རྡོ་རྗེ་རིན་ཆེན་ནས།
སྤྱི་ཚོགས་ཐོག་གི་དོན་གང་ཞིག་ཡིན་རུང་མི་མང་ནང་གླེང་སློང་མང་པོ་བྱེད་པ་དེ་ནི་དོན་དག་དགའ་ཞིག་རེད། དེས་ཅི་ཞིག་མཚོན་གྱིན་ཡོད་པ་རེད་ཟེར་ན། མི་མང་གིས་གང་དེའི་དོན་དག་དེ་ལ་དོ་སྣང་དང་འགན་ཁུར་གྱིན་ཡོད་པའི་རྟགས་མཚན་ཞིག་རེད། ང་ཚོས་ཐད་ཀར་དུ་ལྟོས་པ་ཡིན་ན། ཅུང་མ་འགྲིག་པ་དང་མི་ལེགས་པའི་རྣམ་པ་ཞིག་ཏུ་མཐོང་གི་རེད། ཡིན་ནའང་། སྤྱི་ཚོགས་ཤིག་གི་འཕེལ་རྒྱས་དང་མདུན་སྐྱོད་ཀྱིས་ངོས་ནས་གཟིགས་པ་ཡིན་ན། དེ་ནི་དོན་བཟང་ཞིག་རེད་ལ། དེའི་མཇུག་འབྲས་ནི་བདེན་པ་དང་རྫུན་པ་སོར་སོར་སོང་ནས་ནམ་མཁའ་གཡའ་དག་པ་བཞིན་ཆགས་ཀི་རེད།
དེ་ཕྱིར་དེང་སྐབས་བོད་མི་མང་པོ་ཞིག་གིས་བོད་ཆོལ་ཁ་གསུམ་ནང་འཁྲུག་ཡོང་ཉེན་གྱི་སེམས་དོགས་བྱེད་ཀི་ཡོད་ངེས་རེད། ང་ལ་སྔོན་མ་ནས་ཡིད་ཆེས་ཤིག་ཡོད། དེ་ནི་མི་རིགས་དབྱེས་འབྱེད་དང་ཆོས་ལུགས་བར་གྱི་འགལ་བ། ཆོལ་ཁ་དང་ས་གནས་བར་གྱི་དོན་དག་ཕྱོགས་རེ་བ་དེ་དག་ནི། ད་ནི་མི་རིང་བར་མཇུག་རྫོགས་ངེས་རེད། རྒྱུས་མཚན། ལོ་རྒྱུས་ཀྱི་འཁོར་སྐྱོད་ནི་དེ་དག་མཇུག་རྫོགས་པའི་ཕྱོགས་སུ་འཁོར་གྱིན་ཡོད་པ་རེད།
མིའི་རིགས་ནང་ཁུལ་གྱི་རྩོད་སྙོག་དེ་དག་ནི་ལོ་རྒྱས་ཀྱི་འཕེལ་འགྱུར་ཞིག་རེད། ལོ་རྒྱུས་ནི་ནམ་ཡང་ཕྱིར་ཟློག་བྱ་མི་སྲིད་པ་ཞིག་རེད། དེ་ཕྱིར། མི་རབས་གསར་བ་ཚོས་སྐྱུག་བྲོ་བའི་དོན་དག་དེ་དག་ཡང་བསྐྱར་མིའི་རིགས་ཀྱི་ལོ་རྒྱུ་སྟེང་འགོད་མི་སྲིད་པ་ཞིག་རེད་ལ། བོད་མི་ཚོས་ཀྱང་དེ་བཞིན་ཆོལ་ཁ་དང་ཆོས་ལུགས་བར་གྱི་རྩོད་སྙོག་དེ་དག་མུ་མཐུད་དུ་སེམས་ལ་བཟུང་ནས་མ་འོངས་བོད་ཀྱི་སྤྱི་ཚོགས་ནང་གནས་ངེས་པ་ཞིག་གཏན་ནས་མ་རེད།
ང་ལ་ད་དུང་ཡིད་ཆེས་ཞིག་ཡོད། དེ་ནི་བོད་མི་རིགས་ནི་ས་ཡི་གོ་ལ་འདིའི་སྟེང་ལས་སླ་བོའི་ངང་ཡལ་སྲིད་པ་ཞིག་གཏན་ནས་མ་རེད། རྒྱུས་མཚན། བོ་མི་རིགས་ལ་མེས་པོ་ནས་བརྒྱུད་པའི་རང་བྱུང་དང་སྤྱི་ཚོགས་ལ་མཐུན་འགྱུར་བྱེད་ཐུབ་པའི་ནུས་པ་ཞིག་ཡོད་པ་རེད།
ང་ཚོས་ལོ་རྒྱུས་ཀྱི་ངོས་ནས་གཞིགས་པ་ཡིན་ན། ལོ་ངོ་སྟོང་ཕྲག་མང་པོའི་ཡར་སྔོན་དུ་བོད་མཐོ་སྒང་གི་གནམ་གཤིས་ནི་ཧ་ཅང་གི་གྲང་ངར་ཆེ་བ་ཞིག་རེད། ལོ་རྒྱུས་སྨྲ་བ་དང་གནའ་རྫས་རྟོགས་ཞིབ་པ་ཚོས་བརྗོད་ན་ཧ་ལམ་དེ་དུས་ནི་བོད་མཐོ་སྒང་དུ་འགྲོ་བ་མིའི་རིགས་འཚོ་ཐབས་མེད་པ་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་རེད། ཡིན་ནའང་། བོད་མིའི་མེས་པོ་ཚོས་དེ་ལྟའི་གནམ་གཤིས་རྩུབ་པོ་དང་གྲང་ངར་ཆེ་བའི་འཁོར་ཡུག་ལ་མཐུན་འགྱུར་བྱེད་ཐུབ་ཡོད་པ་རེད།
མིའི་རིགས་ཀྱི་ལོ་རྒྱུས་འཕེལ་འགྱུར་གྱི་ངོས་ནས་ལྟོས་ན། འཛམ་གླིང་དམག་འཁྲུག་གཉིས་པའི་རྗེས་སུ་མིའི་རིགས་ཀྱི་ལོ་རྒྱུས་དེ་དངོས་སུ་ལམ་ཁ་གསར་བ་ཞིག་ལ་གོམ་པ་སྤོས་ཡོད་པ་རེད། ང་ཚོས་ཤེས་གསལ་ལྟར་དུས་རབས་བཅུ་དགུ་བའི་ཡར་སྔོན་དུ་མིའི་རིགས་ཀྱི་ལོ་རྒྱུས་ནི་མི་རིགས་རང་ལུགས་དང་བཙན་དབང་རང་ལུགས་ལྟེ་བར་བྱས་ནས་འཁོར་ཡོང་བ་རེད། འོན་ན། དུས་རབས་བཅུ་དགུ་བའི་ནང་དང་དེ་རྗེས་ལ་མི་རིགས་རང་ལུགས་དང་བཙན་རང་རང་ལུགས། ཡང་ན། དེས་རྐྱེན་བྱས་ནས་མིའི་རིགས་ཀྱི་ལོ་རྒྱུས་ཐོག་ཡ་ང་བ་དང་སྐྱུག་བྲོ་བའི་དོན་རྐྱེན་མ་བྱུང་བ་རེད་དམ་ཟེར་ན། དེ་ནི་མ་རེད།
ཡིན་ནའང་། དུས་རབ་བཅུ་དགུ་བའི་རྗེས་ལ་དེང་རབས་དཔལ་ཡོན་ལག་རྩལ་དར་བ་དང་ལྷན། སའི་གོ་ལ་ནི་ཇེ་ཆུང་ནས་ཇེ་ཆུང་དང་། མིའི་རིགས་ཀྱི་འབྲེལ་ལམ་ནི་ཕན་ཚུན་ཉེ་བ་ནས་ཉེ་རུ་ཕྱིན་པ་རེད། དེ་ཕྱིར་མི་མང་དཀྱུས་མ་ཚང་མས་རང་ཉིད་འཚོ་སྡོད་བྱེད་སའི་གོ་ལའི་ཤར་དུ་གང་དུ་དོན་དག་ཅི་ཞིག་བྱུང་གིན་ཡོད་པ་དེ་ཤེས་ཐུབ་པར་གྱུར་བ་རེད། དེ་ཕྱིར་མ་གཞི་ནས་སྐྱེ་འགྲོ་ཡོད་ཚད་འཚེ་བ་ལ་མི་མོས་པ་ནི་རང་བཞིན་ལྷན་སྐྱེས་ཤིག་ཡིན་རྐྱེན། དུས་རབས་བཅུ་དགུ་བའི་རྗེས་ལ། མིའི་རིགས་ཡོགས་ཀྱི་བསམ་སྤྱོད་དེ་སྤྱི་ཆ་ནས་འཚེ་བ་དང་དམག་འཁྲུག་ལ་ངོ་རྒོལ་གནང་བའི་ལམ་དུ་ཕྱིན་པ་རེད།
དེ་ཕྱིར་དེང་དུས་སུའང་། འཛམ་གླིང་གི་ཆབ་སྲིད་དང་དཔལ་འབྱོར་ཚང་མ་ཐད་ཀར་དུ་ལྟོས་པ་ཡིན་ན། ཁེ་ཕེན་ལྟེ་བར་བྱས་དེ་འཁོར་བཞིན་ཡོད་ནའང་། ང་ཚོས་སེམས་གནད་དུ་བབས་ཏེ་གཟིགས་པ་ཡིན་ན། འགྲོ་བ་མིའི་རིགས་ཡོངས་ནས་དམིགས་བྱ་ཞིག་གཉེར་བཞིན་པ་ནི། ཞི་བདེ་དང་འདྲ་མཉམ། མིའི་རིགས་ཡོངས་ཞི་བདེ་མཉམ་གནས་ཡོང་བའི་འཛམ་གླིང་ཞིག་ལ་རེ་བ་དང་དེ་དོན་དུ་འབད་ཀྱིན་ཡོད་པ་ནི་གསལ་བ་ོརེད། འདི་ནི་དུས་རབས་སྔོན་མ་རྣམས་དང་མ་འདྲ་བར་མིའི་རིགས་ཡོངས་ཀྱི་རིན་ཐང་གི་ལྟ་ཚུལ་ཞིག་ཆགས་ཡོང་གི་ཡོད་པ་རེད།
མིའི་རིགས་ལ་ལོ་རྒྱུས་ཡོད་པ་ནས་བཟུང་། དབང་ཡོད་དང་སྟོབས་འབྱུར་ལྡན་པ་དག་ནི་མིའི་རིགས་ཡོངས་ནས་རྩ་བའི་ཆ་ནས་བཀུར་དགོས་ངེས་ཤིག་དང་བསྟུན་རུང་བ་ཞིག་ཏུ་བསམ་སྤྱོད་གཉིས་ཆ་ནས་བྱུང་ཡོད་པ་རེད་ལ། དེ་ལ་མིའི་རིགས་ཡོངས་ཀྱི་བསམ་བློའི་ངོས་ནས་ངོ་རྒོལ་དང་ཡ་ལན་གནང་བ་ཞིག་བྱུང་མ་ཐུབ་པ་རེད། ཡིན་ནའང་། མིའི་རིགས་ནི་དེ་ལྟ་བུའི་མུན་ནག་གི་ལོ་རྒྱུས་ནང་ལོ་ངོ་ཁྲི་སྟོང་མང་པོར་འཚོ་བ་ཡིན་ཕྱིར། དེ་ལས་ཐོབ་པའི་འབྲས་བུ་ནི་དེང་རབ་དཔལ་ཡོན་དང་དེབ་རབས་ཀྱི་ཆབ་སྲིད་ལམ་ལུགས་རེད།
དེང་རབས་རི་གནས་དང་དེ་ལས་བྱུང་བའི་ཆབ་སྲིད་དང་དཔལ་འབྱོར་ལམ་ལུགས་སོགས་མང་པོ་ཞིག་གིས། མིའི་རིགས་ལ་སྔ་ན་མེད་པའི་དགོས་མཁོ་མང་པོ་ཞིག་བསྐྲུནད་དང་སྐྲུན་བཞིན་པ་རེད་ལ། དེ་མཚུངས་སུ་སྔར་བྱུང་མ་མྱུང་བའི་དཀའ་སྙོག་མང་པོ་ཞིག་ཀྱང་ལྷན་དུ་འཁུར་ནས་ཡོང་བ་རེད། དེ་ཕྱིར། ང་ཚོས་དེང་སྐབས་འཛམ་གླིང་གི་དཔལ་འབྱོལ་དང་ཆབ་སྲིད་སོགས་ལ་ལྟོས་པ་ཡིན་ན། འཛམ་གླིང་གི་ས་ཕྱོགས་གང་སར་མི་མང་ནང་དེ་ལ་འདོད་བློ་ཁེངས་ཀི་མེད་པ་གསལ་བོ་རེད། དེ་ཕྱིར་ང་ཚོས་མཐོང་ཐུབ་པ་ནི་རྫོགས་རྒྱུ་མེད་པའི་དོན་རྐྱེན་དང་སྙོག་གླེང་རེད།
ཡིན་ནའང་། སྙོག་གླེང་དེ་དག་ལ་བཟང་ཕྱོགས་ཀྱི་རྟགས་མཚན་ཞིག་ངེས་པར་ཡོད་པ་རེད། རྒྱུ་མཚན། འཛམ་གླིང་མི་མང་གིས་རང་ཉིད་ཀྱི་ད་ལྟའི་ཁྱིམ་ཚང་ཙམ་མ་ཡིན་པར་མིའི་རིགས་ཀྱི་མ་འོངས་པར་འགན་འཁུར་བཞིན་ཡོད་པ་ནི་གསལ་བོ་རེད། འཛམ་གླིང་མི་མང་གིས་འཛམ་གླིང་གི་དཔལ་འབྱོར་དང་ཆབ་སྲིད་ལམ་ལུགས་དེ་ལ་འདོད་བློ་ཁེངས་ཀི་མེད་པ་དེ་བཞིན། བོད་མི་མང་པོ་ཞིག་གིས་ཀྱང་བོད་ཀྱི་ཆབ་སྲིད་དང་འཛིན་སྐྱོང་གི་ལས་ཀ་བྱེད་ཕྱོགས་དེ་ལ་འདོད་བློ་ཁེངས་ཀི་མེད་པ་གསལ་བོ་རེད།
བོད་མི་ཚོས་དམིགས་ཡུལ་ནི་བོད་ཀྱི་གནད་དོན་གསལ་རྒྱུ་དེ་རེད་ལ། མ་ཟད་བོད་མི་རང་ཉིད་ཀྱི་སྲིད་གཞུང་དང་འཛིན་སྐྱོང་དེའང་མངོན་ལྐོག་མེད་པ་དང་ཁ་དམ་ཚིག་དང་མཐུན་པ་ཞིག་ཡོང་རྒྱུ་དེ་རེད། དེ་ཕྱིར་དེང་སྐབས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གཞུང་གི་ལས་ཀ་བྱེད་ཕྱོགས་དང་། དེ་མིན་གྱི་སྤྱི་ཚོགས་ཀྱི་གནད་དོན་མང་པོ་ཞིག་གི་ཐོག མིང་མང་ནང་གླེང་སློང་འདྲ་མིན་ཡོང་གིན་ཡོད། དེ་ནི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་རེད་བསམ། རྒྱུ་མཚན་གོང་དུ་ཞུ་བ་བཞིན་མི་མང་ནས་སྤྱི་བའི་དོན་ལ་འགན་འཁུར་གི་ཡོད་པ་རེད།
མདོར་ན། སྤྱིར་ཚོགས་ནང་མི་རིགས་ཤིག་གི་གདན་དོན་ཡིན་ནའང་འདྲ། རྒྱལ་ཁབ་ཤིག་གི་རྒྱལ་དོན་ཡིན་ན་འདྲ ་གང་ལྟར་ཅི་ཡིན་རུང་། མི་མང་ནང་གླེང་སློང་ཡོང་བ་དང་མི་མང་གིས་གང་དེའི་དོན་ལ་དོགས་འདྲི་དང་། ཡང་ན། གཞུང་དང་ཚོགས་པ་གང་ཞིག་གི་ལས་དོན་བྱེད་ཕྱོགས་ལ་མི་མང་ནས་འདོད་བློ་མ་ཁེངས་ཕྱིེན། དེ་ལ་ཐད་ཀར་སྐྱོན་བརྗོད་དང་ངོ་རྒོལ་ལ་སོགས་བྱེད་པ་ནི། གོང་དུ་ཟེར་བ་བཞིན་མི་མང་ནང་རང་གི་མི་རིགས་དང་རྒྱལ་དོན་ལ་ཤ་ཚ་དང་འགན་འཁུར་གི་ཡོད་པའི་རྟགས་མཚན་ཞིག་རེད།
ཕྱོགས་གཞན་ཞིག་ནས་བཤད་ན། རྒྱལ་ཁབ་དང་མི་རིགས་གང་ཡིན་ན་ཡང་། མི་མང་གི་སྨྲ་བརྗོད་རང་དབང་དང་འདོད་བློ་སྤྱི་ཚོགས་དང་རྒྱལ་ནང་དུ་མངོན་ཆོག་པ་ནི། སྲིད་གཞུང་གི་ངོས་ནས་བཤད་ན་གང་དེའི་སྲིད་གཞུང་ནི་རེ་བ་ཅན་ཞིག་དང་། མི་མང་གི་ངོས་ནས་བཤད་ན་བཟི་བརྗིད་ཅིག་ཀྱང་རེད།
ཡིན་ནའང་། མི་རེ་ཟུང་གིས་ཆོལ་ཁ་དང་ཆོས་ལུགས་ཁོག་ལ་བཅུག་ནས་བོད་མི་ནང་ཁུལ་དཀྲུག་གིན་ཡོད་སྲིད་མོད། དེ་ནི་མི་བུ་རེ་ཟུང་ཞིག་ཡིན་པས་སྤྱི་ཚོགས་ཤིག་ལ་མཚོན་ན་ཡོད་ཆོག་པ་ཞིག་རེད་ལ། དེ་ལ་ང་ཚོ་ཡ་མཚན་དགོས་པ་གང་ཡོད་པ་མ་རེད་འདོད། འོན་ཀྱང་། མི་སྒེར་སོ་སོ་ངོས་ནས་རང་ཉིད་ཀྱི་ལས་དང་རྒྱུ་འབྲས་བྲང་ལ་བཞག་ནས་བསམ་བློ་གཏོང་དགོས་པ་ཞིག་རེད།
ཆེས་འཇིགས་སུ་རུང་བ་དང་ཉེན་ཁ་ཆེ་ཤོས་དེ་ནི། སྲིད་གཞུང་ཞིག་གིས་མི་མང་ལ་བཀའ་བཀོད་ཅི་ཞིག་གནང་ནང་རུང་མི་མང་ནས་དང་དུ་ལེན་རྐྱང་དང་། གང་དེའི་སྲིད་གཞུང་གིས་བྱ་སྤྱོད་ཅི་ཞིག་སྤེལ་རུང་མི་མང་ནས་དེ་ལ་སྣང་མེད་དང་། ཡང་ན། དེ་ལ་ངོ་རྒོལ་དང་མི་འདོད་པའི་རྣམ་འགྱུར་ཅི་ཡང་མི་སྟོན་པ་དང་། ཡང་ན་སྟོན་མི་ནུས་པ་ནི། མི་རིགས་དེ་དང་དེའི་སྲིད་གཞུང་ནི་དངོས་ནས་རུལ་སོང་དང་བཀས་བཀོད་ཅན་དུ་འགྲོ་བཞིན་པ་ནི་གསལ་བོ་རེད།
བོད་མིའི་སྤྱི་ཚོགས་ནང་གི་སྙོག་གླེང་དེ་དག་གི་རྒྱབ་ལྗོངས་ཅི་ཡིན་ལ་མ་ལྟོས་པར། དེང་སྐབས་བོད་མི་ཚོར་གཅིག་མཐུན་དུ་ཉེན་ཚབས་ཀྱི་འདུ་ཤེས་ཤིག་འདུག དེ་ནི་ཧ་ཀྱང་གི་དགའ་འོས་པ་ཞིག་རེད། མི་རིགས་ཤིག་ལ་རང་ཉིད་འཇིག་ཉེན་གྱི་ཉེན་ཚབས་ཡོད་པ་ན། ད་གཟོད་འཆི་ལ་ཉེ་བའི་མི་རིགས་གང་དེར་རེ་བ་ཡོད་པར་གྱུར་བ་རེད། མི་རིགས་ཤིག་རྩོད་སྙོག་ནང་ནམ་ཡང་འཆི་སྲིད་ཀི་མ་རེད། མི་རིགས་ཤིག་ཉལ་ཐས་བཟི་བ་ལྟར་གང་ལའང་སྣང་མེད་གཏོང་བ་དང་། ཉེན་ཚབས་ཀྱི་འདུ་ཤེས་བརླག་འགྲོ་དུས། ད་གཟོད་མི་རིགས་དེ་ལ་རེ་བ་མེད་པར་གྱུར་བ་རེད།
དེ་ཕྱིར། བོད་མི་ཚོས་སྤྱི་དོན་དང་འབྲེལ་བའི་གླེང་སློང་དེ་དག་ལ་བཟང་ཕྱོགས་ནས་ལྟ་རྒྱུ་ཧ་ཀྱང་གི་གལ་ཆེ་བར་མཐོང་། མི་མང་པོ་ཞིག་གིས་བོད་མི་ནང་ཁུལ་དུ་འགལ་བ་ཆེ་པོ་ཞིག་ཡོང་དོགས་བྱེད་ཀྱིན་འདུག་ལ། མ་འོངས་པར་བོད་མི་ཚོ་བརྟེན་ས་མེད་པ་ཞིག་ཏུ་ཆགས་ཀི་རེད་བསམ་ཡོད། ཡིན་ནའང་ན། ང་ཚོས་བསམ་བློ་ཞིབ་མོས་ངང་འགྲོ་བ་མིའི་རིགས་ཡོངས་ཀྱི་ལོ་རྒྱུས་ཀྱི་འཁོར་ཕྱོགས་ལ་གཞིགས་པ་ཡིན་ན། རྒྱལ་བ་རིན་པོ་ཆེས་ཡང་ནས་ཡང་དུ་གསུང་བཞིན་པ་ལྟར། བོད་མི་ཚོར་ངེས་པར་བདེ་སྐྱིད་ལྡན་བའི་དུས་བཟང་ཞིག་ཤར་ངེས་པ་རེད་དོ།།
༢༠༡༧། ༡༡། ༡༩།
རྡོ་རྗེ་རིན་ཆེན་ནས།
་་་་་་་་ མིའི་རིགས་ནང་ཁུལ་གྱི་རྩོད་སྙོག་དེ་དག་ནི་ལོ་རྒྱས་ཀྱི་འཕེལ་འགྱུར་ཞིག་རེད། ལོ་རྒྱུས་ནི་ནམ་ཡང་ཕྱིར་ཟློག་བྱ་མི་སྲིད་པ་ཞིག་རེད། དེ་ཕྱིར། མི་རབས་གསར་བ་ཚོས་སྐྱུག་བྲོ་བའི་དོན་དག་དེ་དག་ཡང་བསྐྱར་མིའི་རིགས་ཀྱི་ལོ་རྒྱུ་སྟེང་འགོད་མི་སྲིད་པ་ཞིག་རེད་ལ། བོད་མི་ཚོས་ཀྱང་དེ་བཞིན་ཆོལ་ཁ་དང་ཆོས་ལུགས་བར་གྱི་རྩོད་སྙོག་དེ་དག་མུ་མཐུད་དུ་སེམས་ལ་བཟུང་ནས་མ་འོངས་བོད་ཀྱི་སྤྱི་ཚོགས་ནང་གནས་ངེས་པ་ཞིག་གཏན་ནས་མ་རེད། ་་་་་་་་་་
རྩོམ་འབྲི་བ་ལགས། ཁྱེད་ཀྱིས་རང་ཉིད་ངོ་སྤྲོད་ཅིག་གནང་རོགས། དེ་མིན་ཁྱེད་ཀྱི་མིང་འདི་གང་ཟག་གཞན་ལ་ནོར་སོ་ཆེ། དེ་རེ་སྐུལ་ཡིན།
ཆོལ་ཁ་དང་ཆོས་ལུགས་ཀྱི་རྩོད་པ་ཅི་ཙམ་ཟེར་ཡང་། རྩོད་རྒྱུ་འདི་རྩོད་རྒྱུ་དགའ་ཞིག་རེད། ཡིན་ཡང་ང་སྐྲགས་ས་ནི་རྩོད་པ་འདི་མཇུག་རྫོགས་ནས་བོད་མི་རྣམས་རང་གི་ཕོར་བ་ཙམ་ལ་མིག་ཅེར་ནས། ཕྱོགས་ཕྱོགས་སུ་ཁུ་སིམ་མེར་འདུག་རྒྱུ་རེད། རྒྱུ་མཚན་དེང་སྐབས་ཆོལ་ཁ་བརྩད་ནས་ཁེ་བཟང་མེད་པ། ག་རེ་ཡོད། ས་ཆའི་ཐོན་ཁུངས་ཡོད་དམ། རྒྱལ་ཁབ་ཀྱི་བདག་དབང་ཡོད་དམ། བཙན་བྱོལ་པ་སྤར་བ་གང་འདི་ཅི་ཙམ་གནས་ཐུབ་རྒྱུའི་གདེང་ཚོད་འདུག
༄༅།་རྩོད་རྙོག་དང་མི་འཐུན་པའི་སྐད་ཆ་གང་ཡང་མེད་པ་རེད།
མི་ཀླད་མེད་ཁ་ཤས་ནས་ཆེད་དུ་བཟོས་་ཀྱི་འདུག་་་དེའི་རྗེས་སུ་མ་རྒྱུགས་།
སོ་སོའི་རང་དབང་སོ་སོའི་སྤྱོད། སོ་སོའི་བསམ་བློ་སོ་སོའི་གཏོང།
བཀའ་ཤག་ནས་གསལ་བཤད་གནང་བ་རྣམས་ལེགས་པར་དཔྱད་དགོས།
མ་ཤེས་ན་ཤེས་མཁན་ལ་དྲིས། མ་མཐོང་ནས་མཐོང་ས་ནས་ལྟོས།
འཛམ་གླིང་ཐོག་རེ་བ་བཟང་ཕྱོགས་ཀྱི་དཔེ་མཚོན་དུ་བོད་པ་བཞག་ན་མ་ཆོག་པ་མི་འདུག
http://tibettimes.net/2017/11/23/165066/