༄༅༎ ཉིན་ཤས་སྔོན་ཨ་མི་རི་ཀར་ “རྗེས་དྲན་ཉིན་མོ་”ཞེས་པའི་དུས་དྲན་དེ་སྲུང་བརྩི་བྱས་པ་རེད། རྗེས་དྲན་གྱི་ཉིན་མོ་འདི་ནི་ལོ་རེའི་ཟླ་བ་ལྔ་བའི་རེས་གཟའ་ཟླ་བ་མཐའ་མ་དེ་ནམ་ཡིན་ལ་བྱེད་ཀྱིན་ཡོད་ཟེར། དེ་ནི་རྒྱལ་ཁབ་ཀྱི་དོན་དུ་ཚེ་སྲོག་ཤོར་བའི་དམག་མི་རྣམས་ལ་རྗེས་དྲན་བྱེད་ཆེད་རེད་ཅེས་ཟེར། ཐོག་མར་འདི་ནི་ཨ་རིའི་ཡུལ་དམག་གི་སྐབས་སུ་བྱུང་ཡོད་ལ། ཕྱིས་སུ་དམག་ཆེན་དང་པོའི་སྐབས་ནས་རྒྱ་བསྐྱེད་བྱས་པ་རེད་ཟེར།
རང་གི་རྒྱལ་ཁབ་ཀྱི་དོན་དུ་ཚེ་སྲོག་བཏང་བའི་དཔའ་བོ་དང་དཔའ་མོ་རྣམས་ལ་རྗེས་དྲན་བྱེད་པ་ནི་ཡ་རབས་དང་། གུས་ཞབས། འོས་པོ་ཞིག་ཡིན་པ་ནི་སྨོས་མ་དགོས།
ང་ཚོ་བཙན་བྱོལ་དུ་སྡོད་རིང་ལོ་རེ་བཞིན་དུས་དྲན་གསར་པ་རེ་ཡོང་གིན་ཡོད། ང་ཚོས་དམངས་གཙོ་དུས་ཆེན་ཞེས་ལོ་ལྟར་སྲུང་བརྩི་བྱེད། ང་ཚོས་དམངས་གཙོ་འདི་ལ་དགའ་བསུ་ཞུ་འོས་ཤིང་འདས་པོ་དཔའ་བོ་དཔའ་མོ་ཚོ་ལ་རྗེས་དྲན་ཞུ་མི་འོས་པ་ལྟ་བུ་ཡང་མེད། ང་ཚོའི་གྲོས་ཚོགས་ཀྱི་ཐོག་ཏུ་ང་ཚོའི་གྲོགས་པོ་དྲིན་ཆེན་རེ་གྲོངས་རེ་བཞིན་རྗེས་དྲན་གྱི་གྲོས་ཆོད་འཇོག་གི་ཡོད། འོན་ཀྱང་ང་ཚོ་ལ་རྗེས་དྲན་གྱི་དུས་དྲན་ཞིག་མེད་པ་འདི་གང་ཡིན་ནམ། ང་ཚོའི་མི་རིགས་འདི་མི་རིགས་ཁྲེལ་མེད་ཅིག་ཡིན་ནམ།
ཨ་འབྲུག་མགོན་པོ་བཀྲ་ཤིས་གཤེགས་དུས་བཙན་བྱོལ་བོད་མིས་རང་གི་དམག་སྤྱི་ཆེན་མོ་ཞིག་སྐུ་མྱ་ངན་ལས་འདས་པའི་སྐྱོ་གདུང་ཚད་མེད་པ་དེ་ཐོན་པར་བྱས་པ་ནི་ལོ་རྒྱུས་སུ་གསལ། དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱི་ཕུང་པོ་ལྡི་ལི་ནས་རྡ་རམ་སཱ་ལར་གདན་འདྲེན་ཞུས་སྐབས། བོད་རིགས་རྒན་གཞོན་ཕོ་མོ་དབྱེར་མེད་ཀྱིས་ངུ་འབོད་དང་བཅས་འཚང་ཁ་ཤིག་ཤིག་བྱེད་པ་དེ་ད་དུང་ཡང་མིག་ལམ་ནས་ཡལ་དཀའ་བ་ཞིག་འདུག བླ་མ་བླ་ཆེན་ཕེབས་སྐབས་ཀྱང་དེ་འདྲའི་འཚང་ཁ་ཡོང་བ་རེ་ཟུང་ཡིན། ལོ་འདིར་བོད་ནང་དུ་གྱེན་ལོག་ཆེན་མོ་བྱུང་བའི་རྗེས་ནས་བལྟས་ཚེ་ཡང་། ཚེ་སྲོག་ཤོར་བའི་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ལ་བོད་མི་ཚོས་གདུང་སེམས་མཉམ་བསྐྱེད་དང་བསྔོ་བ་སྨོན་ལམ་འདོན་པ་ནི་ཧ་ལམ་བོད་རིགས་ཚང་མ་ལ་ཁྱད་མེད་དུ་ཡོད། འདི་ལྟར་བསམས་སྐབས། བོད་མི་རིགས་འདིས་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་སླད་དུ་ཚེ་སྲོག་ཤོར་བའི་དཔའ་བོ་དང་དཔའ་མོ་ཚོ་ལ་བཀའ་དྲིན་རྗེས་དྲན་དང་། ཡི་རངས། བསྔགས་བརྗོད་བྱེད་པ་ནི་ཧ་ཅང་གསལ་པོ་ཡིན།
སྔ་ལོར་ཕྲན་གྱིས་ཆུ་བཞི་སྒང་དྲུག་གི་ལོ་རྒྱུས་ཤིག་བོད་ཡིག་ཏུ་བསྒྱུར་སྐབས། དེ་དུས་བོད་ཀྱི་རྒྱལ་ཁབ་དང་མི་རིགས་ཀྱི་སླད་དུ་ཚེ་སྲོག་ཤོར་བའི་དཔའ་བོ་དང་དཔའ་མོ་ཚོའི་ལོ་རྒྱུས་ལ་ཤེས་ནས་གདུང་བ་སྐྱེས་པའི་ཚོར་བ་སྙིང་ལ་ཟུག་པ་ཞིག་བྱུང་ལ། ཨ་འབྲུག་མགོན་པོ་བཀྲ་ཤིས་གྲོངས་པའི་ལོ་རྒྱུས་དེས་མིག་མཐའ་ལ་མཆི་མ་འཁོར་བཅུག་བྱུང་། དེ་དུས་ཁོང་འདས་པའི་ཉིན་མོ་སྟེ་ ༡༩༦༤ ཟླ་ ༩ ཚེས་ ༢༧ ཉིན་དེ་བོད་ཀྱི་རྗེས་དྲན་གྱི་ཉིན་མོ་ཞིག་ལ་བརྩིས་ན་ཅི་མ་རུང་སྙམ་པའི་སྨོན་པ་ཞིག་ཤོར་སོང་། ཡིན་ན་ཡང་། ད་ལྟའི་བོད་ཀྱི་ལོ་རྒྱུས་བལྟས་ན། ཟླ་བ་དང་ཚེས་པ་གལ་ཆེན་པོ་མིན་པར་དཔའ་བོ་དང་དཔའ་མོ་ཚོ་ལ་རྗེས་དྲན་ཞུ་བའི་དུས་ཚོད་ཅིག་དགོས་པ་ནི་ཤིན་ཏུ་ནས་གལ་ཆེ་བར་མཐོང་ལ། ཉིན་དེར་ང་ཚོས་རང་གི་རྒྱལ་དར་ཕྱེད་དུ་ཕབ་ནས་སྔོན་གཤེགས་དཔའ་བོ་དང་དཔའ་མོ་འདི་ཚོ་ལ་རྗེས་དྲན་དང་བསྔོ་སྨོན་ཞུ་རྒྱུ་ཞིག་བྱུང་ན། ཤིན་ཏུ་ནས་འགངས་ཆེ་བར་མཐོང་ངོ་༎