སྐྱོ་བྲག་དགའ་དབང་།
རྗེ་བཙུན་མི་ལ་རས་པ་ནི། སངས་རྒྱས་ཀྱི་བསྟན་པ་བོད་ཡུལ་དུ་དར་བ་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་རིམ་ཉམས་སུ་བླངས་པས། ཚེ་ལུས་གཅིག་ལ་མཆོག་གི་གོ་འཕང་མངོན་དུ་བྱེད་ཐུབ་པའི་དཔེ་མཚོན་དུ་གྱུར་ཅིང་། ལྷག་ཏུ་ཁོ་བོ་གང་དུ་ཞུགས་པའི་ཆོས་བརྒྱུད་ཀྱང་། རྗེ་བཙུན་མི་ལ་རས་པའི་སློབ་ཆེན་ཉི་མ་ལྟ་བུ། རྒྱལ་བའི་ལུང་གིས་ཟིན་པ་ཆོས་རྗེ་སྒམ་པོ་པའི་ཕྱག་སྲོལ་ལས་བྱུང་བ། མདོ་སྔགས་ཀྱི་བསྟན་པ་ཚང་ལ་མ་ནོར་བའི་མྱུར་ལམ། མཉམ་མེད་དྭགས་པོ་བཀའ་བརྒྱུད་ཀྱི་ཡ་གྱལ། དཔལ་འགྲོ་བའི་མགོན་པོ་འབའ་རོམ་བཀའ་བརྒྱུད་དུ་གྲགས་པ་ཡིན་ཕྱིར། རྗེ་བཙུན་མི་ལ་རས་པ་ལ་མཆོག་ཏུ་གུས་པའི་ཞེན་བློ་ཅན་དུ་སོང་བས་ན། ཁོང་གི་སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབས་པ་དག་གང་དུ་བཞུགས་པ་ཐམས་ཅད་ལ་མཇལ་སྐོར་བྱ་འདོད་ཧ་ཅང་ཆེན་པོ་ཡོད།
དེར་བརྟེན་རྗེ་བཙུན་མི་ལ་རས་པའི་སྐུ་བྱིན་ཅན་ཞིག །བལ་པོའི་རྒྱལ་ས་ཡམ་བུའི་ཉེ་འཁྲིས། འཕགས་པ་ཤིང་ཀུན་ཉེ་སྐོར་གྱི་དགེ་ལུགས་དགོན་པ་ཞིག་ཏུ་བཞུགས་ཡོད་པར་ཐོས་ཏེ། སྟོད་མངའ་རིས་འབྲོང་པའི་ཁོངས་གཏོགས་སྨན་སྡོང་དགོན་པའི་སྒྲུབ་བླ་མ་བསྟན་རྣམ་ངེད་གཉིས། སྤྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༡༦ ཉིན་འཚོལ་བར་ཆས་པ་ན། བལ་ཡུལ་འཕགས་པ་ཤིང་ཀུན་གྱི་མདུན་ཞོལ། རླངས་འཁོར་ལམ་ཆེན་གྱི་བཞི་མདོའི་ཉེ་ལོགས་སུ་བོད་ལ་དུས་འགྱུར་བྱུང་རྗེས་ཕྱག་བཏབ་པ། གཉའ་ནང་བཤད་སྒྲུབ་དགའ་ལྡན་འཕེལ་རྒྱས་གླིང་དགོན་པ། བྱ་བ་རུ་བཞུགས་གདའ།
ངེད་གཉིས་ཐོག་མར་དགོན་པའི་ནང་དུ་སླེབ་པ་ན། དགེ་ཕྱོགས་ལ་སྲུང་མའི་རྙོག་གླེང་ཡོད་པ་དེས་དགོན་པ་འདིར་ཡང་ཉེ་བའི་ལོ་ཟླའི་ནང་བོད་པ་རྒྱུ་འགྲུལ་ཉུང་རྐྱེན། གཉའ་ནང་ནས་ལོ་ཤས་སྔོན་ཡོང་བའི་གྲྭ་སར་ཞིག་འདུག་པ་དེས་ཅུང་ཟོན་མ་བདེ་བ་འདྲ་བོར་བྱེད་ཀྱི་གདའ། ངས་དེ་ཤེས་འཕྲལ། ངེད་གཉིས་བཀའ་བརྒྱུད་པ་ཡིན། མི་ལ་རས་པའི་སྐུ་བྱིན་ཅན་ཞིག་དགོན་པ་འདིར་བཞུགས་པ་ཤེས་ཏེ། དེ་མཇལ་དུ་ཡོང་བ་ཡིན། ཞེས་ལབ་པ་ན། ཁོས། འོ། སྐུ་ཞབས་ཚེས་བཅུའི་གྲྭ་པ་སོགས་བཀའ་བརྒྱུད་པ་འགའ་རེ་མི་ལ་རས་པའི་སྐུ་མཇལ་བར་ཡོང་གི་རེད། ཟེར་ཏེ། ངེད་གཉིས་ལྷ་ཁང་ནང་དུ་དགའ་བཞིན་ཁྲིད་སོང་།
ལྷ་ཁང་གི་ནང་ཐམས་ཅད་བྱི་དོར་ཆེས་ལེགས་པ་བྱས་པའི་གཙང་མ་ལ། བཀོད་བཤམ་ཕུན་སུམ་ཚོགས་པའི་རྟེན་གཙོར་སྟོན་པའི་སྐུ་ཆེན་པོ་ཞིག་དང་། གཡས་ལོགས་སུ་རྗེ་ཡབ་སྲས་གསུམ་དང་། གཡོན་ལོགས་སུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང་། གུ་རུ་པདྨ་འབྱུང་གནས་གཉིས་ཀྱི་སྐུ་བཅས་མི་ཚད་ལས་བརྒལ་བ་དག་བཞུགས་གདའ།
ཁོང་གིས་ལྷ་ངོ་སྤྲོད་པ་ན། སྐུ་ཆེ་བ་རྣམས་རྒན་ལགས་བགྲེས་པ་ཚོས་སྨན་འདམ་ལས་གསར་དུ་བཞེངས་པ་ཡིན་པ་དང་། ལྷག་ཏུ་གུ་རུ་པདྨ་འབྱུང་གནས་ཀྱི་སྐུ་ལ་སྔོན་མ་གཉའ་ནང་དུ་བཞུགས་པའི་གུ་རུའི་སྐུ་བོད་ཀྱི་དུས་འགྱུར་སྐབས་གཏོར་བཤིག་བཏང་བའི་སྲོག་ཤིང་ཐོབ་པ་དེ་བཞག་ཡོད་པ་སོགས་གསུངས་བྱུང་། ད་རུང་དགོན་པ་འདིར་ལག་ཁྲུ་རེའི་ཡས་མས་ཙམ་གྱི་རྟེན་བྱིན་ཅན་གཙོ་བོ་གསུམ་གདའ། དང་པོ་ནི་སྟོན་པའི་སྐུ་རྙིང་གླང་དར་ཁྲིམས་ཕོག་མའི་གྲས། གསུང་ལན་མང་བྱོན་མྱོང་བ་དེ་རྟེན་གཙོའི་ཕྲག་པ་གཡོན་སྟེང་གི་ཀུན་དགའ་ར་བའི་ནང་དུ་བཞུགས་སུ་གསོལ་གདའ།
གཉིས་པ་ནི་རྗེ་བཙུན་མི་ལ་རས་པའི་སྐུ་ང་འདྲ་མ་སྟེ། སྐུ་འདི་ནི་རྗེ་བཙུན་གྱི་ཞལ་སློབ་རས་ཆུང་རྡོ་རྗེ་གྲགས་པས། རྗེ་བཙུན་ཞལ་བཞུགས་པའི་སྐབས་ན། རྒྱུ་སྨན་འདམ་ལས་བྱས་པ་ཞིག་བཞེངས་ཏེ། རྗེ་བཙུན་ལ། སྐུ་འདི་རྗེ་ཉིད་དང་འདྲ་བོ་འདུག་གམ། ཞེས་ཞུས་པ་ན། རྗེ་བཙུན་གྱིས་ལན་མ་གནང་བའི་གོང་དུ་སྐུ་ལས་གསུང་བྱོན་ཏེ། ང་རྗེ་བཙུན་དང་འདྲ་བ་ཡོད། ཅེས་ཕྱག་གཡས་པ་དང་པོར་མགུར་གྱི་ཕྱག་སྟབས་འགྲམ་པར་གཏད་པ་ཞིག་ཡོད་པ་དེ་མར་པུས་མོར་ཕབ་པས་རྗེ་མི་ལའི་སྐུ་ང་འདྲ་མར་གྲགས་པ་དེ་ཉིད། སྔོན་མ་རྗེ་བཙུན་གྱི་སྒྲུབ་གནས་གཉའ་ནང་གྲོད་པ་ཕུག་ཏུ་བཞུགས་ཤིང་། གཉའ་ནང་བ་རྣམས་ཀྱིས་རྗེ་བཙུན་མི་ལ་རས་པའི་ལོ་རེའི་དུས་མཆོད་བྱེད་པ་ན་སྐུ་ང་འདྲ་མ་འདི་མི་མང་ལ་མཇལ་ཁ་གཏོང་སྲོལ་ཡོད་འདུག །
བོད་ལ་དུས་འགྱུར་བྱུང་བ་ན་རྒན་ལགས་རྣམ་པས་རྒྱ་དམག་ལ་གཡོལ་ཆེད་མཚན་མོ་སྒེའུ་ཁུང་གཏོར་ནས་རྒྱབ་ཏུ་ཁུར་ཡོང་བ་དེ། ཀུན་དགའ་ར་བའི་ནང་ལོགས་རྟེན་གཙོའི་མདུན་དྲུང་གཡས་ན་བཞུགས་སུ་གསོལ་ཡོད་པ་སྟེ། སྐུ་ལུས་རྒྱ་གསེར་གོས་ཆེན་གྱིས་བཏུམས་པས་ཕྱག་ཞབས་ཀྱི་འཇོག་སྟངས་ཇི་འདྲ་ཡིན་པ་མ་གསལ་ཀྱང་། དབུ་ལ་གསེར་སྐུད་གོས་ཆེན་གྱི་ཞྭ་ཁྲར་གཡུ་བྱུར་གྱི་ཕྲེང་བ་དང་མུ་ཏིག་གི་དྲྭ་བས་བརྒྱན་པ་ཧ་ཅང་རྙིང་ཉམས་དོད་པའི་ཞྭ་ཁར་སྟོང་སྐུད་ནག་པོའི་ཁ་ཚར་ཅན་ཞིག་གསོལ་གདའ།
སྤྱིར་རྗེ་མི་ལའི་སྐུ་བརྙན་ཞྭ་ཁྲ་བཞེས་པ་ཞིག་ནི་ཆེས་མཐོང་དཀོན་པའི་ཚད་དུ་ཡོད་ནའང་། བཀའ་བརྒྱུད་པའི་སྒོམ་ཞྭ་ཞྭ་ཁྲ་ནི་རྗེ་མར་པས་མཻ་ཏྲི་པའི་སྒོམ་ཞྭ་མི་ལ་རས་པ་ལ་གནང་བ་ཞིག་ཡིན་ཕྱིར། ཁོང་གིས་ནམ་རྒྱུན་མནབ་ཀྱི་ཡོད་པ་ནི་ངེས་པ་རེད། སྐུའི་ཞལ་རས་ཀྱི་ཆ་ཤས་རྣམས་ཧ་ཅང་སྒྲོས་ཆེས་པས་མཇལ་བ་ཙམ་ན་གསུང་བྱོན་ལ་ཁད་པའི་སྐུ་ངོ་མཚར་ཅན་ཞིག་འདུག །
གསུམ་པ་ནི་རྗེ་བཙུན་སྒྲོལ་མའི་སྐུ་སྟེ། འདི་ནི་གཉའ་ནང་བ་ཁ་ཤས་ཤིག་སྒྲོལ་མའི་སྐུ་བཞེངས་ཆེད་བལ་པོར་ཆས་ཡོང་བ་ན། ལམ་ནས་བལ་པོའི་མི་དྲུག་དང་ཐུག་སྟེ་སྐད་ཆ་བྱས་པས་ཁོ་ཚོས་བཞེངས་རོགས་བྱེད་པའི་ཁ་ཆད་བཞིན་དུ་བཞེངས། ལས་གྲུབ་རྗེས་མི་རྣམས་གར་སོང་ཆ་མེད་དུ་གྱུར་པས་སྒྲོལ་མའི་སྤྲུལ་པར་གྲགས་ལ། སྐུ་འདིས། ངའི་བཞུགས་གནས་ནི། ལས་ཤིང་བཙུན་མའི་དགོན་པ་ཡིན། ཞེས་གསུང་བྱོན་པ་བཞིན། བཙུན་དགོན་དེར་བཞུགས་པ་ལས་བོད་ལ་དུས་འགྱུར་བྱུང་རྗེས་གདན་དྲངས་ཡོང་བ་དེ། ཀུན་དགའ་ར་བའི་ནང་ལོགས་རྟེན་གཙོའི་མདུན་དྲུང་གཡོན་ན་བཞུགས་སུ་གསོལ་གདའ།
མཆོད་མཇལ་གྲུབ་པའི་མཇུག་ཏུ་གཉའ་ནང་བའི་གྲྭ་སར་དེས། སྐུ་བརྙན་གྱི་ལོ་རྒྱུས་འདི་དག་ཚང་མ་ངས་རྒན་རབས་ཚོའི་ཞལ་ལས་ཐོས་པ་ཡིན། ང་ལ་ནི་རྒྱུས་མངའ་ཅང་མེད་གསུངས། ངས་ཞལ་རྒྱུན་བར་མ་ཆད་པ་ཡོད་ན་ཡོད་པ་རེད། ང་རང་དཔེ་དགའ་བོ་བྱུང་། ཐུགས་རྗེ་ཆེ་ཞུས་པ་སྟེ། ཁོང་གིས་གང་གསུངས་པ་དག་ཡིག་ཐོག་ཏུ་བཀོད་པ་ཙམ་ཡིན་ནོ། །
སྐྱོ་བྲག་དགའ་དབང་ཟེར་བ་འདི་མ་གཞི་གྲྭ་རྒན་ཞིག་རེད་འདུག ཆོས་བརྒྱུད་བཀའ་བརྒྱུད་ཡིན་པའི་གྲྭ་རྒན་ཞིག་རེད་འདུག་པ་རུམ་བཏེག་དགོན་ནས་བཏོན་པའི་དུས་དེབ་ཅིག་ཡིན་པ་ཡོད་སྙམ་་དེ་ལས་ཤེས་བྱུང་། ཡིན་ཡང་ཞེ་དྲག་ཕྱོགས་ཞེན་ཅན་ཞིག་རེད་འདོད་བྱུང་། ལྷག་དོན་དུ་དགེ་ལུགས་དང་བཀའ་བརྒྱུད་བར་སྲིད་དོན་པ་འགས་བཟོས་པའི་རྩོད་ཉོག་གི་ཟུར་དེང་གི་དུས་ལ་མི་འཚམས་ཤིང་མི་དགོས་པ་མང་བོ་ཞིག་དྲུད་ཡོང་ནས་རང་གི་ཆོས་བརྒྱུད་ཀྱི་གཞོན་རབས་རྣམ་པའི་རྣ་བར་བླུགས་ཅི་ཐུབ་བལྟ་བའི་ཆོས་བརྒྱུད་བར་དཀྲུག་སློང་བཟོ་མཁན་ཞིག་རེད་སྙམ་པའི་ཚོར་སྣང་བྱུང་། དེ་ནས་བཟུང་ང་མི་འདི་ལ་ཡིད་མི་ཆེས་པ་ཞིག་ཏུ་གྱུར་སོང་།