏེ་སྤོངས་བར་འབད་ཚེ། རང་ཉིད་ཡར་རྒྱས་སུ་འགྲོ་བ་དང་སྦྲགས་སྤྱི་ཚོགས་འཚོ་བའི་ནང་མི་མང་པོའི་དབར་དུ་མཐུན་ལམ་དང་མཐུན་སྒྲིལ་ཡང་ཡོང་ཐུབ་པ་ཡིན་ནོ།
སྐད་ཆ་དྲང་མོ་རེད། སྐད་ཆ་འདི་ཚོ་ང་ལ་མཚོན་ན་དྲན་གསོ་ཐེངས་གཅིག་དང་འདྲ། གང་ལྟར། རང་གི་རྐང་པ་གཉིས་ལ་བརྟེན་ནས་མདུན་དུ་འགྲོ་བ་དང་། རང་གི་ལག་པ་གཉིས་ལ་བརྟེན་ནས་ཁ་ལག་བཟའ་བ། རང་གི་ཀླད་པ་ལ་བརྟེན་ནས་རང་གི་དོན་དག་རང་གིས་སྒྲུབ་པ་བྱེད་རྒྱུ་དེ་རེད།
རང་གི་ལག་པ་ལ་བརྟེན་ནས་ཁ་ལག་བཟའ་བ་ཟེར་བ་ནི་རང་ཉིད་ཀྱི་འཚོ་བ་རང་ཉིད་ཀྱིས་འཚོལ་སྒྲུབ་བྱེད་པ་ལས་གཞན་སུ་གང་ལ་མི་བརྟེན་པ་དེར་ཟེར།
སྤྱིར་བཏང་རང་ཉིད་ཀྱི་རིན་ཐང་རང་ཉིད་ཀྱིས་བསྐྲུན་དགོས་པ་ཚང་མས་ཤེས་དགོས་པ་ཞིག་ཡིན་མོད། འདི་མི་ཤེས་པའི་བོད་མི་མང་པོ་ཡོད་ཕྱིར་ང་ཚོ་ཡར་རྒྱས་སུ་འགྲོ་རྒྱུ་ཁག་པོ་རེད། ལྷག་པར་དུ། རང་ཉིད་སློབ་གྲྭར་འགྲིམས་པའི་དུས་ཡུན་ཁྲོད་ནས་རང་ངོ་རང་གིས་མི་ཤེས་པའི་སློབ་གྲོགས་བརྒྱ་ཚོགས་སྟོང་ཚོགས་སུ་མཐོང་བས་དངོས་ནས་སེམས་སྐྱོ་ནི་ཞིག་རེད།
མི་རིགས་ཀྱི་རིག་གཞུང་དང་མཐུན་པའི་བསླབ་བྱ་ཡག་པོ་ཞིག་གསུང་འདུག་ཀྱང༌། ལག་ལེན་མེད་ན་ཧ་ཅང་སྐྱོ་བོ་རེད།
ལེགས་སོ། །ལེགས་སོ། །
འབྲོང་བུ་ལགས།
བསླབ་བྱའམ་བསམ་ཚུལ་དངོས་གནས་ཡག་པོ་འདུག
ཐུགས་རྗེ་ཞུ།