སྤྲེལ་སྲིན།
དཀར་འཇམ་ཤོག་བུ་དེ་ཁྱོད་རང་ཡིན་འདྲ།།
སྨྱུག་རྩེ་རྣོན་མོ་དེ་ང་རང་ཡིན་འདྲ།།
དེ་ལྟར་མིན་པ་ཡི་དབང་དུ་བཏང་ན།།
སྙན་ངག་མང་པོ་འདི་ཡོད་པ་མི་སྲིད།།
བུ་ཆུང་ང་འདྲ་ནི་ཧ་ཅང་མང་ཡང་།།
བུ་མོ་ཁྱོད་འདྲ་ནི་ཤིན་ཏུ་ཉུང་སྟེ།།
བདག་སེམས་བྱིས་པ་འདི་ཁྱོད་ལ་ཤོར་བར།།
རྒྱུ་མཚན་ལོས་ཡོད་ཝེ་བསྟན་འཛིན་སྒྲོལ་མ།།
ཁྱོད་ཀྱི་ཡིད་འོང་གི་དགོད་མོ་མཐོང་དུས།།
ང་ཡི་སེམས་པ་འདི་དགའ་ཚོར་རྒྱས་གིན།།
ལྷན་སྐྱེས་འཛུམ་དཀར་དེ་རྟག་ཏུ་ཐོན་ཨ།།
རང་གི་མཛེས་ཕྱོགས་དེ་དེ་དང་འབྲེལ་འདུག།
ང་རང་བཤད་པ་ལ་མཁས་པོ་མེད་ཀྱང་།།
སྙིང་གི་མདའ་མོ་དེ་ཧ་ཅང་དྲང་ཡོད།།
འབེན་ལ་འགྱུར་ལྡོག་གི་གཤིས་ངན་མེད་ན།།
མདའ་མོ་འབེད་སྟེང་དུ་འཁེལ་པར་ངེས་ཡོད།།
དེང་སང་མི་བུ་ཚོའི་ཁ་ནི་དུག་རེད།།
རྒྱབ་ནས་དོན་མེད་ཀྱི་སྐད་ཆ་ཧ་ཅང་།།
མང་པོ་མང་པོ་ཞིག་བཤད་པར་དགའ་ཡང་།།
ཡོད་ཚད་རྣ་རྒྱབ་ནས་གཏང་ན་ཡག་ཤོས།།
ཚིགས་བཅད་འཇམ་པོ་ཡི་སྙན་རྩོམ་བྲིས་ནས།།
སྐད་ངག་ཡག་མོ་ཡི་འགྱུར་ཁུགས་མེད་ཀྱང་།།
མཛེས་པ་གསུམ་ལྡན་གྱི་བུ་མོ་ཁྱེད་ལ།།
རང་སེམས་སྤྲོ་བ་ཡི་སྒོ་ནས་ཕུལ་ལོ།།