སྤྲེལ་སྲིན།
རླུང་བུ་སིལ་སིལ་གཡོ་བའི་མཚན་མོ་འདིར།།
ཁྱེད་རང་དྲན་པའི་མེ་ལྕེ་སྙིང་ལ་འབར།།
གནམ་གྱི་ཟླ་བར་ལྟ་གིན་ཁེར་བཤད་བྱས།།
ཁེར་རྐྱང་མཚན་མོར་གདུང་བའི་སྙན་ངག་འབྲི།།
རྨི་ལམ་ནང་དུ་ཁྱེད་རང་ཡང་ཡང་འཁོར།།
གཉིད་ཀྱི་བདེ་བ་ཡོད་ཚད་ཁྱེད་དང་འགྲོགས།།
འདྲ་པར་ལྟ་གིན་ལྟ་གིན་ཁྱེད་ཉིད་བསྒོམས།།
སྐད་འཕྲིན་འཇིག་རྟེན་ནང་དུ་ཁྱེད་རང་སྒུག།
དུས་ཚོད་ཉིན་ཟླ་ཆུ་བོ་རྒྱུག་རྒྱུག་རེད།།
ཁྱེད་དང་བྲལ་བ་ཉེར་རུ་ཉེར་རུ་རེད།།
ང་ཡི་སེམས་པ་ཇེ་སྐྱོ་ཇེ་སྐྱོ་རེད།།
འཁོར་བ་འདི་ཡང་སྙིང་པོ་མེད་པ་ཞིག།
དུང་བ་མཐའ་དབུས་མེས་པའི་རྒྱ་མཚོ་ཞིག།
བརྩེ་བ་ཉ་ཆུང་གསེར་ཉའི་རོལ་རྩེད་ཅིག།
ཉ་མོ་ཆུ་དང་བྲལ་བར་མི་སྤྲོ་བཞིན།།
ང་ཡང་ཁྱེད་དང་བྲལ་འདོད་མི་འདུག་ཀྱང་།།
འཇིག་རྟེན་འདི་ན་བརྟེན་གྱི་མཛའ་བོ་མེད།།
འཕྲད་པའི་མཐའ་མར་བྲལ་བ་ཆོས་ཉིད་རེད།།
ལས་དབང་དམར་པོ་ཕྲག་སྟེང་སླེབས་པ་འདི།།
གནམ་ས་མགོ་གཏིང་ལོག་པའི་ཚོར་སྣང་ཞིག།
རྡོ་ལ་རི་མོ་བཀོད་པ་ཇི་བཞིན་དུ།།
ཁྱེད་ཉིད་ངའི་སེམས་ནང་དུ་བྲིས་ནས་ཡོད།།
ལོ་དང་ཟླ་བའི་ནམ་ཟླ་བསྐྱེད་ན་ཡང་།།
ང་སེམས་ཁྱེད་ལ་དགའ་བ་འགྱུར་མེད་ཡིན།།
ཁྱེད་རང་ང་ལ་དགའ་འམ་མི་དགའ་ལན།།
དེ་རིང་དྲང་པོ་གསུང་རོགས་ཏཱ་ར་ལགས།།
ངའི་སེམས་སྤྲིན་པ་དཀར་པོ་དུས་ཀུན་ཏུ།།
ཁྱེད་ལ་ཤོར་ནས་སྡོད་ཡོད་ཡིད་འཕྲོག་མ།།
ད་ཡང་མང་པོ་ཁྱག་སོང་དགོངས་དག་ཞུ།།
བྲིས་པ་མཐའ་དག་སེམས་གཏམ་རྣལ་མ་ཡིན།།
ཡིད་ཆེས་མེད་ན་བླ་མ་དཀོན་མཆོག་གསུམ།།
དཔང་དུ་བརྩུགས་ནས་ཁྱེད་ལ་དཔང་རྟགས་བྱ།།
རང་ཉིད་གཅིག་པོ་ཁེར་འདུག་བྱེད་དུས་སུ།།
དྲན་པའི་སྙིང་གཏམ་དགི་དག་བྲིས་པ་ལས།།
སྙན་ངག་པ་ཡི་འཆར་སྒོ་སྣ་ཚོགས་ཤིག།
སྙན་པོའི་ངག་ནས་བརྗོད་པ་མ་ཡིན་ལགས།།
༄༅། ཁྱེད་ཀྱིས་དགའ་མར་བྲིས་པའི་འཕྲིན་ཡིག་དེ།
སྙན་ནི་སྙན་ཞིང་སེམས་ལ་འཐད་ན་ཡང།
དགའ་མ་སུ་ཡིན་མིང་དང་ས་གནས་ཤོད།
དེ་མིན་མི་གོ་ས་རྡོར་བྲིས་དང་མཚུངས།
ཡང་ན་དགའ་མས་ཁྱེད་ལ་གདུང་བ་མེད།
ཡང་ན་དགའ་མས་ཁྱེད་ངོ་མ་ཤེས་ཆོད།
སྟོང་པ་སྟོང་པར་དགའ་ན་སེསམ་ཡོད་མིན།
ས་རྡོར་ཇི་ལྟར་བསྔགས་ཀྱང་གོ་ཤེས་མིན།
བཤད་པ་ཐམས་ཅད་སྟོང་བཤད་ཁོ་ན་ལགས།
སེམས་ཀྱི་མེ་ལོང་ཁོ་མོ་ལྷན་དུ་ཡོད།།
མེ་ལོང་ནང་དུ་རང་ཉིད་ཤར་ཡོད་ཤག།
མིང་དང་ས་གནས་གསལ་ཁ་མེད་ན་ཡང་།།
འབེན་ཐོག་མདའ་མོ་ཕོག་པའི་ངེས་ཤེས་ཡོད།།
དགའ་མའི་མིག་ལོག་ལ་བལྟས་ན། །
བུ་ཆུང་ཆོས་ལ་འཇུག་ན་ལེགས། །
མཛེས་མའི་མིག་ཟུར་ལ་བལྟས་ན། །
གྲྭ་ཆུང་སྡོམ་པ་ཕུལ་ན་ལེགས། །
ཧ་ཧ།།