བོད་ཀྱི་དུས་བབ་ནས་བླངས།
༧གོང་ས་མཆོག་གི་མཛད་རྣམ་རིགས་གཅིག་རྐང་འཛིན་པ་ཨ་འབྲུག་དཀོན་མཆོག་ལགས་ཀྱིས་རྒྱ་གར་མཐོ་སློབ་ཁག་ཏུ་སློབ་གཉེར་གནང་བཞིན་པའི་བོད་རིགས་སློབ་མ་སྐོར་ཞིག་ལ། ༧གོང་ས་མཆོག་གི་ཆབ་སྲིད་དགོངས་པ་བཞེས་ཕྱོགས་དང་འབྲེལ་བོད་པའི་བདེན་མཐའ་གསལ་ཐབས་ལ་སྟོབས་ཤུགས་ཀྱི་འབྱུང་ཁུངས་བརྒྱད་ངོ་སྤྲོད་གནང་ཡོད།
སྐུ་སྒེར་ཡིག་ཚང་གི་མཐུན་འགྱུར་འོག ལོ་ལྟར་ས་རཱ་བོད་ཀྱི་མཐོ་རིམ་རིག་གནས་སློབ་གཉེར་ཁང་དུ། དབྱར་གནང་གི་གུང་གསེང་དང་བསྟུན་ཏེ། རྒྱ་གར་མཐོ་སློབ་ཁག་གི་བོད་རིགས་སློབ་མ་ལྔ་བཅུ་ཡས་མས་ལ་ཟླ་གཅིག་རིང་བོད་ཡིག་སློབ་ཁྲིད་བྱེད་ཀྱིན་ཡོད་པའི་གོ་སྐབས་དང་བསྟུན་ཏེ། ༧གོང་ས་མཆོག་གི་མཛད་རྣམ་རིགས་གཅིག་རྐང་འཛིན་པ་ཨ་འབྲུག་དཀོན་མཆོག་ལགས་ཀྱིས་མཐོ་རིམ་སློབ་མ་དེ་དག་ལ་༧གོང་ས་མཆོག་གི་ཆབ་སྲིད་ལྟ་གྲུབ་དང་འབྲེལ་བའི་སྐོར་ལ་དབྱེ་ཞིབ་དང་ཕྱོགས་བསྡུས་རང་བཞིན་གྱི་གསུང་བཤད་གནང་དོན། ང་རང་གིས་ཉེ་བའི་ལོ་འགའི་རིང་༧གོང་ས་མཆོག་གི་མཛད་རྣམ་ལ་ཉམས་ཞིབ་དང་སློབ་སྦྱོང་བྱས་པའི་གོ་རིམ་ཁྲོད། ཁོང་གིས་ཆབ་སྲིད་ཐད་དགོངས་པ་བཞེས་ཕྱོགས་ཀྱི་ལྟ་ཚུལ་མཐོང་སྣང་བྱུང་བ་ཁག་ཅིག་བཤད་རྒྱུ་ཡིན། ཐོག་མར་༧གོང་ས་མཆོག་གི་ཆབ་སྲིད་ཀྱི་ལྟ་གྲུབ་ཐད་གང་ནས་སློབ་སྦྱོང་བྱ་དགོས་ཟེར་ན། དང་པོ། ༧གོང་ས་མཆོག་རང་གིས་མཛད་པའི་༼ ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་། ༽ དང་། ༼ སྐྱབས་བཅོལ་ནང་གི་རང་དབང་། ༽ ༼ མ་འོངས་བོད་ཀྱི་ཆབ་སྲིད་ལན་སྟོན། ༽ དེ་བཞིན་རྩོ་ཁྲིམས་སྙིང་དོན་སོགས་ཀྱིས་མཚོན་པའི་མཛད་རྣམ་ཁག་རེད། འདི་དག་ལོ་རྒྱུས་གཅིག་པུ་མ་ཡིན་པར་ད་ལྟའི་དགོངས་པ་བཞེས་སྟངས་དང་མ་འོངས་པར་རེ་བ་རྒྱག་ཕྱོགས་བཅས་ཚུད་ཡོད། གཉིས་པ། གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་གྱིས་མཚོན་པའི་ཆབ་སྲིད་ཐོག་ཆེད་དུ་བཀའ་རྩོམ་གནང་བ་ཁག་རེད། གསུམ་དུས་གསུང་འཕྲིན་ནང་རིང་ས་ནས་བོད་ཀྱི་ལོ་རྒྱུས་ཐོག་གི་ཆབ་སྲིད་ཀྱི་འཕོ་འགྱུར་དང་། ཉེ་ས་ནས་ལོ་རེ་རེའི་བོད་པའི་གནད་དོན་གྱི་གནས་བབ། ཁོང་སྒེར་གྱི་དགོངས་པ་བཞེས་སྟངས་བཅས་ཕྱོགས་བསྡོམས་བྱས་ཡོད། གསུམ་པ། ཞི་བའི་གྲོས་འཆར་དོན་ཚན་ལྔ་དང་སི་ཊ་སི་སྦག་གི་གསུང་བཤད་སོགས་ཀྱིས་མཚོན་པའི་བོད་ཀྱི་གནད་དོན་སྙིང་བསྡུས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་རེ་སྐུལ་དང་གསལ་བཤད་གནང་བ་ཁག་རེད། ཅེས་གསུངས་བྱུང་།
ཨ་འབྲུག་དཀོན་མཆོག་ལགས་ཀྱིས་མུ་མཐུད་དེ། ༧གོང་ས་མཆོག་གིས་གནད་དོན་ཁག་ཅིག་ལ་ངོས་འཛིན་གནང་སྟངས་བརྗོད་དོན། ༧གོང་ས་མཆོག་གིས་མི་རིགས་ངོས་འཛིན་གནང་སྐབས། མི་རིགས་གཅིག་གལ་ཆེན་པོ་ཡིན་པ་དང་། མི་རིགས་གཞན་གལ་ཆུང་ཡིན་པའི་ལྟ་ཚུལ་མེད་པར་མི་རིགས་ཡོངས་རྫོགས་འདྲ་མཉམ་དང་། ལྷག་པར་དུ་མ་འོངས་པར་མི་རིགས་ཟེར་ནས་ལོགས་སུ་མེད་པར་གཅིག་གྱུར་ཞིག་ལ་འཚོལ་སྙེགས་བྱེད་ཀྱིན་ཡོད། དེ་བཞིན་༧གོང་ས་མཆོག་གིས་འདས་པའི་ལོ་རྒྱུས་ལ་ལྟ་སྟངས་ག་འདྲ་ཡོད་ཟེར་ན། ལོ་རྒྱུས་ནང་ལེགས་ཉེས་ཡག་བཙོག་གང་ཞིག་བྱུང་ཡོད་ཀྱང་། འདས་པའི་ལོ་རྒྱུས་ཀྱིས་ད་ལྟ་དང་མ་འོངས་པའི་ཚབ་བྱེད་མི་ཐུབ་ཅིང་། དཀའ་རྙོག་གང་ཞིག་ཡིན་རུང་ལོ་རྒྱུས་ལ་ཁུངས་གཏུགས་པ་ཡིན་ན། དཀའ་ངལ་ཆེ་རུ་འགྲོ་བ་ལས་དོན་དག་ཐག་གིས་གཅོད་མི་ཐུབ་པ་ཞིག་ལ་གཟིགས་ཀྱིན་ཡོད། ༧གོང་ས་མཆོག་གིས་ད་ལྟའི་དུས་ཚོད་དེ་ག་འདྲ་ཞིག་ལ་ངོས་འཛིན་གནང་གིན་ཡོད་ཟེར་ན། སྤྱི་ཚོགས་ཀྱི་འཕེལ་ཕྱོགས་ཀྱི་དབང་གིས་རྒྱལ་ཁབ་དང་མི་རིགས། ས་ཁོངས་དབྱེ་འབྱེད་ཀྱི་དུས་ཚོད་ཅིག་མིན་པར་ས་ཁོངས་དང་རྒྱལ་མཚམས་མེད་པར་འདུས་སྡོད་མཉམ་གནས་དང་། གཅིག་ལ་གཅིག་བརྟེན་གྱི་དུས་ཚོད་ཅིག་ལ་ངོས་འཛིན་གནང་གི་ཡོད། དེ་བཞིན་རྩོད་རྙོག་རིགས་ཀྱང་གློ་བུར་དུ་བྱུང་བ་དང་། རྒྱུ་རྐྱེན་གཅིག་ལས་བྱུང་བ་མིན་པར། དུས་ཡུན་རིང་པོ་དང་རྒྱུ་རྐྱེན་སྣ་ཚོགས་འདུས་པ་ལས་བྱུང་ཞིང་། རྩོད་རྙོག་དེ་དག་སེལ་རྒྱུར་ཡང་ཕྱོགས་ཚང་མར་གཟིགས་དགོས་པ་ཞིག་ལ་དགོངས་ཀྱིན་ཡོད། ཅེས་བརྗོད་བྱུང་།
ཨ་འབྲུག་ལགས་ཀྱིས་༧གོང་ས་མཆོག་གིས་བོད་དོན་བདེན་མཐའ་གསལ་རྒྱུར་སྟོབས་ཤུགས་བརྒྱད་གཟིགས་ཀྱིན་ཡོད་སྐོར་བརྗོད་དོན། དང་པོ། བོད་དོན་འཐབ་རྩོད་དེ་བདེན་པ་དང་དྲང་སྙོམ་ཡིན་པ། གཉིས་པ། འཐབ་རྩོད་བྱེད་སྟངས་དམངས་གཙོ་དང་འཚེ་བ་མེད་པ། གསུམ་པ། བོད་ནང་གི་གཞིས་བཞུགས་མི་མང་ཀྱི་སྙིང་སྟོབས་དང་ཆོད་སེམས། བཞི་བ། བཙན་བྱོལ་བོད་གཞུང་གཙོས་པའི་སྒྲིག་འཛུགས་ཁག ལྔ་བ། བོད་པའི་ཆོས་དང་རིག་གཞུང་གཙོས་པའི་ཡ་རབས་བཟང་སྤྱོད། དྲུག་པ། བོད་རྒྱལ་ཁབ་བསྐྱར་འཛུགས་ཆེད་བཙུགས་པའི་བཙན་བྱོལ་ནང་གི་སློབ་གྲྭ་ཁག བདུན་པ། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་རྣམས། འདི་ལ་འཕེལ་རིམ་ཁ་ཤས་ཡོད། ཐོག་མ་མཉམ་འབྲེལ་རྒྱལ་ཚོགས་དང་གཞུང་སྒེར་གྱི་ཚོགས་སྡེ་ཁག་ལ་རྒྱབ་སྐྱོར་བཙལ་བ་རེད། དེའི་རྗེས་རྒྱལ་ཁབ་ཁག་གི་སྲིད་འཛིན་དང་སྲིད་བློན། དབུས་དང་མངའ་སྡེ་རིམ་པའི་གྲོས་ཚོགས་ཁག་ལ་རྒྱབ་སྐྱོར་བཙལ་བ་རེད། ད་ལྟ་རྒྱ་རིགས་ཤེས་ཡོན་ཅན་དང་རྒྱ་རིགས་མང་ཚོགས་ནང་རྒྱབ་སྐྱོར་འཚོལ་བཞིན་ཡོད། བརྒྱད་པ། བོད་པ་ནང་ཁུལ་གྱི་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་བཅས་རེད། བོད་མི་མང་ཆེ་བས་༧གོང་ས་མཆོག་གི་ཐུགས་རྗེ་བྱིན་རླབས་ཤིག་ལ་བརྟེན་ཏེ། ནམ་ཞིག་བོད་པའི་བདེན་མཐའ་གསལ་ཐུབ་པར་ཡིད་ཆེས་བྱེད་ཀྱི་ཡོད། འོན་ཀྱང་༧གོང་ས་མཆོག་གིས་གང་ཞིག་ལ་ཡིད་ཆེས་བྱེད་ཀྱིན་ཡོད་ཟེར་ན། ངས་གོང་དུ་བཤད་པའི་སྟོབས་ཤུགས་དེ་བརྒྱད་ལ་ཡིད་ཆེས་བྱེད་ཀྱིན་ཡོད། ཅེས་ངོ་སྤྲོད་གནང་བྱུང་།
ཡང་ཁོང་གིས་༧གོང་ས་མཆོག་གིས་བོད་དོན་འཐབ་རྩོད་གནང་ཕྱོགས་སྐོར་བརྗོད་དོན། ༧གོང་ས་མཆོག་གིས་བོད་དོན་འཐབ་རྩོད་གནང་ཕྱོགས་ལ། དང་པོ་གཅིག་གྱུར་གྱི་ལྟ་བ་དེ་རེད། འགྲོ་བ་མི་ཡོངས་རྫོགས་གཞིར་རྩའི་ཆ་ནས་གཅིག་པ་ཡིན་པ། གཉིས་པ་གཉིས་ཕན་གྱི་ལྟ་བ་ཡིན། གནས་ཚུལ་གང་ཞིག་ཡིན་རུང་ཕྱོགས་གཅིག་གི་ཁེ་ཕན་ཁོ་ན་བརྩོན་ལེན་བྱ་རྒྱུ་མ་ཡིན་པར་ཆ་བགོས་བྱས་ཏེ་ཕྱོགས་གཉིས་ཀར་ཕན་ཐོགས་ཡོད་པའི་ལམ་ཁ་འཚོལ་རྒྱུ་དེ་རེད། གསུམ་པ་གྲོས་མོལ་གྱི་ལྟ་བ། དེ་ནི་གནས་ཚུལ་ཆེ་ཕྲ་གང་ཞིག་ཡིན་རུང་དྲག་སྤྱོད་དང་། བཙན་གནོན་འོག་ཐག་གཅོད་བྱ་རྒྱུ་མ་ཡིན་པར་ཕན་ཚུན་སྐད་ཆ་བཤད་དེ། གྲོས་མོལ་གྱི་ལམ་ནས་ཐག་གིས་གཅོད་རྒྱུ་དེ་རེད། བཞི་བ་མཉམ་གནས་ཀྱི་ལྟ་བ། རྒྱལ་ཁབ་དང་མི་རིགས། ལྷག་པར་དུ་རྒྱ་ནག་ལྟ་བུར་མཚོན་ནའང་ཁེར་རྐྱང་དང་ཕྱིར་འཕུད་གཏོང་རྒྱུའི་བསལ་པ་མི་འཛིན་པར་མཉམ་སྤྱོད་མཉམ་གནས་ཀྱི་ཕྱོགས་ལ་འབད་རྒྱུ་དེ་རེད། ཅེས་བརྗོད་བྱུང་།
མཇུག་མཐར་ཨ་འབྲུག་ལགས་ཀྱིས་གོང་ས་མཆོག་གི་བོད་དོན་འཐབ་རྩོད་ཀྱི་དམིགས་ཡུལ་སྐོར་བརྗོད་དོན། བོད་པའི་སྤྱི་ཚོགས་ནང་། བོད་པའི་ཆོས་དང་རིག་གཞུང་མ་ཉམས་ན་བོད་མི་རིགས་བརླག་ཀྱང་སྐྱོན་མེད་ཟེར་བ་ཞིག་དང་། ཡང་བོད་མི་རིགས་མ་བརླག་ན་ཆོས་དང་རིག་གཞུང་ཉམས་ཀྱང་སྐྱོན་མེད་ཟེར་བ་སོགས་བཤད་ཀྱིན་ཡོད་ཀྱང་། ང་རང་གིས་བལྟས་ན། བོད་པའི་རིག་གཞུང་གནས་པ་ཡིན་ན་མི་རིགས་བརླག་ཀྱང་སྐྱོན་མེད་ཟེར་བ་དེ་༧གོང་ས་མཆོག་གི་ཆབ་སྲིད་ཀྱི་དགོངས་པ་མ་རེད་ལ། བོད་པའི་མི་རིགས་གནས་པ་ཡིན་ན་ཆོས་དང་རིག་གཞུང་བརླག་ཀྱང་སྐྱོན་མེད་ཟེར་བ་དེ་ཡང་ཁོང་གི་དགོངས་པ་དང་མཐུན་མིན་མི་ཤེས། ༧གོང་ས་མཆོག་གི་བོད་པའི་ཆབ་སྲིད་འཐབ་རྩོད་ཀྱི་དམིགས་ཡུལ་གཅིག་དེ་མི་རིགས་སྲུང་སྐྱོབ་བྱ་རྒྱུ་དེ་རེད། འདིའི་སྐབས་ཀྱི་མི་རིགས་དེ་ཡང་ཤེས་ཡོན་ལམ་སྟོན་ནང་གསུངས་པ་ལྟར། བོད་ཀྱི་ཤེས་ཡོན་གྱིས་ཁྱབ་པའི་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་བསྐྱར་གསོ་བྱ་རྒྱུ་དེ་རེད། འདིའི་ཁྱབ་ཁོངས་ཆུང་ཆུང་མ་རེད། སྔོན་མའི་དགའ་ལྡན་ཕོ་བྲང་གི་ཁྱབ་ཁོངས་ལས་རྒྱ་ཆེ་བ་ཞིག་དང་། བོད་ཡུལ་ཆོལ་ཁ་གསུམ་ལས་ཀྱང་ཁོད་ཡངས་པ་ཞིག་ལ་དགོངས་ཀྱིན་ཡོད། མི་རིགས་དེ་འཚོ་སྡོད་བྱེད་སའི་ཁོར་ཡུག་ནང་ཞི་བདེ་དང་འཚེ་བ་མེད་པ། དམངས་གཙོ་དང་རང་དབང་། འདྲ་མཉམ་དང་དྲང་བདེན་སོགས་ཀྱི་ལམ་ལུགས་རྒྱུན་འཛིན་དང་ཁྱབ་སྤེལ་གཏོང་རྒྱུ་དེ་རེད། ཅེས་བརྗོད་བྱུང་ལ། དེའི་རྗེས་སློབ་མ་ཚོ་དང་དྲི་བ་དྲིས་ལན་ཡང་གནང་བྱུང་།
གསར་འགོད་པ་དོན་འགྲུབ་བཀྲ་ཤིས།
ཨ་འབྲུག་ལགས་ཀྱིས་༧གོང་ས་ མཆོག་གིས་བོད་དོན་བདེན་མཐའ་གསལ་རྒྱུར་སྟོབས་ཤུགས་བརྒྱད་གཟིགས་པ།
དང་པོ། བོད་དོན་འཐབ་རྩོད་དེ་བདེན་པ་དང་དྲང་སྙོམ་ཡིན་པ།
གཉིས་པ། འཐབ་རྩོད་བྱེད་སྟངས་དམངས་གཙོ་དང་འཚེ་བ་མེད་པ།
གསུམ་པ། བོད་ནང་གི་གཞིས་བཞུགས་མི་མང་ཀྱི་སྙིང་སྟོབས་དང་ཆོད་སེམས།
བཞི་བ། བཙན་བྱོལ་བོད་གཞུང་གཙོས་པའི་སྒྲིག་འཛུགས་ཁག
ལྔ་བ། བོད་པའི་ཆོས་དང་རིག་གཞུང་གཙོས་པའི་ཡ་རབས་བཟང་སྤྱོད།
དྲུག་པ། བོད་རྒྱལ་ཁབ་བསྐྱར་འཛུགས་ཆེད་བཙུགས་པའི་བཙན་བྱོལ་ནང་གི་སློབ་གྲྭ་ཁག
བདུན་པ། བོད་དོན་རྒྱབ་སྐྱོར་བཙལ་བ་དང་། ད་ལྟ་རྒྱ་རིགས་ཤེས་ཡོན་ཅན་དང་རྒྱབ་སྐྱོར་འཚོལ་བཞིན་པ་འདི།
བརྒྱད་པ། བོད་པ་ནང་ཁུལ་གྱི་མཐུན་ལམ་རྡོག་རྩ་གཅིག་སྒྲིལ།
ཡང་ཁོང་གིས་༧གོང་ས་མཆོག་ གིས་བོད་དོན་འཐབ་རྩོད་གནང་ཕྱོགས་སྐོར་བརྗོད་དོན།
དང་པོ། གཅིག་གྱུར་གྱི་ལྟ་བ་དེ་རེད།
འགྲོ་བ་མི་ཡོངས་རྫོགས་གཞིར་རྩའི་ཆ་ནས་གཅིག་པ་ཡིན་པ།
གཉིས་པ། གཉིས་ཕན་གྱི་ལྟ་བ་ཡིན།
གནས་ཚུལ་གང་ཞིག་ཡིན་རུང་ཕྱོགས་གཅིག་གི་ཁེ་ཕན་ཁོ་ན་བརྩོན་ལེན་བྱ་རྒྱུ་མ་ཡིན་ པར་ཆ་བགོས་བྱས་ཏེ་ཕྱོགས་གཉིས་ཀར་ཕན་ཐོགས་ཡོད་པའི་ལམ་ཁ་འཚོལ་རྒྱུ་དེ་རེད།
གསུམ་པ། གྲོས་མོལ་གྱི་ལྟ་བ།
དེ་ནི་གནས་ཚུལ་ཆེ་ཕྲ་གང་ཞིག་ཡིན་རུང་དྲག་སྤྱོད་དང་། བཙན་གནོན་འོག་ཐག་གཅོད་བྱ་རྒྱུ་མ་ཡིན་པར་ཕན་ཚུན་སྐད་ཆ་བཤད་དེ། གྲོས་མོལ་གྱི་ལམ་ནས་ཐག་གིས་གཅོད་རྒྱུ་དེ་རེད།
བཞི་བ། མཉམ་གནས་ཀྱི་ལྟ་བ།
རྒྱལ་ཁབ་དང་མི་རིགས། ལྷག་པར་དུ་རྒྱ་ནག་ལྟ་བུར་མཚོན་ནའང་ཁེར་རྐྱང་དང་ཕྱིར་འཕུད་གཏོང་རྒྱུའི་བསལ་ པ་མི་འཛིན་པར་མཉམ་སྤྱོད་མཉམ་གནས་ཀྱི་ཕྱོགས་ལ་འབད་རྒྱུ་དེ་རེད། ཅེས་བརྗོད་བྱུང་།
བོད་དོན་འཐབ་རྩོད་གནང་ཕྱོགས་ཀྱི་ལྟ་བ་བཞི་ནི།
དང་པོ། གཅིག་གྱུར་གྱི་ལྟ་བ་དེ་རེད།
གཉིས་པ། གཉིས་ཕན་གྱི་ལྟ་བ་ཡིན།
གསུམ་པ། གྲོས་མོལ་གྱི་ལྟ་བ།
བཞི་བ། མཉམ་གནས་ཀྱི་ལྟ་བ།
ཨ་འབྲུག་དཀོན་མཆོག་ལགས་ནས།
ཡག་པོ་གསུངས་འདུག་དགའ་བསུ་ཡོད། ལྷག་པར་དུ་༸གོང་ས་མཆོག་གི་ཐུགས་དགོངས་བཞིན་
རིག་གཅིག་རྐང་འཛིན་གི་ལམ་ལ་བསྙེག་པ་ལ་རྗེས་སུ་ཡི་རིང་ཡོད།
ཁོང་གིས་བྲིས་བའི་༸གོང་ས་མཆོག་གི་དགོངས་གཞི་དེ་དག་ལས་གཙོ་པོ་གཅིག་བོད་མི་ནང་ཁུལ་
ལྡོག་རྩ་གཅིག་སྒྲིལ་ཡོང་རྒྱུ་དེ་རེད། དེ་ནི་ཤེས་ཡོན་དང་མཇོན་ཐང་ཡོད་མེད་ལ་མ་ལྟོས་བར་
ང་ཚོ་བོད་མི་རྩམ་ཟན་ཡོད་དོ་ཅོག་གི་མི་རེ་ངོ་རེས་དུས་ཀུན་ཁ་ཁོག་གཉིས་མེད་ཀྱིས་འབད་བརྩོན་བྱས་ན་
འགྲུབཐུབ་པ་ཞིག་ཡིན་ལ་དེ་ནི་༸རྒྱལ་བའི་ཐུགས་ཀྱིས་བཞེད་དོན་ཡང་ཡིན་པས་འབད་པ་བྱེད་རོགས།
ངའི་བསམ་ན།དེ་ལྟར་བོད་མི་གཅིག་སྒྲིལ་མི་འོང་པས་གནད་འགག་རྒྱུ་རྐྱེན་མང་ཡང་མདོར་བསྡུས་ན་
རྡ་སའི་མི་གསུམ་ལ་ཐུག་ཡོད་འདུག་སྙམ་པས་བོད་མི་ཡོད་དོ་ཅོག་གིས་རང་རང་གི་རྣམ་དཔྱོད་ཀྱིས་
གཟི་བོར་དཔྱད་ནས་མི་དེ་དག་གིས་དྲི་མས་མ་གོས་བ་བྱ་དགོས་སོ། མདོར་ན། བོད་མི་ཞིག་ཡིན་ནས་བཟུང་ནང་འཁྲིག་གི་རྒྱུ་རྐྱེན་འདིས་ཆེད་རིང་གི་བླ་མ་དང་ཕ་མ་ཚུན་ཆད་ལ་རྟགས་ཤིང་དཔྱད་ནས་
དོག་ཟོན་བྱེད་པའི་དུས་ལ་སླེབ་འདུག་གོ།
ནོར་བཅོས། བརྟགས་ཤིང།
མཁྱེན་དཔྱོད་ཡངས་པའི་བཀུར་འོས་ཨ་འབྲུག་ལགས་ཀྱིས་གནད་ལ་འཁེལ་ཞིང་དོན་ལ་གནས་པའི་ངོས་འཛིན་དང་ཐབས་ལམ་བཏོན་པ་འདུག་པར་ཡི་རངས་དང་ཐུགས་རྗེ་ཆེ་ཞུ་བ་ལགས།
དངོས་གནས་ཁོང་གི་གསུང་བཤད་ཀྱིས་བློ་སྐྱེད་རག་སོང་ལ་དོན་སྙིང་དེ་བས་ཀྱང་ཆེ་བ་འདུག ལྷག་པར་དུ་འདི་ལྟ་བུའི་དཔྱད་ཞིབ་དང་གྲུབ་འབྲས་ཀྱིས། བོད་མི་སྤྱི་ཡོངས་ལ་ཕྱོགས་སྟོན་དང་གསལ་འདེབས་ཐེབས་ངེས་ཡིན་པ་བཤད་མི་དགོས་པ་ཞིག་ཡིན་ལགས་ན། ང་ཚོའི་ངོས་ནས་ཀྱང་ཁོང་དང་ཁོང་ལྟ་བུ་གང་ན་སུ་བཞུགས་པ་ཚང་མར་མཐུན་རྐྱེན་དང་ཁོར་ཡུག གདེང་འཇོག་དང་ཡི་རངས་བྱ་དགོས་པ་དུས་བབ་ཅིག་རེད། དེ་འདྲ་ཡིན་དུས། སྐྱེད་སྲིང་བྱ་ཐབས་ནོར་མི་ཉན་པ་ཆེས་ཤིན་ཏུ་ནས་ཀྱང་གནད་འགག་ཆེན་པོ་ཞིག་ཏུ་མཐོང་། གང་ལྟར། ང་ཚོ་བོད་མི་རིགས་ལ་རིགས་གཅིག་རྐྱང་འཛིན་པ་ཆེས་ཉུང་ངུ་ཡིན་སྟབས། གང་ཞིག་ཡོད་པ་དེ་གཅེས་སྲུང་དང་མེད་པ་ཡོད་པར་ཅན་དུ་བསྒྱུར་དགོས་པ་ང་ཚོའི་རིགས་ཀྱི་ནུས་པ་དང་དམིགས་འབེེན་འགྲུབ་བྱེད་ཀྱི་མཐུན་རྐྱེན་གཙོ་བོ་ཞིག་ཏུ་འཁུམས་སོ།།
བདེན་ལུང་པ་གཉིས་ལ་ཕུ་ཐག་རིང་། །རྫུན་ཨ་བྲ་གཉིས་ལ་རྔ་མ་ཐུང་། ། ཟེར་བའི་གནའ་བོའི་གཏམ་དཔེ་སྟེ་འཇིག་རྟེན་ཆོས་ཉིད་ཀྱི་སྡོམ་ཚིག་འདིར་ཡིད་ཆེས་ཡོད་མོད་ཀྱང་། གལ་སྲིད་ཡ་ཐོད་ཀྱི་མིག་ཁོ་ན་ལ་བདེན་ཁ་བྱིན་པ་ཡིན་ན། བློ་བཟང་སེང་གེའི་ཁ་ཡི་ནུས་པ་བཅུ་ཡི་ཐོག ཨ་འབྲུག་གི་ཁ་ཡི་སྟོབས་ཤུགས་བརྒྱད་བཞག་སྟེ་ནུས་སྟོབས་བཅོ་བརྒྱད་ཆགས་པ་ཡིན་ནའང་། གཅིག་གཅོད་ཀྱི་མཛུབ་མོ་འགུལ་ཐེངས་གཅིག་གིས་ཡར་ལངས་རྒྱུ་མེད་པ་བཟོ་གི་འདུག་པ་འདིའང་བདེན་པ་མ་རེད་ཟེར་ཐུབ་པ་མི་འདུག