གེ་སེར་ཚང་ཡ་མ་བུ་འཁྲིད་ཀྱིས།
༡། བཀའ་ཤག་གིས་ཁྲིམས་སྒྲིག་གི་ཆ་རྐྱེན་གང་གི་འོག་ནས་ཨ་རི་དོན་གཅོད་འཕོ་འགྱུར་བཏང་བ་ཡིན་ནམ།
ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༩ ཉིན་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་བཏང་བའི་ཁྲིམས་སྒྲིག་གི་ཆ་རྐྱེན་འགྲེལ་བརྗོད་གནང་སྐབས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་དང་། དེའི་ལག་བསྟར་བརྒྱུད་རིམ་གང་གི་འོག་ནས། ཐོག་མར་ཡར་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་བྱས་ཡོད་པ་དེ་བཞིན་དུ། སྐུ་ཚབ་དོན་གཅོད་ཀྱི་ལས་འགན་ནས་འཕོ་འགྱུར་གཏོང་རྒྱུའི་ཐག་གཅོད་ཀྱང་བཅའ་ཁྲིམས་ཀྱི་དོན་ཚན་དང་ལག་བསྟར་བརྒྱུད་རིམ་དེ་དག་རང་གི་འོག་ནས་བྱས་ཡོད་པ་ཞིག་ཡིན་ཞེས་གསུངས་ཡོད་པ་དང་། བཀའ་ཤག་གིས། ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༡༨ ཉིན་གསལ་བཤད་དོན་ཚན་བཅུ་ཅན་གྱི་འགྲེམས་བསྒྲགས་གནང་བ་དེའི་དོན་ཚན་ ༡༠ ནང་། ད་ཡོད་ཨ་རི་དོན་གཅོད་སྤེན་པ་ཚེ་རིང་ལགས་འཕོ་འགྱུར་གཏོང་རྒྱུར་བཀའ་ཤག་ནས་སྤྱི་མོས་ཐག་གཅོད་གནང་བ་ཞིག་ཡིན། དེ་ཡང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་ལེའུ་དང་པོའི་དོན་ཚན་ ༡ པོའི་ནང་གསེས་ ༣ ནང་གསལ་ལྟར་འཕོ་འགྱུར་བཏང་ཡོད་ཅེས་བྲིས་འདུག
བཅའ་ཁྲིམས་དོན་ཚན་དང་པོའི་ནང་། ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་ཡིན་པའི་ཆབ་སྲིད་ཀྱི་གོ་གནས་དངོས་སུ་ཕུལ་མེད་ཀྱང་། བོད་དང་བོད་མིའི་མགོན་སྐྱབས་དང་མཚོན་རྟགས་ཡིན་ཞེས་ཆེ་བསྟོད་དང་སྦྲགས། བོད་དང་བོད་མིའི་མགོན་སྐྱབས་དང་མཚོན་རྟགས་ཡིན་པའི་ཆ་ནས་རང་ཆས་སུ་ཡོད་པའི་མཛད་འགན་དང་སྐུ་དབང་ཁག་གསུམ་གསལ་ཡོད་པ་དང་། དེ་ཡང་ལོ་གྲངས་བརྒྱ་ཕྲག་མང་པོའི་བྱུང་རབས་དང༌། རིག་གཞུང༌། མངའ་དབང་ལྡན་པའི་བོད་མིའི་མངོན་འདོད་བཅས་ལས་གྲུབ་པ་ཡིན་པའི་སྒྲུབ་བྱེད་བཀོད་དེ། བཅའ་ཁྲིམས་དོན་ཚན་ ༡ པོའི་ནང་གསེས་ ༣ པར། བཀའ་ཤག་གིས་བསྐོ་འཛུགས་བྱས་པའི་སྐུ་ཚབ་དོན་གཅོད་དང་དམིགས་བསལ་སྐུ་ཚབ་རྣམས་ལ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་བསྩལ་རྒྱུ་ཞེས་གསལ་ཡོད། འདི་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དང་བོད་མིའི་མགོན་སྐྱབས་དང་མཚོན་རྟགས་ཡིན་པའི་ངོས་ནས་སྐུ་དབང་འདི་ཁྱབ་བསྒྱུར་གནང་ཆོག་པ་ཞིག་ཡིན་པ་ལས། བཀའ་ཤག་གིས་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཁོ་ན་ལ་ཡོད་པའི་སྐུ་དབང་འདིར་ལག་པ་ཇི་ལྟར་འཆང་ཆོག་པ་ཡིན་ནམ།
དེ་ཡང་བཅའ་ཁྲིམས་དོན་ཚན་ ༡ པོའི་ནང་གསེས་ ༣ པ་འདི། སྐུ་ཚབ་དོན་གཅོད་ཁག་ལ་༸གོང་ས་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་མ་གནང་ཚེ། གནས་ཡུལ་རྒྱལ་ཁབ་ཁག་ཏུ་དོན་གཅོད་ལས་ཁུངས་གནས་ཐབས་མེད་པ་ཡིན་པས། དོན་གཅོད་དེ་དག་ལ་༸གོང་ས་མཆོག་གི་སྐུ་ཚབ་ཡིན་པའི་མཚན་གནས་གཡར་གནང་ཡོང་བའི་ཆ་རྐྱེན་ཞིག་ཡིན་པ་ལས། དོན་གཅོད་བསྐོ་གཞག་བྱེད་མཁན་བཀའ་ཤག་ལ་དོན་ཚན་འདིའི་ཐོག་ནས་དོན་གཅོད་བསྐོ་གཞག་དང་འཕོ་འགྱུར་བྱེད་ཆོག་མིན་གྱི་དབང་ཆ་གང་ཡང་གསལ་མེད།
གལ་སྲིད་དོན་གཅོད་འཕོ་འགྱུར་སྐོར་༸གོང་ས་མཆོག་ལ་༸སྙན་གསན་ཞུས་པ་ཡིན་ཟེར་བ་ཙམ་ཞིག་རྒྱུ་མཚན་དུ་བགྲང་གི་ཡོད་ན་ནི། བཀའ་ཤག་གིས་བསྐོ་གཞག་གནང་བའི་དོན་གཅོད་དེ་དག་ལ་སྐུ་ཚབ་ཀྱི་མཚན་གནས་གནང་རྒྱུ་བཅའ་ཁྲིམས་དོན་ཚན་འདིའི་ཐོག་ནས་༸གོང་ས་མཆོག་ལ་མཛད་འགན་ཕུལ་བ་ཞིག་ཡིན་ལ། བཅའ་ཁྲིམས་སུ་དོན་གཅོད་རྣམས་ལ་༸གོང་ས་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་བསྩལ་རྒྱུའི་ཆ་རྐྱེན་འདི་ཕྱིར་བསྡུ་གནང་རྒྱུའི་བསྐྱར་བཅོས་གཏན་འབེབས་མ་གནང་བར་དུ། དེའི་ཐོག་བཀའ་ཤག་གིས་༸གོང་ས་མཆོག་ལ་གསར་དུ་བསྐོ་འཛུགས་བྱས་པའི་དོན་གཅོད་ཅིག་ལ་མཚན་གནས་གནང་སྐྱོང་ཡོང་བའམ། ཡང་ན་དོན་གཅོད་འཕོ་འགྱུར་བཏང་བ་དེའི་མཚན་གནས་ཕྱིར་བསྡུ་གནང་སྐྱོང་ཡོང་བའི་བཀའ་འཁྲོལ་ཞུ་ལམ་མེད་ལ། བཀའ་འཁྲོལ་ཞུ་དགོས་པའང་ཆགས་ཀྱི་མེད་པས། བཀའ་ཤག་ནས་བཅའ་ཁྲིམས་དོན་ཚན་དོན་ཚན་ ༡ པོའི་ནང་གསེས་ ༣ པ་ལུང་འདྲེན་གནང་བ་དེར་གཞི་རྩ་གང་ཡང་མེད།
ལར་ནས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་། དོན་ཚན་ ༡ པོའི་ནང་གསེས་ ༣ པའི་ནང་གོང་གསལ་ཚིག་བརྗོད་ཁག་དང་། དོན་ཚན་ ༧༢ ནང་གསེས་ ༡ ནང་། ས་གནས་འགོ་འཛིན་གྱི་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་མཚམས་འཛིན་གནང་སྐབས། སྐུ་ཚབ་དོན་གཅོད་ཁག་འོས་འདེམས་མ་དགོས་པ་ཡིན་ཞེས་བཀོད་པ་མ་གཏོགས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ཡོངས་སུ་རྫོགས་པའི་ནང་། སྐུ་ཚབ་དོན་གཅོད་ཁག་བསྐོ་གཞག་བྱེད་ཕྱོགས་དང་། འཕོ་འགྱུར་གཏོང་སྟངས་ཀྱིས་མཚོན་པའི་བྱེད་སྒོ་གཅིག་ཀྱང་བསྟན་མེད།
དེར་བརྟེན། སྲིད་ཚབ་ཆོས་རིག་བཀའ་བློན་གྱིས་གསུང་པ་ལྟར། སྐུ་ཚབ་དོན་གཅོད་ཀྱི་ལས་འགན་ནས་འཕོ་འགྱུར་གཏོང་རྒྱུའི་ཐག་གཅོད་ཀྱང་བཅའ་ཁྲིམས་ཀྱི་དོན་ཚན་དང་ལག་བསྟར་བརྒྱུད་རིམ་དེ་དག་རང་གི་འོག་ནས་བྱས་ཡོད་པ་ཞིག་ཡིན་ཞེས་གསུངས་པ་དེར་གཞི་འཛིན་ས་གང་ཡང་མེད། རྒྱུ་མཚན་ནི། བཅའ་ཁྲིམས་སུ་དོན་གཅོད་འཕོ་འགྱུར་གཏོང་ཕྱོགས་སྐོར་ཚིག་འབྲུ་གཅིག་ཀྱང་གསལ་མེད་པ་དང་། དོན་ཚན་ ༡ ནང་གསེས་ ༣ པ་དེ་༸གོང་ས་མཆོག་ཁོ་ནའི་སྐུ་དབང་ཡིན་སྟབས། ཨ་རི་དོན་གཅོད་སྤེན་པ་ཚེ་རིང་ལགས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་དང་པོའི་དོན་ཚན་ ༡ པོའི་ནང་གསེས་ ༣ ནང་གསལ་ལྟར་འཕོ་འགྱུར་བཏང་ཡོད་ཟེར་བ་ནི་༸གོང་ས་མཆོག་གི་རང་ཆས་སུ་ཡོད་པའི་སྐུ་དབང་ཐོག་བཀའ་ཤག་ནས་ཐད་ཀར་ལག་པ་འཆང་བ་ཞིག་ཡིན་པ་མ་ཟད། བཀའ་ཤག་ལ་དོན་ཚན་དེའི་ཐོག་ལག་བསྟར་བྱེད་པའི་ཐོབ་ཐང་དང་དབང་ཚད་མེད་པ་མངོན་རྗེན་ཡིན་སྟབས། དངོས་གནས་བཅའ་ཁྲིམས་དོན་ཚན་འདིའི་ཆ་རྐྱེན་འོག་ནས་དོན་གཅོད་འཕོ་འགྱུར་གྱི་དབང་ཚད་བཀོལ་སྤྱོད་བྱས་པ་ཡིན་ཚེ། དེ་ནི་ཁྲིམས་འགལ་ཡིན།
དེ་བཞིན་དུ། བཅའ་ཁྲིམས་ནང་དོན་གཅོད་འཕོ་འགྱུར་གཏོང་རྒྱུའི་ཆ་རྐྱེན་གཏན་ནས་མེད་བཞིན་དུ། བཅའ་ཁྲིམས་ཀྱི་དོན་ཚན་དང་ལག་བསྟར་བརྒྱུད་རིམ་དེ་དག་རང་གི་འོག་ནས་བྱས་ཡོད་པ་ཞིག་ཡིན་ཞེས་གསུངས་ཚེ། བཅའ་ཁྲིམས་རིན་པོ་ཆེར་ཚབས་ཆེའི་འགྲེལ་ལོག་བསྐྱོན་པ་ཞིག་ཡིན་ན། དབང་ཚད་ལས་བརྒལ་བའི་ཐག་གཅོད་དང་། ཁྲིམས་ཡིག་གི་ཆ་རྐྱེན་མི་ལྡན་པའི་ཐག་གཅོད་དེ་དག་དུས་ནམ་ཡང་ཁྲིམས་མཐུན་ཡིན་པ་ཞིག་ལ་སྒྲུབ་ཐབས་མེད།
༢། དོན་གཅོད་ལས་འགན་ཕྱིར་བསྡུ་བྱེད་པ་འདིར་འཕོ་འགྱུར་ཞེས་སྦྱར་དགོས་དོན་ཅི་ཡིན་ནམ།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་སུ་དོན་ཚན་ ༢༩ པར་སྲིད་སྐྱོང་དང་བཀའ་བློན་འཕོ་འགྱུར་གཏོང་སྟངས་དང་། དོན་ཚན་ ༤༥ པར་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང༌། ཚོགས་གཙོ་གཞོན་པ། དོན་ཚན་ ༥༧ པར་སྤྱི་འཐུས་བྱེ་བྲག་པ། དོན་ཚན་ ༦༣ པར་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས། དོན་ཚན་ ༩༩ པར་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན། དོན་ཚན་ ༡༠༥ པར་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དང༌། ཚོགས་མི། དོན་ཚན་ ༡༡༠ པར་རྩིས་ཞིབ་སྤྱི་ཁྱབ་པ་བཅས་ཀྱི་ལས་འགན་ཕྱིར་བསྡུ་བྱེད་དགོས་ཚེ། སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་འཕོ་འགྱུར་གཏོང་དགོས་པ་དང་། དེ་བཞིན་དུ་བཅའ་ཁྲིམས་དོན་ ༩༡ པ་ནང་གསལ་ས་གནས་འགོ་འཛིན་དང༌། ལས་རོགས་འཕོ་འགྱུར་དང་། དོན་ཚན་ ༩༢ ནང་གསལ་ས་གནས་འཐུས་མིའི་ཚོགས་འདུ་དང༌། འཐུས་མི་བྱེ་བྲག་པ་འཕོ་འགྱུར་གཏོང་བ་ལ་ས་འཐུས་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་གྲོས་ཆོད་བཞག་པའི་ཐོག ས་གནས་རང་ཁོངས་མང་ཚོགས་ནས་འོས་བསྡུ་བྱས་ཏེ་མང་མོས་ཇི་བྱུང་ལ་ཐག་གཅོད་བྱེད་དགོས་པ་ལས། འཛིན་སྐྱོང་བཀའ་ཤག་གིས་མཚོན་པའི་སྒྲིག་འཛུགས་གང་ལའང་འཕོ་འགྱུར་གཏོང་བའི་དབང་ཆ་མེད།
གལ་སྲིད་གོང་གསལ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་སུ་རུང་ཞིག་འཕོ་འགྱུར་བཏང་བའི་གནས་སྟངས་ཆགས་ཚེ། སྐྱེ་བོ་དེ་བོད་མིའི་སྒྲིག་འཛུགས་ཀྱི་ཁེ་ཡོད་ལས་འཛིན་དུ་ཞུགས་མི་ཆོག་པ་མ་ཟད། སྲིད་སྐྱོང་ངམ་བཀའ་བློན་གང་རུང་ཞིག་འཕོ་འགྱུར་བཏང་བ་ཡིན་ན། སྐྱེ་བོ་དེ་སྲིད་སྐྱོང་དང་བཀའ་བློན་གྱི་འོས་ཆོས་མ་ཚང་བར་ཆགས་པ་ཡིན་པས། མི་ཚེ་འདིར་སྲིད་སྐྱོང་དང་བཀའ་བློན་བྱེད་པའི་སྐལ་བ་ཆད་པ་ཡིན།
འདེམས་ལྷན་སྒྲིག་གཞི་དོན་ཚན་ ༡༩ ནང་གསེས་ ༡ འོག་ཕྱི་རྒྱལ་ཁག་ཏུ་སྐུ་ཚབ་དོན་གཅོད་བསྐོ་གཞག་བྱེད་སྐབས། སྲིད་སྐྱོང་དང་བཀའ་བློན་ཚང་འཛོམས་ཞིབ་གྲོས་དྲག་འདེམས་ཀྱིས་བཀའ་ཤག་ནས་བསྐོ་འཛུགས་གནང་དགོས་གསལ་ཡོད་པ་དང་། གནས་དབྱུང་ངམ། ལས་འགན་ཕྱིར་བསྡུ་གནང་ཕྱོགས་སྐོར་གང་ཡང་གསལ་མེད། བཀའ་ཤག་གི་གསུང་བབ་ལྟར་ན། དོན་གཅོད་དེ་དག་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་པའི་བླང་དོར་དང་། ཐོབ་ཐང་གི་སྒྲིག་གཞིའི་ཁྱབ་འོག་ཏུ་ཡོད་པར་བསྟན་གནང་འདུག་པས། ལས་ཡུན་ལོ་བཞི་མ་ཚང་གོང་ལས་འགན་ཕྱིར་བསྡུ་བྱེད་དགོས་པའི་གནས་སྟངས་ཆགས་སྐབས། ལས་བྱེད་བླང་དོར་སྒྲིག་གཞི་གཞིར་བཟུང་ལག་བསྟར་དགོས་ངེས་ཡིན་ན། ཐག་གཅོད་ཀྱི་བརྒྱུད་རིམ་སྒྲིག་གཞིའི་དགོངས་དོན་ལྟར་ཁྲིམས་མཐུན་བྱུང་ཡོད་མེད་ལ་ངེས་པར་དུ་དོགས་སློང་བྱེད་ཆོག་པ་ཞིག་ཡིན།
དོན་གཅོད་རྣམས་བླང་དོར་སྒྲིག་གཞིའི་ཁྱབ་འོག་ཏུ་མེད་གསུངས་ན། བླང་དོར་སྒྲིག་གཞི་དང་འགལ་ལུགས་ཀྱི་ཉེས་འཛུགས་བྱ་ཡུལ་མེད་པ་ཆགས་རྒྱུ་དང་། བླང་དོར་སྒྲིག་གཞིའི་ཁྱབ་འོག་ཏུ་ཡོད་པ་ཁས་བླངས་ཚེ། སྒྲིག་གཞི་འདིའི་ནང་གསལ་བའི་བརྒྱུད་རིམ་མ་བརྒྱུད་པར་ཐག་གཅོད་གནང་བ་དེ་སྒྲིག་གཞི་དང་མ་མཐུན་པ་ཆགས་ཀྱི་རེད།
བླང་དོར་སྒྲིག་གཞིའི་ནང་ལས་བྱེད་པའི་བྱས་ཉེས་ར་འཕྲོད་ཚེ། ཚབས་ཆེའི་ཆད་པ་ནི་གནས་དབྱུང་ཡིན་པ་དང་། བྱས་ཉེས་ར་འཕྲོད་དེ་གནས་དབྱུང་གཏོང་བ་ལ་བཀའ་ཤག་གིས་ལས་བྱེད་འདེམས་བསྐོ་ལྷན་ཁང་ལ་མ་ཞུས་པར་ཐག་གཅོད་བྱེད་མི་ཆོག་པ་དང་། བཀའ་ཤག་གི་བཅད་ཁྲ་ལ་འདེམས་བསྐོ་ལྷན་ཁང་ནས་བསྐྱར་ཞིབ་བྱེད་ཆོག་པ་མ་ཟད། འདེམས་བསྐོ་ལྷན་ཁང་ནས་གནས་དབྱུང་གི་ཉེས་ཆད་བཏང་བ་དེ་ཁྲིམས་ཞིབ་ཁང་ལ་ཞུ་གཏུག་བྱེད་ཆོག་གི་ཡོད།
དེར་བརྟེན། ཨ་རི་དོན་གཅོད་སྤེན་པ་ཚེ་རིང་ལགས་འཕོ་འགྱུར་གཏོང་རྒྱུར་བཀའ་ཤག་ནས་སྤྱི་མོས་ཐག་གཅོད་གནང་བ་ཞིག་ཡིན་ཞེས་གསུང་སྐབས་ཀྱི་འཕོ་འགྱུར་ཞེས་པའི་ཐ་སྙད་འདི་ལས་བྱེད་བླང་དོར་སྒྲིག་གཞི་ནང་གསལ་གྱི་ཐ་སྙད་ཅིག་མིན་པས། བཀའ་ཤག་གིས་སྤྱི་མོས་ཐག་གཅོད་གནང་ཞེས་པ་དེར་ཁྲིམས་ཡིག་གི་རྒྱབ་རྟེན་མེད་པར་ཆགས་ཡོད་ལ། གལ་སྲིད་བཅའ་ཁྲིམས་ནང་གསལ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། ས་གནས་སྒྲིག་འཛུགས་ཀྱི་གནད་ཡོད་རྣམས་ལས་འགན་ཕྱིར་བསྡུ་གནང་སྟངས་དང་གཅིག་མཚུངས་ཡིན་པར་དགོངས་པ་བཞེས་པ་ཡིན་ཚེ། དེ་དག་འཕོ་འགྱུར་གཏོང་བའི་དབང་ཚད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། ས་གནས་འཐུས་མིའི་ཚོགས་འདུ་ལ་ཡོད་པ་ལས། བཀའ་ཤག་ལ་འཕོ་འགྱུར་གཏོང་བའི་དབང་ཚད་མེད་ན། བཀའ་ཤག་གི་སྤྱི་མོས་ཐག་གཅོད་དེ་དབང་ཚད་ལས་བརྒལ་བའི་གནང་སྟངས་ཤིག་ཆགས་ཡོད།
དེ་མིན་བླང་དོར་སྒྲིག་གཞི་གཞིར་བཟུང་གནས་དབྱུང་བཏང་བ་ཡིན་གསུངས་ན། གཤམ་གསལ་གྱི་བརྒྱུད་རིམ་ཁག་བརྒྱུད་དགོས་པ་སྟེ། བླང་དོར་སྒྲིག་གཞི་དོན་ཚན་ ༥༣ ནང་།
ཀ ལས་བྱེད་པའི་རང་འཁྲིའི་ལས་དོན་འཐུས་ཤོར་དང་སྒྲིག་འགལ་གྱི་གནས་ཚུལ་བྱུང་ཚེ་གནད་དོན་ཆུང་ཙག་རིགས་ལ་འབྲེལ་ཡོད་འགན་འཛིན་གྱིས་ངག་ཐོག་ངོ་སྤྲོད་བྱ་རྒྱུ་དང༌། དེས་ཕན་སྐྱེད་མ་བྱུང་ན་ཡིག་ཐོག་ཉེན་བརྡ་གཏོང་དགོས།
ཁ ངོས་འཛིན་འོས་པའི་སྒྲིག་འགལ་དང་ལས་དོན་འཐུས་ཤོར་བྱུང་ན་འབྲེལ་ཡོད་ལས་བྱེད་དེ་ལ་དྲི་བ་བཀོད་དེ་གསལ་བཤད་བྱེད་རྒྱུའི་གོ་སྐབས་ལན་གཅིག་སྤྲོད་དགོས་པ་དང༌། གསལ་བཤད་ཀྱིས་མ་དག་ན་ཉེན་བརྡ་གཏོང་བའམ་འོས་འཚམས་ཀྱི་ཆད་པ་འབྲེལ་ཡོད་འགན་འཛིན་གྱིས་གཏོང་ཆོག
ག རང་འཁྲིའི་ལས་འགན་ལ་ལྷོད་ཡངས་ཤོར་བ། གོང་རིམ་གྱི་བཀའ་ལ་མ་བརྩིས་པ། གཞུང་དངུལ་འདུ་འགོད་ཚུལ་བཞིན་མ་བྱས་པ། གཞུང་དོན་ཐོག་དྲང་བདེན་མིན་པའི་ཕྱོགས་ལྷུང་བྱས་པ། བཟང་སྤྱོད་དང་འགལ་བའི་ལས་ཀ་བྱས་པ་བཅས་བྱུང་ཚེ་འབྲེལ་ཡོད་འགན་འཛིན་གྱིས་གནས་ཚུལ་ཞིབ་བཀོད་ཀྱིས་བཀའ་ཤག་ལ་སྙན་གསན་ཞུ་དགོས།
ང བཀའ་ཤག་གིས་འབྲེལ་ཡོད་འགན་འཛིན་གྱི་སྙན་ཤོག་ནང་འཁོད་པའི་དོན་གནད་རྣམས་ནས་དང་པོའི་མཐོང་སྣང་གི་འགལ་འཛོལ་མཐོང་ཚེ་འབྲེལ་ཡོད་ལས་བྱེད་ལ་ཉེས་འཛུགས་ཤོག་ལྷེ་དང་འབྲེལ་ཞིབ་འཇུག་ཆེད་འཕྲལ་དུ་ལས་དོན་མཚམས་འཇོག་གི་བཀོད་ཁྱབ་གཏོང་དགོས།
ཅ འབྲེལ་ཡོད་འགན་འཛིན་ནས་སྙན་ཤོག་མ་འབྱོར་ཡང་ལས་བྱེད་སུ་ཞིག་ལ་མིང་རྟགས་དང་ཁ་བྱང་འཁོད་པའི་སྐྱོན་འཛུགས་སྙན་ཞུ་འབྱོར་ཞིང༌། ཞུ་སྦྱོར་བའི་ངོས་ལེན་ཡོད་པ་དང༌། དང་པོའི་མཐོང་སྣང་དུ་འགལ་འཛོལ་ཡོད་རིགས་ཀྱང་ལས་དོན་མཚམས་འཇོག་གིས་ཞིབ་འཇུག་བྱེད་དགོས།
ཆ སྙན་ཤོག་གང་ཡང་མ་འབྱོར་ཡང་བཀའ་ཤག་གིས་ཐད་ཀར་དང་པོའི་མཐོང་སྣང་དུ་འགལ་འཛོལ་ཡོད་པ་མཐོང་ཚེ་ལས་དོན་མཚམས་འཇོག་གིས་ཞིབ་འཇུག་བྱེད་ཆོག
ཇ ལས་བྱེད་པས་ཡུལ་ཁྲིམས་དང་འགལ་བའི་ནག་ཉེས་བྱས་ཚེ་འབྲེལ་ཡོད་འགན་འཛིན་ནས་འཕྲལ་དུ་ས་གནས་སྐོར་སྲུང་བར་ཐོག་མའི་གནས་ཚུལ་གྱི་སྙན་ཞུ་ FIR དེབ་འགོད་བྱེད་དགོས།
ཐ ནག་ཉེས་ར་འཕྲོད་ཀྱིས་ཁྲིམས་ཁང་ནས་ཉེས་པ་ཕོག་ན་དེ་འཕྲལ་བཀའ་ཤག་བརྒྱུད་ལས་བྱེད་འདེམས་ལྷན་དུ་ཁྲིམས་ཁང་བཀའ་བཅད་ཀྱི་ངོ་བཤུས་ཕུལ་ཏེ་ལས་དོན་བར་མཚམས་བཞག་ཉིན་ནས་གནས་དབྱུང་གཏོང་དགོས།
མ ཉེས་སྐྱོན་ཆེ་རིགས་གནས་རིམ་ཕབ་པའམ། རྒས་ཡོལ་སྔ་བསྣུར། གནས་དབྱུང་བྱ་དགོས་བཅས་ཞིབ་འཇུག་གྲུབ་དོན་བཀའ་ཤག་གི་རྒྱབ་གཉེར་དང་སྦྲགས་ལས་བྱེད་འདེམས་ལྷན་དུ་འབུལ་རྒྱུ། ལས་བྱེད་འདེམས་ལྷན་གྱིས་རྟོག་ཞིབ་ཀྱིས་འོས་འཚམས་ལ་གནས་ཕབ་གནས་དབྱུང་རྒས་ཡོལ་སྔ་བསྣུར་གང་ཡིན་གྱི་བཀོད་ཁྱབ་གཏོང་རྒྱུ་དང༌། འོས་འཚམས་མིན་རིགས་འཆར་གཞི་ཕྱིར་སློག་གམ་ཐད་ཀར་བསྐྱར་ཞིབ་གང་འོས་གནང་འཐུས།
དོན་ཚན་ང་བཞི་པའི་ནང་གསེས་ ཀ པར། ལས་བྱེད་པར་ཉེས་འཛུགས་ཞིབ་འཇུག་བྱ་དགོས་རྣམས་ལ་བཀའ་ཤག་གིས་ཉེས་སྐྱོན་གྱི་གནས་བབ་ལ་གཞིགས་པའི་ཞིབ་འཇུག་པ་ཚོགས་མི་གཉིས་སམ་གསུམ་ལས་མ་བརྒལ་བའི་ཚོགས་ཆུང་བསྐོ་རྒྱུ།
དོན་ཚན་ ༥༦ ནང་གསེས་ ཀ པར། ཞིབ་འཇུག་སྙན་ཐོའི་ཐོག་བཀའ་ཤག་གིས་བཅད་ཁྲ་བཏང་བར་འདོད་བློ་མ་ཁེངས་ན་འབྲེལ་ཡོད་ལས་བྱེད་དེས་ལས་བྱེད་འདེམས་བསྐོ་ལྷན་ཁང་དུ་གོང་ཞུ་བྱེད་ཆོག ལས་བྱེད་གནས་དབྱུང་ཟིན་པ་ཞིག་ཡིན་ན་ལས་བྱེད་འདེམས་ལྷན་དུ་ཐད་ཀར་སྙན་འབུལ་ཆོག་ཅིང༌། ལས་བྱེད་ཡིན་མུས་ཡིན་ན་འབྲེལ་ཡོད་ལས་ཁུངས་དང་བཀའ་ཤག་བརྒྱུད་ལས་བྱེད་འདེམས་ལྷན་དུ་གོང་ཞུ་བྱེད་དགོས། གོང་ཞུའི་སྙན་ཞུ་འབྲེལ་ཡོད་ལས་ཁུངས་དང་བཀའ་ཤག་གིས་བཀག་འགོག་མི་ཆོག
ཁ ལས་བྱེད་འདེམས་ལྷན་གྱི་ཐག་གཅོད་ལ་འདོད་བློ་མ་ཁེངས་ཚེ་ཁྲིམས་ཞིབ་ཁང་གང་འོས་སུ་ཁྲིམས་གཏུག་བྱེད་ཆོག ལས་བྱེད་པ་ཡིན་ན་ཁྲིམས་གཏུག་ཆོག་པའི་བཀའ་འཁྲོལ་འབྲེལ་ཡོད་ལས་ཁུངས་བརྒྱུད་བཀའ་ཤག་ནས་ཞུ་དགོས།
དེར་བརྟེན། ལས་བྱེད་བླང་དོར་སྒྲིག་གཞིའི་ཁྱབ་འོག་ཏུ་ཡོད་པའི་ལས་བྱེད་གཅིག་ལ་ལས་འགན་མཚམས་འཇོག་བྱེད་དུ་འཇུག་པའམ། ཉེས་འཛུགས་ཞིབ་འཇུག་གིས་གནས་ཕབ་བམ། གནས་དབྱུང་གི་ཐག་གཅོད་བཅད་ཁྲ་གཏོང་བ་བཅས་གང་ཞིག་བྱེད་དགོས་ཀྱང་། གོང་གསལ་སྒྲིག་གཞིའི་བརྒྱུད་རིམ་གཞིར་བཟུང་འགྲོ་དགོས་པ་ལས། བླང་དོར་བརྡ་སྟོན་གྱི་ཡི་གེ་གཉིས་བཏང་བ་དང་། དེའི་རྗེས་མཐའ་མའི་ཉེན་བརྡ་གཅིག་བཏང་སྟེ་གནས་དབྱུང་བཏང་བ་ཡིན་ན། བཀའ་ཤག་གི་ཐག་གཅོད་དེ་བླང་དོར་སྒྲིག་གཞི་དང་མཐུན་པ་ཞིག་ཆགས་ཀྱི་མི་འདུག
མདོར་ན། བཀའ་ཤག་གིས་ཨ་རིའི་དོན་གཅོད་ལས་འགན་མཚམས་འཇོག་གི་ཐག་གཅོད་དེ་བཅའ་ཁྲིམས་དོན་ཚན་ ༡ ནང་གསེས་ ༣ པ་གཞིར་བཟུང་ལག་བསྟར་གནང་བ་ཡིན་གསུངས་པ་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རང་ཆས་སུ་ཡོད་པའི་སྐུ་དབང་ལ་ལག་པ་འཆང་བ་ཞིག་ཡིན་པ་དང་།
བཅའ་ཁྲིམས་ནང་དོན་གཅོད་འཕོ་འགྱུར་གཏོང་རྒྱུའི་ཆ་རྐྱེན་དང་བརྒྱུད་རིམ་གཏན་ནས་མེད་བཞིན་དུ། བཅའ་ཁྲིམས་ཀྱི་དོན་ཚན་དང་ལག་བསྟར་བརྒྱུད་རིམ་དེ་དག་རང་གི་འོག་ནས་བྱས་ཡོད་པ་ཞིག་ཡིན་ཞེས་གསུངས་ཚེ། བཅའ་ཁྲིམས་རིན་པོ་ཆེར་ཚབས་ཆེའི་འགྲེལ་ལོག་བསྐྱོན་པ་ཞིག་ཡིན།
དོན་གཅོད་ལས་ཐོག་པ་དེ་བླང་དོར་སྒྲིག་གཞི་དང་འགལ་བའི་ཆ་ནས་ལས་འགན་ཕྱིར་བསྡུ་གནང་བ་ཡིན་གསུངས་ན། འགལ་བའི་ཆ་དེ་བླང་དོར་སྒྲིག་གཞིའི་བརྒྱུད་རིམ་གཞིར་བཟུང་ཕེབས་དགོས་པ་ལས། སྒྲིག་གཞི་དང་མ་མཐུན་པའི་སྒོ་ནས་ཐག་གཅོད་གནང་བ་དེ་བརྒྱུད་རིམ་ཁྲིམས་མཐུན་ཆགས་ཀྱི་མེད་པས། དཔལ་ལྡན་བཀའ་ཤག་ནས་འདིའི་ཐོག་དགོངས་པ་གཟབ་བཞེས་གནང་གལ་ཞུ། གེ་སེར་ཚང་ཡ་མ་བུ་འཁྲིད་ཀྱིས་ ༢༠༡༧ ཟླ་ ༡༡ ཚེས་ ༢༠ ཉིན།
་་་་་་་་་་ བཅའ་ཁྲིམས་དོན་ཚན་ ༡ པོའི་ནང་གསེས་ ༣ པར། བཀའ་ཤག་གིས་བསྐོ་འཛུགས་བྱས་པའི་སྐུ་ཚབ་དོན་གཅོད་དང་དམིགས་བསལ་སྐུ་ཚབ་རྣམས་ལ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་བསྩལ་རྒྱུ་ཞེས་གསལ་ཡོད། ་་་་་་་་
ད་བཀའ་ཤག་ནས་ཁྲིམས་མཐུན་གསལ་བཤད་ཕེབས་དགོས་།
ད་འཕོ་འགྱུར་གཏོང་དགོས་ཡ་དེ་སུ་ཡིན་མིན་བཤད་མི་ཤེས་གདའ། རྩོམ་ཡིག་འདིའི་འབྲི་རྩལ་དང་བང་རིམ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་ལས་བྱེད་བླང་དོར་སྒྲིག་གཞིའི་གོ་རྟོགས་ལ་གཞིགས་ན་ཕུལ་བྱུང་གི་མི་སྣ་ཞིག་རེད་གདའ་བསམ།
སྔ་མོ་བོད་ཀྱི་གཏམ་དཔེ་ལ་མདའ་དགྲ་ལ་འཕེན་ཀྱང་རང་ལ་ཟུག་གཏམ་མི་་ལ་བཤད་ཀྱང་རང་དོན་ཤོར་ཟེར་བ་དེ་མ་རེད་དམ་།
སྲིད་སྐྱོང་ལགས་འབུན་རམ་པ་ལགས། ད་མགོ་མ་ན་ཐག་པས་འདོམས་ཤེས་པའི་དཔེ་ལྟར་དྦྱིན་སྐད་འབུམ་རམ་ཆགས་པས་བོད་སྐད་བོད་ལུག་མ་ཤེས་ན།། བོད་འབངས་མགོ་་ལ་
ལ་ོགས་སྤྱོད་དབང་ཆས་སྒོ་གཉོགས་བཟོས།། སྲིད་སྐྱོང་ལགས་དེ་ལས་དྲག་ཙམ་གནང་ཡག་མི་གདུག་གམ།
་
བཅའ་ཁྲིམས་ནོར་བུ་མང་གཙོའི་བླ་སྲོག་ལ་།
ཁྲིམས་སྲུང་ངོ་ཚ་བཙན་བྱོལ་བོད་མིའི་འགན་།
བཅའ་ཁྲིམས་ནོར་བུ་མ་ནོར་ལམ་སྟོན་ལ་།
ཁྲིམས་འགལ་བྱེད་པོ་ཉེས་པའི་ཉེས་པར་འཛིན་།
ཟུར་ངོས་གཞན་ཞིག་ནས་གནད་དོན་ཞིག་སྟོན་ཐབས་བྱས་འདུག ཅུང་ཟད་མཐོང་རྒྱུ་ཡང་འདུག
རང་དབང་ཅན་གྱི་སྡེ་ཚན་སྐོར་མཁྱེན་རྟོགས་མེད་པ་འདྲ།
དངོས་ནས་ཡག་པོ་བྲིས་འདུག ཁྲིམས་སྒྲིག་ལ་གོ་རྟོགས་ཡོད་མཁན་ཞིག་ཡིན་འདུག་པ་མ་ཟད་གནས་དོན་གསལ་སྟོན་ཞུས་འདུག དེ་ལྟའི་བོད་མི་ཤེས་ལྡན་པ་ཚང་མས་ཕྱོགས་ལྷུང་བྲལ་ཏེ་དཔྱད་པ་གནང་ཚེ་བོད་མིའི་སྒྲིག་འཛུགས་དང་ཡང་སྒོས་རང་བཅག་རྣམས་ཀྱི་ཆེད་དུ་བསྒྲགས་པའི་མང་གཙོའི་འཕེལ་རིམ་ལ་དགེ་མཚན་དཔག་ཏུ་མེད་པ་ཡོང་ངེས་ཡིན། བསྐྱར་དུ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
བྱས་ན་ང་ཡང་བོད་ཀྱི་གཏམ་དཔེ་ཞིག་དྲན་བྱུང་། མི་ཆུར་གཡུག་པར་རང་ཉིད་ཆུ་ཡི་སྐེ་པ་ཟེར་བ་དེར་བཀའ་ཤག་ལྷན་རྒྱས་ནས་དོ་སྣང་ཁོ་ར་བྱས་མེད་པ་འདྲ། ཧོལ་རྒྱུག་གི་ཐག་གཅོད་ལ་འཇུག་འབྲས་ངོ་ལོག་རྒྱབ་ཡ་དེ་ཆོས་ཉིད་རེད་ཞིམ་པོ་མེད་ནའང་རང་གི་བཙོས་པའི་ཆང་དེ་རང་གི་མ་མཐུང་རང་མཐུང་རེད་དོ།
ཉེས་པའི་བུ་ལ་ཉེས་པ་མ་བཏང་ན་།
བྱེད་པོ་ཐམས་བཅས་ཉེས་པའི་རྒྱུ་རུ་འགྲོ་།
ཚོགས་ཟུར་དང་དོན་གཅོད་ལས་ཐོག གནས་དབྱུང་འཕོ་འགྱུར་ཁྱབ་བསྒྲགས་ཟིནད་པའི་རྗེས་ལཡང་།
་
https://www.facebook.com/tashi.d.tibet/posts/10209436046931247
བལ་པོ་ནེ་པལ་ལི་འགའ་ཤས་ལ་གོ་ནོར་ཐེབས་སའི་བཀའ་སློབ་འདི་ཡང་སྤེལ་དགོས་འདུག་གདའ།
https://www.facebook.com/Shaokii/videos/pcb.1447036258727082/1447028745394500/?type=3&theater